2022/07/08

སྲིད་བློན་ལྐོག་གསོད་ཀྱི་དོན་རྐྱེན།

འཇར་པན་གྱི་སྔོན་མའི་སྲིད་བློན་ཤིང་རྫོ་ཨ་བྷེ་ (Shinzo Abe) མཆོག་གཏམ་བཤད་གནང་སྐབས་ལྐོག་གསོད་བྱས་པ། 
bbc.comnews དེ་རིང་གི་བྷི་བྷི་སི་གནང་འགྱུར།
འཇར་པན་གྱི་སྔོན་མའི་སྲིན་བློན་ཤིན་རྫོ་ཨ་བྷེ་མཆོག་ནི་དེང་དུས་འཇར་པན་གྱི་ཆབ་སྲིད་ཁྲོད་ཤུགས་རྐྱེན་ཆེ་ཤོས་སུ་གྱུར་པའི་མི་སྣ་ཞིག་ཡིན། ཁོང་ཉིད་དེང་རིང་འདེམས་བསྐོའི་འགྲན་བསྡུར་གྱི་བྱེད་སྒོའི་ཐོག་མེ་མདའ་ཕོག་རྗེས་སྐུ་གཤེགས་ཡོད། དོན་རྐྱེན་འདིས་འཇར་པན་དང་རྒྱལ་སྤྱི་ཡོངས་རྫོགས་ཧ་ལས་བཅུག་ཅིང་རྒོལ་གཏམ་གཏོང་བཞིན་ཡོད།

wikipedia ཝི་ཀེ་རིག་མཛོད་དྲྭ་བ།
སྤྱི་ལོ་ 2022 ལོའི་ཟླ་བ་ 07 ཚེས་08 ཉིན་ན་ར་(Nara)གྲོང་ཁྱེར་དུ་འཇར་པན་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་རྫོ་ཨ་བྷེ་མཆོག་གིས་འོས་བསྡུའི་དྲིལ་སྒྲག་གི་གསུང་བཤད་གནང་བའི་རིང་ལྐོག་མདའ་ཐེབ་ཡོད་པ་དང་། སྐབས་དེར་ཁོང་ནས་འདེམས་བསྐོ་ལྷན་ཁང་གི་ཆེན་དུ་གཤམ་འོག་LDPཚོགས་པའི་ཚོགས་པའི་ཚོགས་མིཀེའི་ས་ཏཽ་ (Kei Satö) ལ་རྒྱབ་སྐྱོར་གསུང་བཤད་གནང་བཞིན་ཡོད་པ་རེད།
ལྐོག་གསོད་པས་ཁྱིམ་བཟོས་མེ་མདའ་ཐེངས་གཉིས་བརྒྱབ་པ་ལས། མདེའུ་དང་པོ་དེ་མ་ཐེབས་ཀྱང་གཉིས་པ་དེ་ཨ་བྷེ་ཁ་ཚུར་བསྐོར་བ་དང་ཁེལ་ཏེ་སྐེ་དང་བྲང་མཚམས་ལ་ཐེབས་ཤིང་སྙིང་ལ་ཤུགས་ཆེན་ཁེལ་ཡོད་པ་རེད། ལྐོག་གསོད་པ་དེ་ནི་རང་ལོ་ཞེ་གཅིག་ལ་སོན་པའི་ཏེ་ཙུ་ཡ་་ཡ་མ་ག་མི་ (Tetsuya Yamagami) ཟེར་ཞིང་དེ་སྔོན་འཇར་པན་མཚོ་དམག་རང་སྲུང་དཔུང་སྡེའི་(JMSDF)གྲུ་པའི་ཞབས་ཞུ་ལོ་གསུམ་རིང་(2002–2005) ཞུ་མྱོང་ཡོད་པ་རེད། ལྐོག་མདའ་འཕངས་ཚར་མ་ཐག་ཁོ་པ་ཡུལ་དངོས་རང་དུ་འཛིན་བཟུང་བྱས་པ་དང་ཅུང་མ་འགོར་རང་གནོང་ངོས་ལེན་བྱས་ཡོད་པ་རེད། ཁོ་པས་བཤད་ན། ཁོ་རང་ལྷོ་ཀོ་རི་ཡའི་སུན་མྱུང་མོན་(Sun Myung Moon 1920 – 2012) གྱིས་རྩ་འཛུགས་བྱས་པའི་ཡེ་ཤུ་དང་འབྲེལ་བའི་ཆོས་ལུགས་གསར་པར་གྲགས་པའི་ཚོགས་སྡེ་ཆེན་པོ་"གཅིག་གྱུར་མཆོད་ཁང་"ངམ་ཡུ་ནི་ཧྥི་ཁེ་ཤོན་ཅར་ཆུ་ (Unification Church) ལ་འཁོན་འཛིན་ཆེན་པོ་ཡོད་པ་དང་། སྐུ་ཞབས་ཨ་བྷེ་དང་ཆོས་ཚོགས་དེའི་དབར་འབྲེལ་བ་ཡོད་པར་ཡིད་ཆེས་ཡོད་པས་མེ་མདའ་བརྒྱབ་པ་ཡིན་ཞེས་དང་། དེ་འདྲའི་འཁོན་འཛིན་དགོས་པའི་རྒྱུ་མཚན་ངོ་མ་ནི་ཁོ་པའི་ཨ་མ་ལགས་ཆོས་ཚོགས་འདིས་ཀླད་པ་བཀྲུས་པའམ་ཆོགས་ལུགས་ཀྱི་སློབ་གསོ་འདྲ་མིན་བརྒྱབ་སྟེམ་རྩ་བརྡིབས་བཅུག་སོང་བས་ཡིན་པར་བཤད། ཡང་བསྐྱར་ཁོ་པས་སྐུ་ཞབས་ཨ་བྷེ་མཆོག་འཇར་པན་དུ་ཆོས་ལུགས་འདི་ཁྱབ་སྤེལ་གཏོང་མཁན་གྲས་ནས་གཅིག་ཡིན་པར་ཡིད་ཆེས་ཡོད་པས་ལྐོག་གསོད་བྱས་པ་ཡིན་པར་ཡང་བཤད། གཞན་ཆབ་སྲིད་ཀྱི་ཐོག་ནས་ཨ་བྷེ་ལ་མི་མཐུན་པའི་འཁོན་འཛིན་གང་ཡང་མེད་པར་བཤད། 
དོན་རྐྱེན་དེ་ལྷག་མ་ཐག་སྐུ་ཞབས་ཤིན་རྫོ་ཨ་བྷེ་མཆོག་ས་གནས་ཀ་ཤི་ཧ་རའི་ (Kashihara) ནང་གི་ན་ར་གསོ་རིག་མཐོ་སློབ་ཆེན་མོའི་སྨན་ཁང་དུ་མྱུར་སྟབས་ཀྱིས་བསྐྱལ་ཡང་སྨན་ཁང་དུ་མ་འབྱོར་སྔོན་ནས་ཁོང་སྐུ་གཤེགས་ཟིན། དེ་སྐབས་ཁྲག་ཁ་སྣོན་ཚན་པ་བརྒྱ་ཡོད་ཀྱང་མ་ཕན་པར་ཟུང་ཁྲག་ཤོར་ཚབས་ཆེ་དྲགས་ནས་བསྐྱབས་མ་ཐུབ་པར་དགུང་ལོ་རེ་བདུན་ཐོག་སྐུ་གཤེགས་ཡོད་པ་རེད། 
ཡིད་སྐྱོ་བའི་ལྐོག་གསོད་ཀྱི་དོན་རྐྱེན་འདི་འདྲ་བྱུང་བར་དེ་སྔོན་དང་ད་ལྟའི་འཛམ་གླིང་གི་དབུ་ཁྲིད་གང་མང་ཞིག་གིས་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཀྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་རེད། ལྐོག་གསོད་ཐེབ་ནས་ཉི་མ་གཅིག་གི་རྗེས་སུ་ཁོང་གི་སྐུ་ཕུང་རྒྱལ་ས་ཏོ་ཀྱོ་ (Tokyo) ལ་བསྐྱལ་ཞིང་སྤྱི་ཚེས་བཅུ་གཉིས་ (2022,07,12) ཉིན་ཕུང་པོ་དུར་འཇུག་བྱས་ཡོད། 

2022/06/14

ང་ཚོ་སོས་དལ་བག་ཕེབས་ཡིན་ནམ།

ང་ཚོ་སོས་དལ་བག་ཕེབས་ཡིན་ནམ།

སོས་དལ་བག་ཕེབས་ཀྱི་སྤྱི་ཚོགས་སམ་མི་རིགས་ཤིག་ལ་མཚོན་ན་སྣང་བ་སྤྲོ་ཐབས་ཀྱི་བྱ་བ་ (Hobby) མང་པོ་བྱེད་རྒྱུ་ཡོད་ལ་བྱེད་ཀྱང་དགོས། གང་ཡིན་ཟེར་ན་དེའང་འཚོ་བའི་ལོངས་སྤྱོད་ཀྱི་གྲུབ་ཆ་ཞིག་ཏུ་འཁུམ། དཔེར་ན་དེ་སང་བལ་ཡུལ་དུ་རྒན་གཞོན་བར་གསུམ་དང་། སྐྱ་སེར་དབྱེར་མེད་ནས་འུར་གྱིས་སྦར་བཞིན་པའི་གསར་འགྱུར་གྱི་མེ་ལྕེ་དྲག་པོ་དེའི་གནད་དོན་ངོ་མ་ནི་ཧ་ཅང་ཆུ་ཆུང་ཞིག་སྟེ། ལྟ་ལོང་དཔྱད་ལོང་མེད་པའི་བུ་མོ་ཞིག་དང་། ཉམས་ཆུང་ཞུམ་བུ་འདྲ་བའི་གྲྭ་ཆུང་ཞིག་གི་བར་ལག་པས་ཐུག་རེག་གི་གནས་ཚུལ་ལྷག་ཡོད་མེད་ཙམ་ཞིག་རེད། ཁོམ་པ་ཡོད་ན་དེ་འདྲ་བཤད་ཆོག་པ་རེད་ལ་ཁོང་རྣམ་པར་དེ་འདྲ་བཤད་དགོས་པའི་རྒྱུ་མཚན་བརྒྱ་སྟོང་ཁྲི་འབུམ་མང་པོ་འགོད་རྒྱུ་ཡོད་རྐྱང་རེད།
རེད་དེ། དུས་ཚོད་གཉན་འཕྲང་ལ་ཁེལ་ཏེ་འཆི་གསོན་གྱི་སོ་ཁ་ན་ཡོད་པའི་ད་ཞག་གི་ཡུ་ཁུ་རཱན་རན་(Ukraine)གྱི་རྒྱལ་ཁབ་ལྟ་བུ་ལ་མཆོན་ན། མི་སྒེར་པ་གཉིས་ཀྱི་བར་དུ་ལག་པས་ཐུག་རེག་བྱུང་ཡོད་མེད་ཕར་ཞོག་དང་། ཉི་མ་རེ་རེ་བཞིན་ཉེས་མེད་མི་སེར་བརྒྱ་སྟོང་པོ་དེང་རབས་ཅན་གྱི་དྲག་པོའི་མདའ་མཚོན་འོག་ཏུ་རྨེག་མེད་དུ་འགྲོ་བཞིན་ཡོད། འོན་ཏེ་ཁོང་ཚོ་ལ་དེ་དག་དྲྭ་ཐོག་ཏུ་སྤེལ་ནས་འདུག་ཁོམ་ག་ལ་ཡོད། ཁོང་ཚོ་ཕལ་མོ་ཆེ་ནི་མཁས་དབང་ཞོགས་དུང་གིས་གསུངས་པ་བཞིན་"རང་ས་མ་མོའི་བྲང་མགོ་འདྲ་བ་དེ་སྲུང་བའི་ཆེད་"རང་སྲོག་རྟ་རྔ་འདྲ་བ་དེ་འབེན་ལ་འཇོག་གིན་འཆི་གསོན་གྱིས་གཡུལ་འགྱེད་བྱེད་ཀྱིན་ཡོད་ཨང་།
དེས་ན་ཕ་ས་ཕ་ཡུལ་ཨ་ཞང་དྲིན་ཆེན་ཚང་ལ་ཤོར་ཟིན་ནས་རྒྱ་གར་འཕགས་པའི་ཡུལ་དུ་བོང་བུ་གཡར་མཁན་ཞིག་དང་འདྲ་བར་སྲོག་སྐྱབས་ཞུ་རུ་འོང་མཁན་ང་ཚོ་ཕྱོགས་གང་ཞིག་ལ་གཏོགས་པ་རེད། ང་ཚོ་མི་ཡུལ་འདི་ན་སོས་དལ་བག་ཕེབས་ཡིན་ནམ། ང་ཚོའི་ཁྲོད་ནས་མི་རེ་ཟུང་གིས་སྒེར་གྱི་གཏིང་ནད་ཀྱི་གདོང་རིས་ནག་པོ་ལ་ཆབ་སྲིད་ཀྱི་འབག་མགོ་ཁྲ་ཁྲ་ཞིག་གྱོན་ནས་མིག་འཁྲུལ་རྩེ་ས་ལ། ང་ཚོ་ལུག་ཁྱུ་བཞིན་གཤར་འགྲོ་ཁོམ་ཡོད་དམ།
ཨོ:རིག་འཛིན།

2022/05/29

རྟ་ཤོད་ཡར་བསྟོད།


རྟ་ཆེ་ཆུང་ན་བ་རྟ་འདྲ་ནས།།
མར་བབས་ཆུ་ལ་རྟ་ཆུ་དང་།།
ཡར་བསྟོད་རི་ལ་རྟ་རྒྱལ་ཟེར།།
ལྷོ་རྟ་ཤོད་བུ་མོ་འཁྲུངས་ས་ཡིན།།
རྟ་ཤོད་ཟལ་མོ་རི་རྒྱུད་འདི།།
བོད་སྒང་པར་གྲགས་པའི་གནས་རི་ཡིན།།
བྱང་གི་པད་ནེ་རི་བཀྲ་འདི།།
ལྟ་རྟ་རྐྱང་ངུའི་ཕ་ས་ཡིན།།

རོམ་ཐང་མ་ཎི་རྡོ་འབུམ་འདི།།
ཨ་ཅེ་རྒྱ་བཟའི་མཛད་པ་ཡིན།།
གེ་སར་རྒྱལ་པོའི་བཞག་པ་ཡིན།།
ལྷ་སྤྱན་རས་གཟིགས་ཀྱི་གདན་ས་ཡིན།།

གྱིམ་ཤོད་ཤེ་ལེ་རྒྱ་གར་འདི།། (ཁྱུང་པོ་རི་བོ་རྩེ་དྲུག་འདི།)
གནས་ཆེན་བརྒྱ་ཡི་གོང་བ་ཡིན།།
དཔལ་རིག་འཛིན་བརྒྱད་ཅུའི་ཕོ་བྲང་ཡིན།།
བཀའ་བོན་བན་གཉིས་ཀའི་མཆོད་གནས་ཡིན།།

ཡུལ་རྟ་ཤོད་གཡང་གི་ར་འདི།།
སྨན་བཟང་དྲུག་འཁྲུངས་སའི་ཞིང་ས་ཡིན།།
ཕྱུགས་དཀར་ནག་འཁོར་སའི་གཡང་ར་ཡིན།།
འབྲུ་སྣ་ལྔ་ལྟེམ་སའི་བང་མཛོད་ཡིན། །

ཡུལ་མི་སྡེ་མཐུན་སྒྲིལ་ཆེ་ས་ཡིན།།
རྒན་མགོ་དཀར་ཆོས་ལ་བརྩོན་ས་ཡིན།།
གཞོན་སོ་དཀར་ལས་ལ་བརྩོན་ས་ཡིན།།
ཆུང་བྱིས་པ་སློབ་ལ་བརྩོན་ས་ཡིན།།

2022/05/02

ནྱ་གྲོ་དྷ། nyagrodha

དེ་རིང་ལམ་ཞོར་དུ་མཻ་སོར་ (Mysore) རྫོང་གི་ཤིང་སྡོང་ཆེ་ཤོས་དེ་ལྟ་རུ་ཕྱིན་པ་ཡིན། གོ་ཐོས་ལ་ཤིང་སྡོང་འདིར་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་གྲགས།
ཤིང་འདིའི་མིང་ལ་ནྱ་གྲོ་དྷའམ་ནྱ་གྲོ་ཏ་ (Nyagrodha / Nyagrota) ཟེར་ཞིང་དབྱིན་སྐད་དུ་ཧྥི་ཁུས་བེངྒྷ་ལེན་སི་སི་ (Ficus Benghalensis) སྟེ་བྷ་ཡན་བྱང་ཆུབ་ཤིང་གི་རིགས་སུ་གཏོགས། ཁྱད་པར་ཤིང་འདི་རྒྱལ་གར་རྒྱལ་ཁབ་ཆེན་མོའི་ཚབ་མཚོན་རང་བཞིན་གྱི་ལྗོན་ཤིང་ཞིག་ཏུ་གཞུང་འབྲེལ་ཐོག་ངོས་འཛིན་ངོས་འཛིན་གནང་ཡོད་པ་རེད།