2020/04/25

བི་མའི་རྣམ་སྤྲུལ་ལྡང་མ་ལྷུན་རྒྱལ།

བྲག་དཀར་ཆོས་ཀྱི་དབང་ཕྱུག «བི་མའི་རྣམ་སྤྲུལ་ལྡང་མ་ལྷུན་རྒྱལ་». In «ཆོས་ཀྱི་དབང་ཕྱུག་གསུམ་འབུམ་» Sawayambhunath, Kathmandu: Khenpo shedup Tenzin, 2011, vol. 13, pp. 446.4–448.2.

བི་མའི་རྣམ་སྤྲུལ་ལྡང་མ་ལྷུན་རྒྱལ་དང་། །
ལྕེ་སྟོན་ནག་པོ་ཞང་སྟོན་བཀྲ་རྡོ་རྗེ། །
མེ་ལོང་རྡོ་རྗེ་དུང་མཚོ་རས་པ་དང་། །
སྒོ་བ་གཡུ་སྒོམ་རྣམས་ལ་གསོལ་བ་འདེབས། །
ཞེས་པས། གུ་རུ་ལྡང་མ་དགེ་མཆོག་གི་སྲས་ལྡང་མ་ལྷུན་གྱི་རྒྱལ་མཚན་ནི། དབུར་སྟོད་དུ་འཁྲུངས། སྐུ་ཆུང་ངུ་ནས་དགེ་བསྙེན་གྱི་བསླབ་པ་ལ་གནས་པར་མཛད། དགུང་ལོ་ཉི་ཤུ་རྩ་ལྔའི་སྟོང་དུ་སྔགས་བདག་གཟའ་དང་དམ་ཅན་གསུམ་གྱི་ལུང་བསྟན་ལ་བརྟེན །དབུ་རུ་ཞྭའི་ལྷ་ཁང་ནས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན། བི་མ་ལའི་སྙིང་ཐིག་མན་ངག་བརྒྱ་དང་བཅུ་དགུ་ལས་ཕྲན་དང་བཅས་པ། གཞན་ཡང་དམ་པའི་ཆོས་བསམ་གྱིས་མི་ཁྱབ་པ་གཏེར་ནས་སྤྱན་དྲངས་སོ། །བླ་མ་འདི་ནི་ལོ་བརྒྱ་བརྒྱ་ན་བི་མ་ལའི་སྤྲུལ་པ་རེ་རེ་བོད་ལ་བྱོན་པ་དེ་ཡིན་པར་གྲགས་ཤིང་། ཤངས་ལ་ཨའི་རི་མོ་ཐིག་ལ་ཁད་ཡོད་པ་དང་། ཞལ་ནས་སཾ་སྐྲྀ་ཏའི་གསུང་རྒྱུན་མི་འཆད་པར་སྒྲོགས་པ་དང་། ཐུགས་ལ་སེམས་ཅན་ལ་ཤས་མི་བཟོད་པའི་སྙིང་རྗེ་རྒྱུན་མི་འཆད་པར་ཡོད་པར་གསུངས། དེ་ནས་གདམས་པའི་བདག་པོ་སྐལ་ལྡན་འཚོལ་བར་གཙང་དུ་ཕེབས། ལྕེ་བཙུན་སེང་གེ་དབང་ཕྱུག་དང་རི་གཟར་རྒོད་པོ་ལུང་དུ་མཇལ་ཏེ། ཕྱི་མའི་ལོར་ཁ་རག་ཕུག་ཏུ་མཇལ་བའི་དུས་བཏབ། ཁྲ་ཟླ་བའི་ཚེས་བཅོ་ལྔར་དཔོན་སློབ་མཇལ་ཏེ། །ཕྱི་མའི་ལོར་ཁ་རག་ཕུག་ཏུ། གདམས་པ་རྣམས་ཡོངས་སུ་རྫོགས་པར་གནང་། དམ་པའི་ཆོས་རྣམས་དབུས་གཙང་ཁམས་གསུམ་དུ་དར་རྒྱས་ཆེ་ཞིང་། ལྡང་མ་ནི་དབུ་རུ་ཞ་ལྷ་ཁང་དུ་སྐུ་གཤེགས་ཤིང་། ཕུང་པོ་རིང་བསྲེལ་གྱིས་གཅལ་དུ་བཀྲམ། ཐམས་ཅད་ངོ་མཚར་བའི་གནས་སུ་གྱུར་ཏོ། །