2011/04/18

ཆོས་༨

རི་མགོ་མཐོན་པའི་ཡང་སྟེང་ནས། །
ལྷ་བསང་གཏོང་བའི་ནང་ཆོས་དེར། །
རིགས་པས་བརྡར་ཤ་ཇི་ལྟར་གཅོད། །
ཨ་མཆོད་འབོད་པའི་ཞོགས་པ་ལ། །
ཤབ་གཟན་བཤའ་བའི་སྔོན་འགྲོ་དེར། །
རིགས་པས་བརྡར་ཤ་ཇི་ལྟར་གཅོད། །
བདག་མོ་མཛེས་མའི་བཞིན་རས་ལ། །
མཆོད་གནས་སྤྱན་ཟུང་ལྷུང་བ་དེར། །
རིགས་པས་བརྡར་ཤ་ཇི་ལྟར་གཅོད། །
བླ་མའི་ལུང་དུ་སྦྱིན་བདག་མ། །
མཁའ་འགྲོའི་མཚན་དང་ལྡན་རབས་ཟེར། །
བདག་པོའི་ལག་ནས་འཕྲོག་པ་འདིར། །
རིགས་པས་བརྡར་ཤ་ཇི་ལྟར་གཅོད། །
བླ་མའི་ལུང་ལས་ཁྱིམ་ཚང་འདིར། །
མགྱོགས་མྱུར་གོད་ཆག་འོང་ངེས་པས། །
རྒྱུ་ནོར་འགངས་ཆེན་གཏོང་དགོས་ཞེས། །
གཡོ་ཐབས་འཚོ་བའི་ལམ་ལུགས་འདིར། །
རིགས་པས་བརྡར་ཤ་ཇི་ལྟར་གཅོད། །
དགོན་ཆེན་ཁྲ་མོའི་གྲྭ་རྒོད་དག །
མཇེ་རྒོད་སྲུང་བའི་ཐབས་ལམ་ལ། །
ཨན་ཆུང་བརླ་ཤ་དཀྲུག་སྲོལ་འདིར། །
རིགས་པས་བརྡར་ཤ་ཇི་ལྟར་གཅོད། །
ཨ་ནེ་མཛེས་མའི་མངལ་ཁྱིམ་དུ།།
ལན་ཆགས་འཁོར་བའི་གསང་བ་དེར། །
རིགས་པའི་བརྡར་ཤ་ཇི་ལྟར་གཅོད། །
མི་ཚེ་ཧྲིལ་པོར་ཆོས་ལ་བརྩོན། །
ཆོས་བརྒྱད་ང་རྒྱལ་འཕེལ་བ་འདིར། །
རིགས་པས་བརྡར་ཤ་ཇི་ལྟར་གཅོད། །
མདོར་ན་ཆོས་ནས་བཤད་ཚད་དག །
ཆོས་པས་ལག་ཏུ་མ་ལོན་དུས། །
རིགས་པས་བརྡར་ཤ་ཇི་ལྟར་གཅོད། །