2012/04/25

བཟའ་འཛིང་།

སྔོན་ཆད་ང་བོད་ལ་ཡོད་སྐབས། "མི་དྲག་ནད་པ་འཆི་ན་དགའ། མི་འདུག་མགྲོན་པོ་ཆས་ན་དགའ། མི་འགྲིག་བཟའ་ཚང་བྲལ་ན་དགའ།" ཟེར་བའི་གནའ་བོའི་ཕ་མྱེས་ཚོའི་བློ་ཐག་རྦད་ཆོད་ཀྱི་ལེགས་བཤད་འདིར་སེམས་གཏིང་ནས་ཡི་རང་བྱེད་ཅིང་། སྐྱེས་པ་སུ་ཞིག་གིས་གནད་འགག་ལ་ཐུག་དུས་བྱ་བ་འདི་ལྟར་སྒྲུབ་ཐུབ་སོང་ན་ཁོང་ནི་བླ་ན་མེད་པའི་ཕོ་རབ་གཅིག་ཏུ་བརྩིས་མྱོང་། སྐབས་དེར་ངའི་ཕ་ཡུལ་ན་གཉེན་སྒྲིག་ཐེངས་མ་གཉིས་གསུམ་རེ་བྱས་མཐར་ཁ་ཐུག་པའི་བཀྲ་ཤིས་བཟའ་འཚོ་གཉིས་ཀྱིས་འཚོ་བ་སྐྱེལ་སྟངས་ལ་ང་དང་ང་ཚོ་མང་པོ་ཞིག་གད་མོ་ཤོར་གྱི་ཡོད། གང་ཡིན་ཟེར་ན་ཁོང་གཉིས་པོ་སྔ་དགོང་དུས་དྲུག་ཀུན་ཏུ་འཁྲུག་འཛིང་ཆེ་མ་ཆུང་གསུམ་བྱེད་རྒྱུར་ལང་ཤོར་ཡོད། ཉིན་ཞིག་བཀྲ་ཤིས་ཨ་མས་བཀྲ་ཤིས་ཕ་ཉལ་བའི་རུམ་ལ་ཆུ་ཚན་འཕོས་པ་དང་། བཀྲ་ཤིས་ཨ་ཕས་ཆུང་མ་དབྱུག་པས་བརྡུངས་ཏེ་གཉིས་ཆ་ཉིན་ཤས་ཉལ་དགོས་པ་བཟོས་ཀྱང་ཁ་གཏན་ནས་འབྲལ་མི་ཐུབ། ང་ནི་ཁོང་གཉིས་པོ་བཟའ་འཛིང་ཤོར་བར་ཧང་སང་གི་མེད་ཀྱང་བཟའ་བྲལ་མི་ནུས་པ་དེར་ཞེ་ཁྲེལ་གི་ཡོད། འོན་ཀྱང་སྐབས་དེར་ཁོང་གཉིས་བར་གྱི་བུ་ཕྲུག་ཚོའི་འཚོ་བ་དང་མདུན་ལམ་སོགས་ལ་བསམ་གཞིག་དང་བཟའ་ཚང་བར་དུ་ཆེས་འབྲལ་མི་ཤེས་པའི་གཟུགས་མེད་འཆིང་ཐག་གིས་སྦྲེལ་ཡོད་པ་དེ་བས་ཚོར་མ་མྱོང་། མ་གཞི་རྩོད་འཛིང་བྱས་ཚད་འཁོན་འགྲས་མིན་ཏེ་ངོ་བོ་བརྩེ་ཞིང་རྣམ་པ་རྩོད་འཛིང་གི་ཟློས་གར་ (Love quarrel) ཡོད་པ་མིན་ནམ། 
དེང་སྐབས་གཞིས་ཆགས་ན་ཡོད་པའི་ངའི་ཉེ་འབྲེལ་ཞིག་དང་ཁོ་པའི་ཆུང་མ་གཉིས་བཟའ་འཛིང་བྱེད་རྒྱུར་སྐད་གྲགས་ཆགས་ཡོད། ཉེ་བའི་ཆར་ཁྱོ་བོས་ད་ནི་སེམས་ཐག་ཆོད་ཡོད་པས་བུ་ཕྲུག་ཚོ་ཁོས་གསོ་རྒྱུ་དང་ཆུང་མར་ཁ་འབྲལ་རྒྱུ་ཡིན་ཚུལ་བཤད་དུས་ང་ལ་བློ་བུར་དུ་ཕངས་སེམས་ཞིག་སྐྱེས་སོང་། གང་ཡིན་ཟེར་ན་གལ་ཏེ་ཁོས་བཤད་པ་དག་བདེན་ན་བུ་ཕྲུག་ཚོ་ལ་ཕ་མ་གཉིས་འཛོམས་ཀྱི་ཉི་མ་གཏན་ནས་གཏན་དུ་ནུབ་སོང་བ་མིན་ནམ། ད་རུང་ཁོ་གཉིས་པོས་མི་ཚེའི་བྱ་གཞག་གསར་པ་ཞིག་གཞི་ནས་འགོ་བརྩམ་དགོས་པ་མིན་ནམ། །