2012/02/05

འབྲུག་གི་ལོ་རྒྱུས།

དང་པོ་བོད་འབྲུག་གི་སྐོར།

ཁ་དོག་དང་དབྱིབས། བོད་པའི་བསང་གསོལ་དང་། ཁ་འདོན། ངག་རྒྱུན་སོགས་ན་“གཡུ་འབྲུག་སྔོན་མོ་དང་། གཡུ་འབྲུག་སྔོན་མོ་ཟངས་ཀྱི་ཟེ་བ་ཅན་”ཟེར་བ་དང་། ས་དཔྱད་སྲུང་བཞི་ལས་“ལྷོ་གཡུ་འབྲུག་སྔོན་མོ་དོང་ན་མ་ལྷུང་”ཟེར་བ་དང་། ཡང་སྲོལ་རྒྱུན་རི་མོ་འབྲི་ཚུལ་སོགས་ན་ཁ་དོག་སྔོ་ལ་པགས་པ་ཆུ་སྲིན་གྱི་ལྐོག་པགས་སམ་ཉ་ཁྲབ་ཅན་ཞིག་ཡིན་པ་ཡོངས་སུ་གྲགས་ནས་འདུག འཚོ་གནས། དགུན་དུ་རྫ་ལ་འཕྱི་བ་ལྟར་ཉལ་ཞིང་དབྱར་ཁར་མཁའ་རུ་དགྲ་ཅན་བཞིན་སྒྱུ་བའི་སེམས་ཅན་སྟོབས་ཅན་ཞིག་ཡིན་རབས་འདུག་ལ། སྤྲིན་པ་མེད་ན་འགྲོ་མི་ཕོད་པའི་ནུས་མེད་ཉམ་ཆུང་ཞིག་ཀྱང་ཡིན་ཚོད་འདུག འབྲུག་ལག་གི་ནོར་བུ་མཚོ་ལ་ཤོར་ན་འབྲུག་ཆུ་སྲིན་དུ་འགྱུར་བའི་རྒྱུ་རྐྱེན་ཏེ་ནོར་བུ་མེད་ན་འཕུར་བའི་ནུས་པ་མེད་པས་སོ་ཟེར། ནུས་སྟོབས། མཚམས་རེ་ལྷ་དང་སྲུང་མའི་ཆིབས་པ་དང་། ཕོ་ཉ་སོགས་འདོད་རྒུར་དབང་དུ་བསྒྱུར་ཞིང་ཐོག་སེར་འབེབས་པའི་ནུས་པ་ཡོད་རབས་སོགས་ཡ་མ་ཟུང་ཤ་སྟག་བཤད་སྲོལ་མཆིས། གཟུགས་བོང་། ཆོས་འབྱུང་འགའ་ཤས་ནང་བླ་མའི་ཆུ་ཟོམ་དུ་ཉལ་བའི་ཆུ་འབུ་ཕྲ་མོ་ཞིག་ཉེ་གནས་ཀྱིས་ངར་བསླངས་རྐྱེན་ནམ་མཁར་འཕགས་ཏེ་ཐོག་སེར་ཕབ་ཚུལ་གྱི་ལྷ་སྒྲུང་བཤད་སྲོལ་ལ་དཔགས་ན་བོད་པའི་སེམས་ནང་གི་འབྲུག་ནི་དངོས་མེད་ལྷ་འདྲེའི་ཁོངས་སུ་གཏོགས་སོང་བ་འདྲ། དོན་དངོས་སུ་འདི་ལྟ་བུའི་སེམས་ཅན་ཞིག་བྱུང་མྱོང་ཡོད་མེད་ཚོད་བགམ་ཤིན་ཏུ་དཀའ་བ་ཞིག་རེད། དེང་གི་ཚན་རིག་པས་འབྲུག་རུས་གསར་དུ་རྙེད་དེ་ཞིབ་འཇུག་གནང་འབྲས་སུ་འབྲུག་ཡོད་ཡོད་འདྲ་བཤད་མོད་རུས་པ་དེ་དག་འབྲུག་གི་ཡིན་པ་བརྒྱ་ཆ་བརྒྱས་ཐག་ཆོད་རྒྱུ་དཀའ་བར་སྙམ།
གཉིས་པ་ཕྱི་འབྲུག འབྲུག་གི་ལོ་རྒྱུས་ལས་ཅུང་དྲངས་ན། སྤྱིར་འབྲུག་གི་ལོ་རྒྱུས་ནི་ཨེ་ཊར་ཊུ་ཁ་ཕུད་པའི་ཡུལ་གྲུ་ཚང་མའི་རིག་གཞུང་སོ་སོར་བཤད་སྲོལ་རེ་རེ་ཡོད་ཀྱང་འདིར་གདོན་མའི་སྲོག་ཆགས་རྨིག་པ་གླང་གཟུགས་སམ་གཏུམ་འབྲུག་གི་རྗེས་ཤུལ་གསར་རྙེད་བྱུང་བ་ལྟར། 
འབྲུག་ལའང་དངོས་བྱུང་བདེན་དཔང་ཅུང་ཟད་ཡོད་པ་སྟེ། བཤད་མི་ཤེས་པའི་སེམས་ཅན་ཀྱི་རུས་པ་འདི་དག་གིས་འགྲེལ་བཤད་བྱས་ཡོད་པའི་ཕྱིར་ཟེར། འཇིག་རྟེན་འགྱུར་ལྡོག་གི་ཁྲོད་དུ་མེ་ལ་དུང་ཞིང་ཆུ་ལ་སྡོད་པའི་སེམས་ཅན་དེའི་རིགས་རྒྱུད་གནའ་ནས་ཆད་སོང་དོན་ཡང་། རྨིག་པ་གླང་གཟུགས་ལྟར་གནམ་གཤིས་ལ་འགྱུར་བ་སྟོབས་ཅན་ཕྱིན་པའི་དབང་གིས་ཡིན་པ་བཤད་མི་དགོས་པ་ཞིག་ཡིན་པ་འདྲ། སྤྱིར་ན་ནུས་ཕྱོགས་པའི་སྲོལ་རྒྱུན་ནང་ལའང་འབྲུག་གི་བཤད་པ་སྣ་ཚོགས་པ་ཞིག་ཡོད་པ་སྟེ། 
གཅིག ཡ་ཀའི་ལྷ་སྒྲུང་དག་གི་ནང་དུ་འབྲུག་ནི་འུར་དིར་དིར་གྱིས་སྒྲོགས་ཀྱིན་པ་སྟེ། ས་གཞི་ལེབ་མོར་འདོད་ཅིང་ཁུརུ་སཊོ་ཕར། ཁུ་ལུམ་བྷུས་རྒྱ་མཚོ་འཕྲེད་དུ་མ་བཅད་པའི་སྔ་རོལ་ན་མི་ཚོས་འབྲུག་ནི་ཆུ་སྲིན་ལྟ་བུའི་སྲོག་ཆགས་སའི་གོ་ལའི་གྲུ་ཟུར་གྱི་ངོ་བོར་གྱུར་པ་ཞིག་ཡིན་ཞིང་། གང་དེས་རྒྱང་རིང་མཚོ་འགྲུལ་བ་དག་ཟ་རྒྱུར་བསྒུགས་ནས་འདུག་ཚུལ་བཤད། སྐད་ཆ་དེའི་རྐྱེན་པས་མི་མང་པོ་ཞིག་འཛམ་གླིང་མྱུར་ཞིབ་ཏུ་སྐྱོད་པར་རང་བཞིན་གྱིས་ཁེག་སོང་བ་དང་། དེ་ཙམ་མ་ཟད་ཁོང་ཚོས་འབྲུག་གནས་སའི་ས་ཁྲ་བྲིས་ཏེ་དེའི་གྲུ་ཟུར་ན་"འདིར་འབྲུག་ཡོད་"ཅེས་བཀོད་པ་དེ་ཕལ་ཆེར་པར་བསྐྲུན་ཀྱང་བྱས་ཡོད་པར་བཤད། 
གཉིས། ཕར་སཱིའི་སྒྲུང་ལས། གཏམ་འདོད་ཚ་བའི་བཙུན་མོས་རང་གི་སྲས་མོ་འབྲུག་ལ་དམར་མཆོད་ཕལ་ཆེར་ཕུལ་རབས་དང་། ཡང་འབྲུག་གིས་གསེར་དངུལ་སོགས་རིན་པོ་ཆེ་དང་བུ་མོ་མཛེས་མ་བདག་ཏུ་བཟུང་ཡོད་པས། སུ་ཞིག་ལ་བུ་མོ་དང་གསེར་དངུལ་ཐོབ་དགོས་ན་ངེས་པར་དུ་འབྲུག་འདུལ་ཐུབ་དགོས་པ་དང་། གལ་སྲིད་འབྲུག་ཕམ་པར་ནུས་ན་ཁྱད་དུ་འཕགས་པའི་དཔའ་རྟུལ་ཞིག་ཏུ་བརྩི་བ་སྟེ། ནོར་ཝེ་རྒྱལ་པོ་ཡུལ་ཕྱོགས་གཞན་ན་སོང་སྐབས་སྲས་མོ་འབྲུག་གིས་བསྲུངས་ཏེ་ཐ་ན་རྒྱལ་པོ་ཡང་ནང་དུ་མ་ཐར་བ་དང་། སྲས་མོ་ཚུར་བསླུ་མཁན་རང་གི་ལུང་པའི་ནང་ནས་མ་བྱུང་བར་ཐ་མ་སུ་ཌན་ཡུལ་གྱི་དཔའ་བོ་ཞིག་གིས་འབྲུག་བཏུལ་ཏེ་སྲས་མོ་ཆུང་མར་ཐོབ་ཚུལ་ལྟ་བུའི་སྒྲུང་འགྲོས་གཅིག་པ་མང་པོ་ཞིག་འདུག་ཀྱང་དེ་ཙམ་ཆོག་པར་སེམས།