2017/02/08

གངས་རི་ཏི་སེ།


⸺ཁྱུ་རིག་འཛིན།
ཁྲུང་ཁྲུང་དཀར་མོའི་སྒྲོ་གུར་གྱི། །
སྤྲིན་པའི་བླ་བྲེ་བྲེས་པའི་འོག །
ཏི་སེ་གངས་དཀར་སྙིང་འདྲ་མ། །
ཁྱོད་རང་མཇལ་བ་ཅི་འདྲའི་མང་། །

ས་མཐའི་ཨ་སྐྱོ་[1]དད་པ་ཅན། །
ས་ལམ་ལེ་བར་ཁྲི་འབུམ་ནས། །
ས་འབུ་རྐང་མེད་ཇི་བཞིན་དུ། །
ས་རུ་ནུད་དེ་འོང་གིན་གདའ། །

སྒྱིད་པ་འདར་བའི་རྒན་ཁོག་ཀྱང་། །
འཁར་བ་བཟུང་ནས་འོང་གིན་གདའ། །
མདང་སྐྱེས་མ་འབྱར་བྱིས་པ་ཡང་། །
ཕ་མས་ཁུར་ཏེ་འོང་གིན་གདའ། །

ལས་ཁུང་ནང་གི་རྒྱུན་ལས་ཀྱང་། །
དགོངས་པ་ཞུས་ནས་ཡོང་གིན་གདའ། །
ཁ་སང་བསུས་པའི་བག་གསར་ཡང་། །
ཁྱོ་བོ་བཞག་ནས་འོང་གིན་གདའ། །

འབྲོག་རའི་ནང་གི་ཕྱུག་རྫི་ཡང་། །
ནོར་ལུག་གཡུགས་ནས་འོང་གིན་གདའ། །
ཞིང་རའི་ནང་གི་ཞིང་པ་ཡང་། །
སོ་ནམ་བཞག་སྟེ་འོང་གིན་གདའ། །

སློབ་གྲྭའི་ནང་གི་སློབ་མ་ཡང་། །
སློབ་སྦྱོང་བཞག་སྟེ་འོང་གིན་གདའ། །
རི་ཁྲོད་ཕུག་གི་སྒོམ་ཆེན་ཡང་། །
ཉམས་ལེན་བཞག་ནས་འོང་གིན་གདའ། །

ཕྱུག་པོ་ཁེ་ལས་བདག་པོ་ཡང་། །
ལས་ཀ་བཞག་ནས་འོང་གིན་གདའ། །
སྤྲང་པོ་སློང་མོས་འཚོ་བ་ཡང་། །
ཕོར་པ་ཟད་ནས་འོང་གིན་གདའ། །

རྒྱ་རིགས་བློ་མཐུན་དེ་ཚོ་ཡང་། །
འཁྱཌ་རེངས་ཤོར་བཞིན་འོང་གིན་གདའ། །
མགོ་སེར་སྤྲེའུ་དེ་ཚོ་ཡང་། །
པར་ཆས་བཟུང་ནས་འོང་གིན་གདའ། །

མདོར་ན་རྒྱ་བལ་ཨ་རབ་སོགས། །
མགོ་སེར་མགོ་ནག་མི་ནག་བཅས། །
ས་སྟེང་མི་རིགས་ཕལ་མོ་ཆེ། །
འདི་རུ་མ་འོང་སུ་གཅིག་མེད། །

འོང་བའི་འོང་དོན་ཅི་ཞིག་རེད། །
ཁག་གཅིག་ཆོས་ཀྱི་ཆེད་དུ་རེད། །
འགའ་རེ་ནོར་གྱི་ཆེད་དུ་རེད། །
འགའ་རེ་ཡུལ་སྐོར་སྤྲོ་འཁྱམ་རེད། །

རྒྱ་གར་བལ་པོའི་ཡུལ་ནས་ཀྱང་། །
ལྷ་ཆེན་དྲན་བཞིན་འོང་གིན་ཡོད། །
བླ་མ་སྤྲུལ་སྐུ་དེ་ཚོ་དེ་ཡང་། །
འགྲོ་དོན་བསམས་ནས་འོང་གིན་ཡོད། །

རླངས་འཁོར་ཁ་ལོ་བ་དག་ཀྱང་།།
ཡོང་འབབ་བསམས་ཏེ་འོང་གིན་ཡོད། །
ཚོང་ལས་ཙག་ཙིག་གཉེར་མཁན་ཚོས། །
ཁེ་བཟང་བསམ་ནས་འོང་གིན་ཡོད། །

རྐུ་མ་ཕྱོགས་སྤང་དེ་དག་ཀྱང་། །
འཕྲོག་བཅོས་བྱེད་སར་འོང་གི་ཡོད། །
བུད་མེད་འཆལ་མོ་དེ་ཚོས་ཀྱང་། །
སྐོར་མོ་སླུ་སར་འོང་གིན་ཡོད། །

སྐད་ཆ་མ་གསང་བཤད་བཞག་ན། །
གང་ལྟར་འདི་ཚོའི་འོང་སྟངས་དེ། །
བསིལ་བ་ཚལ་ལ་གདོང་གཏད་པའི། །
རོ་ལངས་བཞིན་དུ་འོང་གིན་གདའ། །

གཡང་གཟར་ངོས་ནས་ལྷུང་བ་ཡི། །
རྦབ་རྡོ་བཞིན་དུ་འོང་གིན་གདའ། །
དར་རས་དམར་པོ་གཡུག་ས་ལ། །
གླང་རྒོད་བཞིན་དུ་འོང་བཞིན་གདའ། །

[1] མདོ་ཁམས་ཀྱི་གནས་སྐོར་བ།