2017/07/10

རྫི་རོགས་ཆུང་ཆུང་།


ཉི་ཟེར་སྔས་མགོ་ལ་འཁྱིལ་ཡང་། །
གཉིད་ཀྱི་མུན་ནག་དེ་སེལ་མེད། །
ཆུ་འཁྱགས་རུང་ཁོང་ན་འཛུལ་དུས། །
རྨི་ལམ་རབ་རིབ་དེ་ཡལ་འགྲོ། །

ཞོགས་པ་ཁ་ལོ་ལ་འགྲོ་དུས། །
གནམ་རྒྱའི་ཉི་འོད་ཀྱི་ངོགས་སུ། །
འབྲི་མོའི་ཁ་རླངས་དང་སྣ་རླངས། །
རི་མེ་མཆེད་མཆེད་ཟིག་ཡིན་ར། །


ཉི་འོད་ས་འཁྱགས་ལ་སིམ་དུས། །
འབྲི་མོ་ལྡད་འགྱིང་ལ་ལོག་འདུག །
རྡོ་ལེབ་བཞི་གྲུ་ཡི་སྟེང་ན། །
རྡེའུ་དཀར་ནག་གཉིས་འཁྲུགས་ར། །

ཐབ་རྡོ་སུམ་བཙུགས་ཀྱི་རྩ་ན། །
མོ་མོ་ལག་མགོ་ཙམ་བཟོ་དུས། །
དུས་བ་མི་ཀོང་ན་འཁྱིལ་ནས། །
མིག་ཆུ་དགོད་སྒྲ་ནས་བཞུར་ར། །

གྲང་རླུང་འུར་འུར་གྱིས་དེད་ནས། །
གད་པའི་སྐྱབས་འོག་ན་གཞའ་དུས། །
འཁྱགས་ནས་འགུལ་རྒྱུ་ཟིག་མེད་ཀྱང་། །
སྤྲོ་བའི་འཛུམས་མདངས་རེ་ཡོད་ར། །

ཆབ་རྡེལ་འཛིན་སྤྱད་ཀྱི་སྐམ་པ། །
སག་རིས་ཤིག་ཤིག་གི་ལག་ཆུང་། །
རྡེས་མཛོ་མོ་རུ་འཇོ་བ། །
ཉ་མོ་ལྡེམ་ལྡེམ་ཞིག་ཡིན་ར། །

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག