གནས་འདི་ནི་བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཡ་གྱལ་གནའ་བོའི་བཟོ་བཀོད་ལས་གྲུབ་པའི་མཆོད་རྟེན་འཕགས་པ་ཤིང་ཀུན་ཡིན་ལ། འདིའི་མིང་ལ་དེ་ཝ་ན་ག་རིའི་ཡིག་གེ་ལྟར་ན་“སྭ་ཡམ་བྷུ་” (स्वयम्भू Swayambhu) དང་ནེ་པལ་གྱི་ཡི་གེ་ལྟར་ན་“སྺ་ཡཾ་བྷུ་” (स्वयंभू Swayaṃbhu) སྟེ་“རང་བྱུང་”ཞེས་གྲགས། བོད་སྐད་དུ་ཡོངས་གྲགས་ལ་“འཕགས་པ་ཤིང་ཀུན་”ཞེས་ཁྱད་དུ་འཕགས་པའི་ཤིང་རིགས་སྣ་ཚོགས་འདུས་པའམ། ཡང་ན་འཕགས་པའི་གང་ཟག་གི་ཤིང་ཀུན་འདུས་པའི་དོན་ལ་གོ་བ་ལྟ་བུར་སྣང་ཡང་། བལ་ཡུལ་ནེ་ཝར་མི་རིགས་ཀྱི་ཡུལ་སྐད་དུ་རང་བྱུང་གི་དོན་ལ་“སིན་གུ་” (Singgu) ཞེས་འབོད་པ་ལས་ཟུར་ཆགས་པ་ཡིན་སྲིད་ཚུལ་«ཤེས་རབ་ཀྱི་བུད་མེད་»❶ ཞེས་པའི་ཆེད་རྩོམ་ཞིག་ཏུ་བཤད་པ་དེ་འཐད་པར་སྣང་། གང་ལྟར་གནས་འདི་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུའི་ནུབ་རིའི་མཚམས་ཀྱི་དེའུ་འབུར་ཞིག་གི་སྟེང་དུ་ཆགས་ཡོད། དེང་སང་གནས་འདིར་རྒྱ་བལ་བོད་གསུམ་གྱི་གཙུག་ཁག་སྣ་ཚོགས་ཡོད་ཅིང་གནས་མཇལ་བ་དང་ཡུལ་སྐོར་བ་ཧ་ཅང་མང་། གནས་འདི་ནི་དུས་རབས་བཅུ་བཞིའི་ནང་བརྩམས་པའི་བལ་པོའི་རྒྱལ་རབས་«གོ་པཱ་ལ་རཱ་ཇ་ཝཾ་ཤཱ་ཝ་ལཱི་» (Gopālarājavaṃśāvalī) ནང་གསལ་ལྟར་ན། རྒྱལ་པོ་མཱ་ན་དེ་ཝའི་ (Mānadeva (464–505) ཡང་མྱེས་ཀྱིས་བཞེངས་པར་གྲགས་པས། བལ་པོའི་ཡུལ་དུ་ད་ཡོད་ནང་ཆོས་ཀྱི་གནས་ཆེས་ཐོག་མའི་གྲས་ཡིན་པར་སྣང་། ཉེ་ཆར་སྤྱི་ཟླ་ ༣ པའི་ཚེས་ ༢༣ ཉིན། ཁོ་བོ་དང་ཡུན་རིང་འགྲོགས་མྱོང་བའི་གྲོགས་མཆོག་དམ་པ་དོལ་པོ་བ་ཨོ་རྒྱན་དོན་འགྲུབ་ངེད་གཉིས་ཡུལ་སྐོར་དང་གནས་སྐོར་གཅིག་ལྕོགས་བྱས་ཏེ་འཁྱམས་མྱུལ་ལ་སོང་བས་ཧ་ཅང་དགའ་པོ་བྱུང་།
❶ Allione, Tsultrim 1986.