2021/05/07

དྲིན་ཅན་གྱི་ཨ་མ་ལགས།

ཨོ་རྒྱན་རིག་འཛིན། 2021.5.7

ཨ་མ་ལགས། དེ་རིང་རབ་བྱུང་བཅུ་བདུན་པའི་ལྕགས་གླང་བོད་ཟླ་གསུམ་པའི་ཚེས་ཉེར་དྲུག་ (2021.5.7) སྟེ། ཁྱེད་འཇིག་རྟེན་འདི་དང་ཁ་བྲལ་ནས་མི་ལོ་གཅིག་ཏག་ཏག་སོང་བའི་ཉིན་མོ་རེད།
ཐོག་མར་དེ་རིང་འདི་ནས་ཨ་མ་ཁྱེད་དང་སྤུན་ཆུང་ཚོར་དགོངས་དག་ཞུ་དགོས། གང་ཡིན་ཟེར་ན་སྤུན་ཆུང་ཡོན་ཏན་ཉི་མས་སྔོན་མའི་ལོ་སྟོད་ནས་བཟུང་ཨ་མ་ཁྱེད་ཀྱི་ལོ་འཁོར་རྗེས་དྲན་དུ་དམིགས་ཏེ་«རླབས་ཆེན་གྱི་མ་ཡུམ་»ཞེས་པའི་དུས་དེབ་འདི་ཁོ་རང་ཉིད་ཀྱི་ཨ་མར་བཅངས་བའི་བརྩེ་བ་ཟབ་མོ་མཚོན་པའི་ཕྱིར་དང་། སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེད་བྱ་ཆེད་དཀའ་ཚེགས་ལ་མ་འཛེམས་པར་འགོ་འཆར་འགོད་ནས་མཇུག་པར་སྐྲུན་བར་གྱི་ལས་རིམ་ལེགས་འགྲུབ་བྱས། འོན་ཏེ་ཕྲན་རང་ངོས་ནས་རྗེས་དྲན་མཚོན་པའི་རྩོམ་ཡིག་ཤོ་ལོ་ཀ་གཅིག་ཀྱང་མ་བྲིས་པ་ནི་ངོ་གནོང་དགོས་པ་ཞིག་རེད། མ་ཟད་ཡོན་ཉིས་རྩོམ་བརྡ་འབོད་བསྐུལ་ཐེངས་མང་བཏང་ཡོད། དེར་བརྟེན་ངས་རྩོམ་ཡིག་འབྲི་མ་ཐུབ་པའི་རྒྱུ་མཚན་འབུམ་ཕྲག་བགྲངས་ཀྱང་དོན་དུ་ཁ་གཡར་ས་ཙམ་ཡིན་པས། ངས་ལས་ཀ་གཞན་དག་གིས་རྐྱེན་པས་ཁོམ་པ་མ་བྱུང་ཞེས་བཤད་རྩིས་མེད། དེ་ནི་ང་རང་ཉིད་ཀྱིས་ཨ་མར་བཅངས་བའི་བརྩེ་སེམས་ཀྱིས་ད་རུང་མ་འདངས་བ་རེད་ཅེས་བཤད་ན་ཏག་ཏག་རེད། དགོངས་དག་ཞུ།
ལར་ངེད་ཅག་མ་ཁོག་གཅིག་ནས་འགྲིམས་པའི་བུ་རྒྱུད་ཡིན་ཡང་བཟོ་གྲྭ་གཅིག་ནས་བསྐྲུན་པའི་དངོས་རྫས་མ་ཡིན་པས་ལས་ཀའི་འཇོན་ནུས་སོགས་མི་འདྲ་བ་ཡོད་སྲིད་ཀྱང་ཨ་མར་བཅངས་བའི་ལྷག་བསམ་དང་བརྩེ་སེམས་ལ་གཡོ་ལྷད་མེད་པར་ཡིད་ཆེས་ཡོད། ཨ་མ་ལགས། སྤུན་མཆེད་ཚོ།
དེ་རིང་འདིར་ང་ལ་བཤད་རྒྱུའི་སྐད་ཧ་ཅང་མང་མོད། ཐོག་མར་ངས་འདི་ནས། ཨ་མ་དྲིན་མོ་ཆེས་ངའི་སེམས་གཏིང་ལ་བཞག་པའི་ཕྱིར་དྲན་འགའ་ཞིག་སྤུན་ཆུང་ཚོར་བཤད།
གཅིག
ལོ་རབས་བརྒྱད་ཅུའི་སྨད་ཙམ་དེ་ཤེད་ཅིག་ལ། ང་ཚོའི་ཁྱིམ་ཚང་ལ་བཟའ་མི་མང་ཞིང་ངལ་རྩོལ་བ་ཉུང་བའི་དཀའ་ངལ་རབ་དང་རིམ་པ་འཕྲད་ཡོད་པ་ཕལ་ཆེར་སྤུན་མཆེད་རྒན་གྲས་ཚོས་དྲན་ངེས་རེད། སྐབས་དེར་ངས་ཕ་མ་གཉིས་ལ་ང་ཚོ་བུ་ཕྲུག་མང་དྲགས་པས་རེད་ཅེས་འཁང་ར་ལྟ་བུ་ཞིག་བཤད་མྱོང་། དེ་ལ་ཨ་མས་གཟབ་ནན་གྱིས་སྒོ་ནས“འོ་ན། ཁྱོད་ལ་གཅེས་པར་འོས་པའི་སྤུན་ཆུང་འདི་དག་མི་དགོས་སམ།” ཅེས་གསུངས། དེ་མ་ཉིད་དུ་ང་ནི་ཕྱོགས་གཅིག་ནས་ཨ་མའི་ལྷད་མེད་ཀྱི་བརྩེ་སེམས་ལ་ཧ་ལས་སོང་ལ། ཕྱོགས་གཅིག་ནས་རང་ཉིད་ཀྱི་བློ་ཁོག་དོག་པའི་བསལ་བློ་དེ་སྡིག་ཉེས་ཤིག་ཡིན་པར་ར་འཕྲོད་དེ་ཞེ་འགྱོད་དང་ངོ་ཚས་གདོང་སྨད་དེ་འདུག་དགོས་པ་བྱུང་སོང་།
སྐད་ཆ་འདིས་གསལ་བཤད་ཅི་ཞིག་བྱས་པ་ཡིན་ནམ། སྐད་ཆ་འདིས་ཨ་མས་ང་ཚོ་བུ་རྒྱུད་ཤི་གསོན་བཅུ་གསོས་ཤིང་རང་གི་མི་ཚེ་ཧྲིལ་པོ་ལེགས་སྐྱེས་སུ་ཕུལ་ཡང་ཞེ་འགྱོད་གཏན་ནས་ཤོར་མྱོང་མེད་པ་དེ་གསལ་བཤད་བྱས་པ་ཞིག་རེད། ངས་དེ་སྔོན་བཤད་མྱོང་། ལར་ཕ་མ་ཕལ་མོ་ཆེའི་མཐོང་སྣང་ལ། རང་རང་གི་ཕྲུག་ནི་འཇིག་རྟེན་སྟེང་གི་ཆེས་གཅེས་པར་འོས་པ། ཆེས་བླ་ན་མེད། ནོར་འཁྲུལ་ཇི་ལྟར་བྱས་ཀྱང་གནད་མ་ཤེས་བ་ཙམ་ལས་གཤིས་ཀ་ངོ་མ་ནི་དེ་ལྟ་བུ་ཞིག་མ་ཡིན་པར་ཡིད་ཆེས་བྱེད། འདི་ལ་ང་ཚོས་ཕ་མ་རྣམ་པ་གནས་ལུགས་མ་ཤེས་པའི་བླུན་པོ་ཞིག་ཏུ་བརྩི་མི་རུང་། རྒྱུ་མཚན་ནི་འདི་ལྷད་མེད་ཀྱི་བརྩེ་སེམས་དང་ལྷད་མེད་ཀྱི་ལྷག་བསམ་མངོན་སྟངས་ཤིག་རེད། ང་ཚོའི་ཨ་མ་ཡང་འདིའི་ཁོངས་སུ་གཏོགས་ལོས་ཡོད།

གཉིས།

གཅེན་པོ་བྱམས་པའི་སྐོར་ནས་བཤད། ཁོང་ནི་ང་ཚོའི་སྤུན་རྒན་ཤོས་དེ་རེད། (༡༩༦༩–༡༩༧༢) འོན་ཀྱང་ཡིད་ཕངས་པ་ཞིག་ལ་ཁོང་ཕལ་ཆེར་ལོ་ངོ་བཞི་་ཙམ་ལོན་སྐབས་འཇིག་རྟེན་འདི་དང་ཁ་གྱེས་པ་ཡིན་པས་ད་ཚོད་བཤད་ན་ཕལ་ཆེར་མི་ལོ་ལྔ་བཅུ་ཙམ་ཕྱིན་ཚར་བ་རེད། རེད་དེ་ཨ་མ་ལ་མཚོན་ན་བུ་གྲོངས་ནས་དགོང་ཞག་མ་རྫོགས་པ་ལྟ་བུའི་ཚོར་བ་ཞིག་རྒྱུད་ལྡན་ཡོད་པ་དེ་ཁྱེད་ཚོས་ཀྱང་ཤེས་ཐུབ་ངེས་རེད། ན་ནིང་ཞག་ཨ་མ་མ་འདས་སྔོན་ཙམ་ལའང་ང་ལ་ད་དུང་བུ་བྱམས་པའི་སྐོར་ལན་མང་བཤད་མྱོང་། ཨ་ཅང་ཅང་། ང་ཚོ་བྱིས་པའི་སྐབས་སུ་ཨ་མས་རྟག་པར་བུ་བྱམས་པའི་སྐོར་གླེང་། བུ་བྱམས་པ་ནི་གཤིས་འཇམ་པ། བྱུང་ལེགས་པ། སྐྱེ་མཆེད་མཛེས་པ། ཁ་ལ་ཉན་པོ། ཐ་ན་ངུ་དྲེད་(འགོག་མི་ཐུབ་པའི་ངུ་སྐད་དྲག་པོ།)ཀྱང་ལངས་མ་མྱོང་བའི་བུ་ཞིག་ཡིན་གསུངས།
ད་རུང་བཤད་རྒྱུ་གཞན་ཞིག་ལ་ཨ་མས་བུ་དྲན་རིམ་བཞིན་རྨི་ལམ་ནང་དུ་བུ་བྱམས་པ་ཡང་ཡང་རྨིས་མྱོང་། རྨི་ལམ་དེ་དག་ལས་གལ་ཆེན་ཞིག་ནི། སྤུན་མཆེད་ངག་དབང་རྡོ་རྗེ་ཨ་མའི་མངལ་དུ་སྦྲུམས་ཡོད་སྐབས་ཤིག་ལ། ཨ་མའི་རྨི་ལམ་དུ་ཟླ་འོད་ཧ་ཅང་དྭངས་ལ་གསལ་བ་ཞིག་གིས་ཁྱིམ་ཡོངས་སུ་ཁྱབ་པ་དང་། དེ་སྐབས་བུ་བྱམས་པ་རྩེ་དགོད་བྱེད་ཀྱིན་ཨ་མའི་འཁྲིས་སུ་སླེབས། དེ་རྗེས་ཁྱིམ་གྱི་བར་འགག་ནས་མར་ཐོན་པ་རྨིས་སོང་གསུངས། རྨི་ལམ་དེ་ལ་བརྟེན་ནས་ཨ་མས་ངག་དབང་རྡོ་རྗེ་ནི་བུ་བྱམས་པའི་སྐྱེ་བ་ཡིན་པའི་རེ་བ་ཤུགས་ཆེན་གནང་གི་ཡོད། གང་ལྟར་ངག་དབང་རྡོ་རྗེ་སྐྱེས་པའི་ལོ་ (༡༩༧༨) དེར་བུ་བྱམས་པ་གྲོངས་ནས་ལོ་དྲུག་ཏག་ཏག་འཁོར་ཡོད། ངག་དབང་བྱམས་པའི་སྐྱེ་བ་ཡིན་མིན་མངོན་ཤེས་ཅན་གྱིས་མཁྱེན་པ་ལས་ང་ཚོས་བཤད་ཚོད་མི་ཐིག་ཀྱང་། ཨ་མས་བུ་བྱམས་པ་གཏན་ནས་བརྗེད་དུ་མི་འཇུག་རྒྱུ་ཙམ་མ་ཟད་ཁ་འབྲལ་མི་དགོས་པའི་ཐབས་ལམ་ཡག་ཤོས་གཅིག་ཡོད་པ་དེ་འདི་རེད།
གང་ལྟར་གཙོ་བོ་དེ་བུ་གྲོངས་ནས་ལོ་དྲུག་སོང་ཡང་ཨ་མས་བུ་དྲན་པའི་སྐྱོ་གདུང་སང་མེད་ལ། ཐ་ན་བུ་མེད་ནས་ཧ་ལམ་མི་ལོ་ལྔ་བཅུ་ཙམ་ཕྱིན་ཡང་བུ་དྲན་པའི་སྐྱོ་གདུང་སངས་མེད། འདི་ལ་ཨ་མས་བུ་ལ་བཅངས་བའི་འགྱུར་མེད་རྣམ་དག་གི་བརྩེ་བ་ཟེར། ཆེས་རླབས་ཆེན་གྱི་ཨ་མའི་བརྩེ་བ་ཟེར། ང་ལ་ཡང་ཨ་མའི་ཤུགས་རྐྱེན་ཐེབས་པ་ལྟ་བུས་དྲན་ངོགས་ན་མེད་པའི་གཅེན་པོ་བྱམས་པ་ཡང་ཡང་དྲན་ཏེ་ངུ་ཡང་མྱོང་། ཐ་ན་ ༡༩༨༧ ལོར་ལྷ་སར་སོང་སྐབས་ཉེན་རྟོག་པའི་ཕོ་གཞོན་རྫིག་པོ་དེ་དག་མཐོང་ཚེ་ངའི་གཅེན་པོ་ཡོད་ན་འདི་ལྟ་བུ་ཞིག་ཡོད་ཨེ་ཡོང་བསམ་མྱོང་།
གང་ལྟར་ཨ་མས་ལོ་ངོ་བཞི་ཙམ་ལས་བྱམས་སྐྱོང་བྱེད་ལོང་མ་བྱུང་བའི་བུ་བྱམས་པ་ལ་བརྩེ་སེམས་གཏིང་ཟབ་འདི་ལྟ་བུ་ཞིག་ཡོད་ན། ངེད་ཅག་ལོ་ངོ་བཅོ་བརྒྱད་ནས་ལྔ་བཅུའི་རིང་སྐྱིད་སྡུག་གི་འཚོ་བ་ལྷན་དུ་རོལ་བའི་བག་ཆགས་ཟབ་མོ་ཡོད་པས་ཨ་མའི་བརྩེ་བ་ནི་དེ་བས་ཟབ་ཅིང་དེ་བས་རྒྱ་ཆེ་བ་ལོས་ཡོད།
ཨ་མས་རྒྱུན་དུ“དངོས་རྫས་ཡིན་ན། ངས་བུ་ཕྲུག་ཚོར་གསར་པ་རེ་རེ་སྟེར་དགོས་ན་མི་ཐུབ་ཀྱང་། ངས་བརྩེ་བ་ནི་ནམ་ཡང་འདྲ་འདྲ་བྱས་ཏེ་བགོ་ཐུབ།” ཅེས་ང་ལ་ལན་མང་གསུངས་མྱོང་ལ་ཁྱེད་ཅག་གིས་ཀྱང་ཐོས་ཡོད་ངེས།

གསུམ།

ད་ངས་ཕ་མའི་གམ་གྱི་བདེ་སྐྱིད་ཞིག་བཤད་འདོད་སོང་། ངས་ལོངས་སུ་སྤྱད་པའི་ཨ་མའི་བྱམས་སྐྱོང་ཡོད་ཚད་བཤད་ན། «མདོ་བརྒྱད་སྟོང་པ་»ལས་མང་ངེས་ཀྱང་། དེ་དག་ལས་ཆེས་བླ་ན་མེད་པའི་ཕ་མའི་བྱམས་སྐྱོང་ལས་ཐོབ་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་བཤད། བདེ་སྐྱིད་འཚོ་བ་དེ་ནི་ཡང་སྙིང་གང་ཞིག་རེད། ཕ་མས་ཁྱེད་ལ་འོག་ལ་རྟ་མཆོག་དང་། མགོ་ལ་ཝ་ཞྭ། ལུས་ལ་ཚར་རྩག སྐེ་ལ་གཟི་བྱུར། ཡང་ན་རླངས་འཁོར་དྲག་ཅན། མནའ་མ་མཛེས་ལྡན་སོགས་གནང་བ་ཡིན་ནམ་ཞེ་ན་དེ་དག་གཏན་ནས་མ་རེད། དངོས་གནས་གཏན་ནས་མ་རེད།
དེ་ལས་ལྡོག་སྟེ་ཨ་མས་ང་ལ་བྱིན་པའི་འོ་ཇ་ཕོར་གང་གི་སྐོར་བཤད་རྩིས་ཡོད། ང་ཚོ་དེ་སྐབས་ནེ་གུ་ཁ་ལ་ཡོད་ཅིང་དབྱར་སྨད་རྭ་འཇུ་མ་ནས་ནེ་གུ་ཝ་ལམ་ལ་རུ་སྤོས་པའི་ཉིན་ཞིག་རེད། སྔ་དྲོ་དངོས་རྫས་ཡོད་ཚད་གཡག་ལ་བཀལ་ཏེ་ནེ་གུ་ཝ་ལམ་ལ་མཚེར་ས་སྤོས་ཏེ་གཡབ་(རྒྱུ་ཆ་རེ་བ་ཡིན་ཡང་དབྱིབས་གུར་དང་འདྲ།)ཕུབས། དེ་ཚར་བ་དང་ངས་གཡག་དྲུག་བདུན་ཞིག་དེད་ནས་བུད་ཤིང་ལེན་དུ་ཐོ་རྒྱབ་ལ་སོང་། སྟབས་མ་ལེགས་པར་ང་ཇ་ལུང་སྒང་ལ་འབྱོར་སྐབས་གློ་བུར་དུ་དྲག་ཆར་བབས། ངའི་ལུས་ཡོངས་རྫོགས་ཆར་པས་བང་ཞིང་ཧ་ཅང་གྲང་སོང་། ང་ཐབས་ཟད་དེ་རྟ་ལས་བབས་ནས་རྐང་ཐང་ལ་སོང་། མཐར་ཐོ་རྒྱབ་ཀྱི་གླང་མ་བཅད་ཡོད་སར་སླེབས་པ་དང་ང་ཇི་ལྟར་འཁྱགས་ཤིང་འཁོབ་ཀྱང་ཁལ་མ་རྣམས་རྡང་ལ་བཏགས། དེ་ནས་ཁལ་མ་རྣམས་ལ་རིམ་བཞིན་གླང་མ་བཀལ་ཏེ་ཚུར་ཡོང་སྐབས་ཀྱང་ཆར་པ་མ་ཆད་པས་མཐར་ཆར་པ་གངས་ལ་གྱུར་སོང་། ང་མཚེར་གསར་ལ་ཚུར་སླེབས་དུས་ལུས་ཧ་ཅང་གྲང་ཆེ་ནས་སྦྲིད་ཆིལ་ཆིལ་ཞིག་ལས་ཚོར་བ་གཞན་མེད་པ་ལྟ་བུར་གྱུར་འདུག
ང་ཚོས་ཁལ་མའི་རྒྱབ་ནས་རྒྱབ་ཆ་དང་སྒ་སྟན་བླངས་ཚར་བ་དང་། ཨ་མས་མྱུར་བ་མྱུར་བར་ཁལ་སྟན་སྟེང་དུ་མལ་གོས་གྲ་སྒྲིག་བྱས་ཏེ། “ད་ཉོལ་ཐོང་། ཨ་མའི། འཁྱགས་སོང་ན་ན་གི་རེད།” གསུངས་ནས་ང་ཉལ་དུ་བཅུག་པ་དང་འོ་ཇ་ཚ་པོ་ཕོར་པ་གང་བླུགས་ཏེ་གནངས། ངས་འོ་ཇ་འཐུང་ཞོར་ཨ་མའི་ཞལ་གསུང་ལ་ཉན། ད་རུང་ཨ་མས་ང་ལ་སེམས་གཏིང་ནས་བསྟོད་བསྔགས་གནང་བ་ལ་ཉན། གང་ལྟར་སྐབས་དེར་བཏུང་བའི་འོ་ཇ་ནི་ཇ་ཞིམ་ཤོས་དང་། སྐབས་དེར་ཨ་མས་བཅས་པའི་མལ་ས་ནི་ཆེས་བདེ་ཤོས་ཀྱི་མལ་ས་དེ་ཡིན། དེ་དུས་ང་ལོ་ངོ་བཅོ་བརྒྱད་གཡས་གཡོན་ཞིག་ཡིན།
གང་ལྟར་ངའི་ངོས་ནས་བཤད་ན་འདི་ལ་བདེ་སྐྱིད་ཟེར། འདི་ལ་ཕ་མའི་གམ་གྱི་བདེ་སྐྱིད་ཟེར། རྒྱུད་ནོམ་པ་ཆེ་ཆུང་དང་འབྲེལ་བ་མེད། གལ་ཏེ་ངས་ཨ་མས་གནང་བའི་བྱམས་སྐྱོང་ལ་རྒྱུ་ནོམ་པའི་གོང་ཚད་བརྒྱབ་ཡོད་ན། ང་ལ་ཆེས་ཞིམ་ཤོས་ཀྱི་འོ་ཇ་ཕོར་པ་གང་དེ་གཏན་ནས་རག་མི་སྲིད།

ཨ་མ་ལགས། སྤུན་མཆེད་རྣམ་པ། ད་རུང་ང་ལ་བཤད་རྒྱུའི་སྐད་ཆ་ཧ་ཅང་མང་ཡང་དེ་རིང་དེ་ཙམ་ཞུ།
ཨ་མ་ལགས། ཁྱེད་བདེ་བར་ཕེགས་ཤིག དག་པའི་ཞིང་ཁམས་ག་ལ་བར་དེར།
ཨ་ལགས། ཁྱེད་བདེ་བར་བཞུགས་ཤིག ཆོས་དབྱིངས་ཀྱི་ཕོ་བྲང་དམ་པ་གང་དེར།
ཨ་མ་ལགས། ངེད་ཅག་འདི་ནས་གཅིག་ཕན་གཅིག་གྲོགས་བྱས་ཏེ་མི་ཚེ་མཐའ་འཁྱོལ་བྱ་ངེས་ཡིན།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག