2011/11/23

ལྷག་དཀར།


དེ་རིང་ནི་ལྷག་པ་དཀར་པོ་རེད། 
རྩིས་ཡིག་རུལ་ཟད་ནས་བཤད་ན་ལྷག་པ་ནི་སྐྱེ་འགྲོའི་བླ་ལ་དབང་བའི་ལྷ་ཡིད་འོང་ཞིག་ཡིན་དང་འདྲེ་སྟོབས་ལྡན་ཞིག་ཀྱང་རེད། ཁོ་པས་གནམ་རིམ་པ་དགུ་ཡི་ཡང་སྟེང་ནས་སྐྱེ་འགྲོ་དག་ལ་དངོས་གྲུབ་ཆར་དུ་བསྙིལ་ཞིང་བར་ཆད་ཐོག་ལྟར་འབེབས་ཀྱིན་ཡོད་ཟེར། འོན་ཀྱང་མིང་ལ་ཨ་ལ་དང་གྷོ་ཌི་གཏན་ནས་མི་ཟེར། 
དབུ་སེར་ནག་གི་འགྲེང་མི་ཐུན་མོང་གི་སྙམ་ལམ་དུ། ལྷག་པ་ནི་ཕ་མཐའ་བྲལ་བའི་སྒྱུ་སྐར་གྱི་སྐོར་ལམ་རིང་མོ་ན། གོམ་འགྲོས་གཅིག་གིས་བཞུད་ཀྱིན་པའི་གོ་ལ་རིལ་རིལ་ཞིག་གི་གོམ་སྒྲ་རེད། གོམ་སྟབས་སུམ་བརྒྱ་དྲུག་ཅུའི་རྡོག་སྒྲ་རེད། རྡོག་སྒྲ་བདུན་ཕྲག་གཅིག་གི་གསུམ་པ་དེ་རེད་ལ། གཟའ་ཆེན་ལྷག་པས་རིགས་ཞེན་གྱིས་ལྭ་བ་དཀར་པོ་བཀླུབས་པའི་ཉིན་མོ་རེད།
ཡང་གཅིག་ལྷག་པ་དཀར་པོ་ནི། གཞིས་ན་སྐྱེས་ཤིང་བྱེས་སུ་འབྱོར་བའི་གསར་འགྱུར་བ་ཞིག་རེད་ལ།བྱེས་སུ་སྐྱེས་ཤིང་ནུབ་ཏུ་ཕྱིན་པའི་ཡང་འབྱོར་བ་ཞིག་ཀྱང་རེད། ལྷག་དཀར་ནི་མ་གི་བོད་ཀྱི་ཁྲོམ་སྲང་དུ་འཁྱར་བའི་སྤྲང་སློང་རེད་ལ། ཡར་གི་བླ་དཔོན་བཞུགས་གྲལ་ན་འཁོད་པའི་མི་དཔོན་རེད། ལྷག་དཀར་ནི་ཤོད་ཀྱི་ཁྲོམ་ས་ན་འཚོ་བའི་ཚོང་དཔོན་རེད་ལ། ཕུ་ཡི་རི་ལུང་ནས་བཞུགས་པའི་ཕྱུགས་རྫི་རེད། ལྷག་དཀར་ནི་ལྷ་དཀར་པོ་སྤྱན་རས་གཟིགས་ཀྱི་སྙིང་ཡིན་ཞིང་། སྔོན་པོ་ཕྱག་ན་རྡོ་རྗེའི་ནུས་མཐུ་རེད། ལྷག་དཀར་ནི་བཞུ་མི་ཐུབ་པའི་ལྷག་བསམ་ཀྱི་ཁ་བ་ཡིན་ལ། འཐོར་མི་སྲིད་པའི་ཆིག་སྒྲིལ་གྱི་ལག་རྡང་རིང་མོ་ཡིན། ད་རུང་ལྷག་དཀར་ནི་བྱང་འབྲོག་གི་འབྲོང་ཡིན་ཞིང་། རྩ་ཐང་གི་ནོར་ཡིན། ཕུག་གི་རྟེན་ཡིན་ལ་སྒོ་ཁའི་ཟོག་ཡིན། སྦྲང་དཀར་རྩམ་པ་ཡིན་ལ་འབྲུ་ཆང་སེར་མོ་ཡིན། འབྲི་མར་སེར་པོ་ཡིན་ལ་འབྲི་འོ་དཀར་མོ་ཡིན།
མདོར་ན་ལྷག་དཀར་ནི་ནམ་ཡང་དྲི་མས་མ་གོས་མི་གོས་གོས་པར་མི་འགྱུར་བའི་སྲིད་ན་རིང་བའི་ལྷ་རྫས་ཁ་བཏགས་དཀར་པོ་ཉག་གཅིག་ཡིན། །