2017/12/08

སྒྲོལ་མ།

ཨོཾ་རྗེ་བཙུན་མ།
སྐྱ་རེངས་དང་པོ་དང་པོའི་དུས།།
བསིལ་རླུང་ཞིམ་པོ་ཞིམ་པོ་ལྡང་།།
དགུན་ཁ་དགུན་ཁའི་ནམ་དུས་ལ།།
དབྱར་ཁ་དབྱར་གྱི་ཆར་ཟིམ་འཇོ།།
སྣང་བ་སྣང་བའི་མེ་ལོང་ངོགས།།
སྒྲོལ་མ་དཀར་མོ་དཀར་མོའི་སྐུར།།
དྭངས་ལ་དྭངས་བའི་དད་པ་འཕྱོ།།
རེ་འདོད་མེད་པའི་རེ་འདོད་ནི།།
དད་པ་ནང་གི་དད་པ་ཡིན།།
དམ་ཚིག་ནང་གི་དམ་ཚིག་ཡིན།།
— ཁྱུང་ཨོ་རིག་འཛིན།

2017/11/15

ཨ་མ་དྲན་པའི་གདུང་ཚིག

ཨ་མའི་འཛུམ་ཞལ་ཁ་བའི་ལྗོངས་སུ་ལུས།།
ས་མཐའི་སེམས་པ་ཚ་བའི་འོབས་སུ་ལྷུང་།།
བཅུ་ཕྲག་གཉིས་ལྷག་ཀྱག་ཀྱོག་མི་ཚེ་འདིར།།
བསམ་བཞིན་བསམ་དུས་སྙིང་ནས་འཆི་མ་ཤོར།།

ཕ་དང་ཁུ་བོས་ལྔ་པའི་ལམ་ཆེན་བསྙེགས།།
གཅེན་མོ་དབང་མེད་རྒྱ་ཡུལ་ལོ་མང་འགྲིམས།།
ལྷག་ལུས་བུ་ཕྲུག་ཨ་མའི་གདོང་ལ་ཅེར།།
བསམ་བཞིན་བསམ་དུས་སྙིང་ནས་འཆི་མ་ཤོར།།

འཛུམ་པའི་ཞལ་ལ་རྒས་པའི་གཉེར་རིས་བརྩེཌ།།
སྨུག་པོའི་སྐྲ་ལོར་ཁ་བའི་མེ་ཏོག་བཞད།།
ད་དུང་བུ་ཕྲུག་སྐྱོང་བའི་དཀའ་སྡུག་ལ།།
བསམ་བཞིན་བསམ་དུས་སྙིང་ནས་འཆི་མ་ཤོར།།

ཐམས་ཅད་ལས་ཀྱི་ཕྲོགས་པའི་ཁྱེད་ཉིད་ལ།།
སྐྱོབ་པའི་གཉེན་མེད་བྱམས་པའི་གྲོཌ་ཀྱང་མེད།།
དཀའ་སྡུག་ཀློང་དུ་འགྲེངས་པའི་སྐྱེས་མ་ལ།།
བསམ་བཞིན་བསམ་དུས་སྙིང་ནས་འཆི་མ་ཤོར།།

ཡུན་རིང་ས་མཐར་གྱར་བུའི་ཕྲུག་ལ།།
དྲན་པའི་མིག་ཆུ་བརྩེ་བའི་སེམས་ཀྱི་ཁུར།།
བགྲང་གིས་མི་ལང་སེམས་ཀྱི་རྨ་ཁ་འདིར།།
བསམ་བཞིན་བསམ་དུས་སྙིང་ནས་འཆི་མ་ཤོར།།

རེ་བའི་མིག་ཟུང་སླར་འཛོམས་དུས་ལ་ཅེར།།
བྱམས་པའི་ལག་ཟུང་མཆོག་གསུམ་མདུན་དུ་བཏུད།།
བགྲང་བྱའི་རེ་སྒུག་སེམས་ཀྱི་ཁོངས་སུ་སྦས།།
བསམ་བཞིན་བསམ་དུས་སྙིང་ནས་འཆི་མ་ཤོར།།

འཇིག་རྟེན་འདི་ཡི་སྡུག་བསྔལ་སྣ་ཚོགས་པ།།
ཐམས་ཅད་རང་གི་ལས་ལས་འབྱུང་མོད་ཀྱང་།།
ལས་འདིས་ཁྱེད་ལ་བརྙས་བཅོས་ཆེ་དྲག་པས།།
བསམ་བཞིན་བསམ་དུས་སྙིང་ནས་འཆི་མ་ཤོར།།

— ཨ་བུ་ལོ་ལོས།

2017/11/13

སྣང་བ་དཀར་རྐྱང་།

རུས་པའི་རྐང་གི་ན་ཟུག་འགའ།།
སྐྲ་དཀར་མཉམ་དུ་སྦས་བཞག་ཡོད།།
གདོང་ལྤཌ་ལྷོད་པའི་ལྟེབ་སུལ་ལ།།
དབུར་ཏི་རྒྱག་ལ་འགྲོ་ན་བསམ།།

སྣང་བ་དཀར་རྐྱང་འཕྱོ་ཚུལ་ནི།།
མུ་ཏིག་འོད་དུ་འཚེར་བ་འམ།།
སྒྲོལ་མ་དཀར་མོ་བཞད་འདྲ་བས།།
རྨི་ལམ་ཡིན་པ་ཁག་ཐེག་ཡིན།།

འོན་ཏང་དེ་ལ་ཅི་ཞིག་ནོངས།།
སྣང་བ་ཟ་ཟི་ལྡང་འདྲ་བའི།།
ང་དང་ང་ཚོ་ཡུད་ཡུད་པོ།།
རྨི་ལམ་ཡིན་པ་ཞེ་གཅིག་ཡིན།།

སྐོར་ལམ་ནང་གི་ཨ་ཕྱི་མ།།
ལྷ་ཡི་ཕོ་ཉ་ཡིན་ངེས་འདྲ།།
རྐང་པ་གྱོལ་སྟངས་རེ་རེ་ལ།།
མ་ཎི་དུང་གི་བྱིན་རླབས་གདའ།།

བསྐལ་ཆེན་སྟོང་གི་འཆར་འགོད་ཅིག།
འགྲུབ་པའི་གདིང་ཚོད་ང་ལ་མེད།།
གྲོང་པའི་འདབ་ཀྱི་མཆོད་རྟེན་ལ།།
རེས་འགར་དཀར་རག་འབྱུག་ན་འདོད།།

ཟླ་བའི་ཐོད་དུ་ཐེམ་སྐས་ཤིག།
འཛུགས་རྒྱུའི་ནུས་པ་བདག་ལ་མེད།།
རྡོག་པའི་འོག་གི་རྐང་ལམ་འདིར།།
གད་དར་ཅུང་ཟད་བགྱི་ན་བསམ།།
— ཁྱུང་ཨོ:རིག་འཛིན།

2017/09/17

བོད་ཡིག་ལ་རྐྱེན་ཡིག་གསར་བ་སྣོན་པའི་དགོས་དབང་གླེང་བ།

2017-07-03 11:54:14: གུ་རུ་སྐྱབས། (པེ་ཅིང) ཀློག་གྲངས། 3689 མཆན 4 ཡོད།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་སྐད་ཡིག་གཞན་ཁག་ཅིག་གི་རྐྱེན་ཡིག་ལོ་རྒྱུས་ལ་ཟུར་ལྟ་བྱས་ཤིང་། བོད་ཡིག་གི་སྔར་གྱི་རྐྱེན་ཡིག་རྣམས་ཀྱི་མི་འདང་བའི་ཆ་ལ་དབྱེ་ཞིབ་བྱས་ཏེ། དེང་དུས་བོད་ཡིག་ལ་རྐྱེན་ཡིག་གང་དག་སྤྱོད་འོས་པའི་སྐོར་ལ་བསམ་གཞིགས་བཏང་ཡོད།
བརྡ་ཆད་གཙོ་བོ། བོད་ཡིག རྐྱེན་ཡིག དགོས་དབང་། སྤྱོད་ཚུལ།

2017/08/07

ཆ་བེ་ཆོབ་བེ།

སྤུན་ཆུང་རྣམ་རྒྱལ།
སྔ་དྲོ་ཆོས་ཁྲིའི་ཁ་ནས་གཅིག་པ་ཟེར།།
ཕྱི་དྲོ་འབོལ་གདན་སྟེང་ནས་ཁ་ཁ་ཟེར།།
དོན་དུ་ང་གཉིས་འགལ་ཟླ་བཟོ་བའི་རྒྱུ། །
བླ་མ་ཆ་བེ་ཆོ་བེ་ཉུང་ན་བསམ། །

ཁ་ནས་སྐད་ཆ་བཤད་ན་གྲུབ་མཐའ་གླེང་།།
ངག་གིས་གླུ་དབྱངས་བླངས་ན་ཕྱོཌ་རིས་འབོད།།
དོན་དུ་ང་དང་གངས་ཕྲུག་སུན་པའི་རྒྱུ།།
གླུ་པ་ཆ་བེ་ཆོ་བེ་ཉུང་ན་བསམ།།

ཕྱི་ལ་དམར་དམར་མཚོན་གྱི་ཞལ་བ་བྱུག།
ནང་གི་སྙིང་ཆུང་དམར་པོས་སྒོར་མོ་སྒོམ།།
དོན་དུ་ང་དང་གྲོགས་པོ་གཞོ་མཁས་པའི།།
བུ་མོ་ཆ་བེ་ཆོ་བེ་ཉུང་ན་བསམ། །

2017/07/10

རྫི་རོགས་ཆུང་ཆུང་།


ཉི་ཟེར་སྔས་མགོ་ལ་འཁྱིལ་ཡང་། །
གཉིད་ཀྱི་མུན་ནག་དེ་སེལ་མེད། །
ཆུ་འཁྱགས་རུང་ཁོང་ན་འཛུལ་དུས། །
རྨི་ལམ་རབ་རིབ་དེ་ཡལ་འགྲོ། །

ཞོགས་པ་ཁ་ལོ་ལ་འགྲོ་དུས། །
གནམ་རྒྱའི་ཉི་འོད་ཀྱི་ངོགས་སུ། །
འབྲི་མོའི་ཁ་རླངས་དང་སྣ་རླངས། །
རི་མེ་མཆེད་མཆེད་ཟིག་ཡིན་ར། །

2017/07/04

ཁྱོད་རང་མི་དྲང་མོ་ཞིག་ཡིན་དགོས།

ཁྱུང་ཡོན་ནི་བདག་གི་གཅུང་པོ་ཡིན། སྤྱི་ལོ་1995 ལོར་ངག་དབང་ངེད་སྤུན་གཉིས་ཁྱིམ་ནས་འོངས་དུས་ཁོ་ནི་ལོ་ངོ་བདུན་བརྒྱད་ཙམ་ལས་མ་སོན་པའི་བྱིས་པ་ཞིག་ཡིན་པས། མཐའ་ད་རུང་ཡང་ངའི་སེམས་ནང་གི་གྲགས་ཚེ་(ཁྱུང་ཡོན་ཆུང་དུས་ཀྱི་མིང་)ནི་ཨ་ཁུ་ཀར་དོན་གྱི་པང་ཁུག་ན་ཡོད་པའི་བུ་ཆུང་མིག་ཟུང་གྲུང་རིལ་རིལ་བ་དེ་ཡིན། ཁོ་རང་ཆུང་དུས་སྐྱེ་སྟོབས་ཞན་ཡང་། སྨྲ་ལྕེ་བདེ་ལ་གཤིས་རྒྱུད་འཇམ་པ་ཞིག་ཡིན་པས་ཕྱི་ནང་གང་ས་ནས་མཐོང་མི་འདོད་པའི་དོ་ཕོག་དེ་ཙམ་བྱུང་མེད་པར་བསམས། རེད་དེ་བར་སྐབས་ངེད་ཚང་རླུང་རྟ་ཆག་པའི་སྐབས་འབྲེལ་བ་ཡོད་མེད་ཀྱི་ཡུལ་མི་གང་མང་ཞིག་གིས་མཐོང་ཆུང་དང་བརྙས་བཅོས་བྱེད་པ་ནི་སྲིད་པའི་ཆོས་ཉིད་ཅིག་སྟེ། “རླུང་རྟ་མར་འགྲོའི་དུས་ལ། །ཁྱི་ལས་ཞི་མི་(བྱི་ལ་)སྡང་བ། །”ཟེར་མེས་པོ་ཚོས་ཉམས་མྱོང་གི་སྡོམ་བཀོད་ཡོད་པ་མིན་ནམ། དཔེ་དེ་བཞིན་ཁོ་རང་ཐེ་བའི་གཅེན་གཅུང་ཚོ་ལ་རྒྱུ་རྐྱེན་ཡོད་མེད་སྣ་ཚོགས་པའི་སྒོ་ནས་མཐོང་ཆུང་དང་བརྙས་སྨོད་ཀྱི་དཀའ་ངལ་མི་ཉུང་བ་རེ་ཕྲད་ཡོད་པ་ནི་བཤད་ཅི་ལ་དགོས།

2017/05/15

གཟའ་མཇུག་ལ་སྤྲོ་སྣང་འཚོལ།

ཁ་ཁུ་སིམ་པའི་ཁང་པ་འདི།།
ང་དང་རྩངས་པར་འཕྲོད་ཤོས་ཡིན།།
ཁང་པ་རྙིང་ན་འབུ་སྲིན་མོད།།
རྩངས་པའི་འཚོ་བ་སྐྱིད་པ་འདྲ།།
ཟང་ཟིང་འཇཌ་ན་གནས་སོས་བདེ།།
ང་ཡང་འདི་ལ་སྤྲོ་བཞིན་ཡོད།།
བསྐལ་པ་སྟོང་གི་ཁུར་པོ་ཞིག།

འདི་ནས་ཁུར་ན་མི་ངལ་ལམ།།
དེ་རིང་སྐྱིད་ན་བདེ་སྐྱིད་རེད།།
སང་ཉིན་ཐག་གཅོད་སང་ཉིན་བྱ།།
དོ་དགོང་ཤི་ཡང་འགྱོད་པ་མེད།།
གླང་རི་ཐང་པའི་མན་ངག་ཡིན།།
མི་ལ་རས་པའི་ཕྱག་བཞེས་ཡིན།།
ཧ་ཧ།

ནག་ཆུ་འབྲོག་པའི་ཁ་བཤད།

ད་ཡིན་ན། <མཐའ་ཐུར་ལ་འགྲོ་རྟགས>
ཀརྨ་པས་སོ་ཆང་ས་བརྒྱབ་གདའ།།
བླ་གྲྭ་དེ་ཚོས་རྒྱ་མོ་ཁྲིད་གདའ།།
རྨོ་མོ་དེ་ཚོས་བསྡུས་གྲྭ་རྩོད་གདའ།།
སྤོ་པོ་དེ་ཚོས་པ་ར་རྩེ་གདའ།།
ཕ་རྒན་དེ་ཚོས་གསེར་སྐུ་བཙོང་གདའ།།
མ་རྒན་དེ་ཚོས་བྱི་ཕོ་བཙལ་གདའ།།
ཕོ་གསར་དེ་ཚོས་དུ་ནག་འཐེན་གདའ།།
མོ་གསར་དེ་ཚོ་ཨེ་ཛི་ན་གདའ།།
ཨ་ཉོག་དེ་ཚོར་རྒྱ་སྐད་ལོབས་གདའ།།

སེམས་ཀྱི་སྨུག་པ།

ཚ་བས་རྙིད་པའི་ལྗོན་ཤིང་ལ།།
བྱ་ཚོགས་འཁོར་བ་ཇེ་ཉུང་ཉུང་།།
ན་བུན་སྲབ་མོའི་དུད་དྲེག་གིས།།
ནམ་མཁའ་བཞིན་རས་ཇེ་མོག་མོག།


གཞུང་ལམ་སྨུག་པོའི་སྒལ་གཞུང་ལ།།
འཁོར་རིགས་འདྲ་མིན་ཇེ་མང་མང་།།
ཁྲོམ་སའི་ཚོང་ཁང་བཞེངས་ཡག་ནང་།།
ཅ་དངོས་རིན་གོང་ཇེ་མཐོ་མཐོ།།

ལྷོ་གཞིས་བོད་མིའི་ཁ་གྲངས་ནི།།
ལོ་རེ་སོང་བཞིན་ཇེ་ཉུང་ཉུང་།།
གཞི་ལས་ཁང་གི་རྐུབ་སྟེགས་སྟེང།།
སྐུ་ངོའི་ཆེ་ཉམས་ཇེ་བརྗིད་བརྗིད།།

གྲོང་སྤྱིའི་སློབ་གྲྭ་རེ་རེ་ན།།
ཀ་ཁའི་འདོན་དབྱངས་ཇེ་འཇག་འཇག།
ཨ་མའི་པང་གི་བོད་ཕྲུག་རྣམས།།
དབྱིན་ཇིའི་སྒྲ་གདངས་ཇེ་གསལ་གསལ།།

གྲོང་མདོའི་བསིལ་ཡིབས་རེ་རེའི་འོག།།
པ་རའི་ཤོ་སྐད་གསལ་ལྷང་ལྷང་།།
དགོན་མཐའི་མཆོད་རྟེན་སྐོར་ལམ་ན།།
རྒན་གཞོན་དར་གསུམ་འཛོམས་རུག་རུག།

དགོང་ཀའི་ཟིན་ཐོ།

ཉ་དྲི་འཐུལ་བའི་བླ་མཚོའི་འགྲམ་ནས་ངས་ནི་ད་ལྟ་ཅི་ཞིག་སྒུག།
སྦག་སྦག་ནག་པོ་རླུང་ལ་བསྐྱོན་ནས་ང་རང་གང་ཤེད་འཕུར་སྙིང་འདོད།།
གསེར་ཐག་དཔྱངས་བའི་ཨ་ཅག་ཆ་གཅིག་ཕྱི་མིག་དང་བཅས་ལམ་དུ་ཐལ།།
ཉི་འོད་འཁྱིལ་བའི་བར་སྣང་ཁམས་འདིར་ད་སྐབས་བྱ་ཚོགས་འཕུར་གཟོད་མེད།།
མཚོ་མཐའི་ངང་པ་ཆ་ཟུང་འགའ་རེས་གཤོག་པ་ལྷེབ་ཀྱིན་ཉ་ལ་འཇབ།།
བྱིས་པ་གཉིས་ཤིག་ཆུ་ལ་རྩེད་ཀྱིན་ག་ཞ་ཀུ་ཅོས་མཚོ་བྱ་འདེད།།
དགེ་འདུན་འགའ་རེེས་ཉ་གཟན་གཏོར་བཞིན་གནམ་གྱི་ཉི་མར་ཐེངས་འགའ་བལྟས།།
བུ་ཆུང་ནད་པར་སྨན་ཡོན་སློང་བའི་མོན་གྷོའི་ཨ་ཅག་རྒྱགས་པ་དེས།།
མི་ལོ་ལྔ་དྲུག་གོང་ནས་བསླངས་ཏེ་ད་རུང་སློང་ཐག་མ་ཆོད་ཟིག།
མཐོང་མྱོང་མེད་པའི་མི་རེ་ཐུག་ན་གཏམ་རྒྱུད་གསར་པ་རེ་རེ་གདའ།།
དམག་མི་རྙིང་པའི་སྐད་ཆ་དྲན་བཞིན་ཞེ་སེམས་གཏིང་ནས་སྨྲེང་ཞིང་སྐྱོ།།
གཞིས་གྲོང་གསུམ་པའི་ཕོ་རྒོད་ཅིག་ལ་མནའ་མ་བཞི་དང་ཕྲུ་གུ་བརྒྱད།།
མ་བུ་སྔོན་མ་ཕྱི་ལ་གཏོང་གིན་བག་མ་གསར་པ་རིམ་གྱིས་ལེན།།
ད་ཚོད་མནའ་མ་རྗེས་མ་དེའང་བརྗེ་བའི་དུས་ལ་བབ་པར་གྲགས།།
འཁོར་བའི་ཆོས་ལ་སྙིང་པོ་མེད་པའི་ཐེ་ཚོམ་ཞིག་ཀྱང་ཐོལ་གྱིས་བརྡོལ།།
བཟའ་ཟླ་བུ་ཕྲུག་ཟེར་བ་དེ་ཚོ་མཁོ་ཆས་ཙམ་དུ་ད་གཟོད་རྟོགས།།

ཨོ་ཤོའི་སྤྱན་ནང་གི་ཚད་མ་རིག་པ།

གཏན་ཚིགས་རིག་པ་ནི་སྨད་འཚོང་མ་དང་འདྲ་སྟེ། སུ་དང་ཡང་འགྲོགས་སྲིད། དེས་ན་སུ་ཞིག་རྩོད་པ་ལས་རྒྱལ་ཚེ། དེས་ཁོ་པར་བདེན་པ་ཡོད་པར་མི་འགྲུབ། དེས་ཁོ་པ་གཏན་ཚིགས་ཀྱི་སྒྱུ་རྩལ་ལ་བྱང་བ་ཙམ་ར་སྤྲོད་བྱེད། དེ་ཙམ་ཡིན། གཅིག་བྱེད་ན་ཁོ་པར་བདེན་པ་ནམ་ཡང་མེད་པ་ཡང་སྲིད། དེ་བཞིན་དུ་སུ་ཞིག་རྩོད་པའམ་གཏན་ཚིགས་ལས་ཕམ་ཚེ། དེས་ཁོ་པར་བདེན་པ་མེད་པར་མི་འགྲུབ། དེ་ནི་ཁོ་པར་གཏན་ཚིགས་ཀྱི་སྒྱུ་རྩལ་ཞན་པ་ཙམ་ཡིན་སྲིད། དེས་ན་གཏན་ཚིགས་རིག་པས་བདེན་པ་དང་མི་བདེན་པ་ཟེར་བ་གང་ཡང་སྒྲུབ་མི་ནུས། འདི་དག་ནི་རྩེད་མོ་ཙམ་ཡིན།

ཁྱུང་ཨོ་རིག་གིས་བསྒྱུར་ཞིང་མཁན་བསོད་ནམས་ཚེ་དབང་གིས་ཞུ་ཆེན་བགྱིས་པའོ། 


{མ་རྩོམ}
Logic is a whore! ― logic can go with anybody. So whenever someone wins in an argument it does not prove that he has the truth. It only proves that he is more clever in logical gymnastics, that's all; he may not have the truth at all. When someone is defeated in logic, argumentation, it does not prove that he does not have the truth; it may be simply that he is not logically skillful. So there is no truth, no untruth; it is only a game.

(From Osho Online Library: Be Still and Know, 3 chapter no question and answer)
(དྲྭ་ཐོག་ཨོ་ཤོའི་དཔེ་མཛོད། དྲྭ་ཐག) 

ཨ་མའི་དུས་ཆེན།

ཨ་མའི་དུས་ཆེན་ལ་འཇིན་རྟེན་གྱི་ཨ་མ་ཡོངས་རྫོགས་བདེ་ཞིང་སྐྱིད་པར་ཤོག

དམ་པའི་གསུང་རབ་ལས་ཨ་མ་བཀའ་དྲིན་ཆེ་ཚུལ་འཆད་སྐབས། "ཟས་ཀྱི་ཕུད་སྦྱིན། གོས་ཀྱི་རྩེ་གཡོག དྲི་ངན་ལག་པས་འབྱིད།" པ་སོགས་བརྗོད་འདུག་པ་ལྟར་ལོས་ཡིན་མོད། དེ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་ཨ་མས་བུ་ཕྲུག་པ་བཅངས་བའི་ལྷག་བསམ་དེ་ཡིན།
དེའི་དབང་གིས་དེང་སང་ཆེད་མཁས་པ་ལ་ལས་ཕ་མའི་ནོར་འཁྲུལ་ཆེ་ཤོས་གཅིག་ནི་རང་གི་བུ་རྒྱུད་རྣམས་གཞན་ལས་ལྷག་པའི་ཕུལ་བྱུང་རྐྱང་ཡིན་པར་བསམ་གྱིན་ཡོད་པ་དེ་ཡིན་ཟེར། རེད། དོན་དངོས་ལ་གཞིགས་ན་ཆེད་མཁས་པ་ཚོས་གསུངས་པ་བཞིན་བུ་ཕྲུག་ཡོད་ཚད་ཕ་མས་ཆ་བཞག་པ་བཞིན་ཕུལ་རྐྱང་ག་ལ་ཡིན་ཏེ། ཐ་ན་བུ་ཕྲུ་དེ་དག་གི་ཁྲོད་ན་སྤྱི་ཚོགས་ཐོག་གི་མི་ངན་དང་ནུས་མེད་ཇི་སྙེད་ཡོད་ཨང་།
འོན་ཏེ་ལྷད་མེད་རྣམ་དག་གི་བརྩེ་བ་ཞིག་དགོས་ན་བརྩེ་བ་འཇོག་ཡུལ་དེ་མ་མཐའ་ཡང་རང་ངོས་ལ་ཡིད་དུ་འོང་བ་ཞིག་ཡིན་དགོས་པས་གལ་ཏེ་རང་གི་བུ་རྒྱུད་རྣམས་ཐ་ཆད་རྐྱང་མཐོང་གི་ཡོད་ན་བརྩེ་བ་འཇོག་ཐབས་གཏན་ནས་མེད། དེ་སྟབས་ཀྱིས་ཨ་མས་རང་གི་བུ་རྒྱུད་རྣམས་ཕུལ་བྱུང་དུ་མཐོང་གིན་ཡོད་ལ་དེ་ནི་ལྷད་མེད་རྣམ་དག་གི་བརྩེ་བ་འཇོག་པའི་ཐབས་ལམ་ཁོ་ན་དེ་ཡིན།

2017/03/18

གནས་རོགས་མ། 2 (སྟོད་གངས་རི)

གཡུ་རྡོག་སྔོན་པོའི་སྐར་ཆེན་ཞིག།
དཔྲལ་པའི་རྒྱན་དུ་ཚེས་ནས་ཡོད།།
གཉེར་རིས་ཡལ་ག་ཕྲ་མོ་འགའ།།
ཐོད་པའི་ངོས་ལ་བྲིས་ཏེ་ཡོད།།

ཁ་ཁུ་སིམ་པའི་རས་གུར་འོག།
ལ་སྒྲོན་འོད་ཀྱི་གུར་ཁྱིམ་ན།།
ནས་ཆང་མར་དང་བསྐོལ་ཞིང་འཐུང་།།
སྙིང་གཏམ་བཟི་དང་འགྲོཌ་ཏེ་གླེང་།།

སྐམ་གྲུག་མཆུ་ཡི་འདབ་མ་ནས།།
འཛུམ་པའི་བྲོ་བཅུད་དལ་གྱིས་འཐུང་།།
མཁུར་ཚོས་ཀུ་ཤུ་མ་སྨིན་ཡང་།།
དགའ་བའི་དམར་འོད་བག་ཙམ་རྒྱས།།

ཁྱོ་བཟིས་བཅོམ་པའི་སྐུ་གཟུཌ་ལ།།
སྨུག་ཐིག་བབས་པ་མ་སོས་མོད།།
ལུས་ཀྱི་དམ་ཚིག་སྲུང་བ་ལ།།
དྲང་སྲོང་རྒན་པོས་དོ་ཟླ་མིན།།

རྒྱང་རིང་ཕ་གིའི་འབྲོག་ས་ན།།
དར་ཞོ་བསྲེས་མ་ཅི་འདྲ་བཏུང་།།
འབྲོག་ཁྱིས་དེད་ནས་གང་འདྲ་བྲོས།།
རྒྱུག་ཆུར་ཟག་སྟེ་ག་ཚོད་བགད།།

མགོ་ཐོག་ཉི་འོད་འཇམ་ཞིང་དྲོ།།
ས་ཐོག་ན་བའི་མེ་ཏོག་མཛེས།།
འགྲོ་རོགས་ཨ་ཅེའི་གོམ་སྟབས་ཡག།
སེམས་ལ་དབྱར་ཁ་དེ་འདྲ་ཚེས།།

མི་ལོ་ཉི་ཤུའི་ཡར་སྔོན་གྱི།།
ཡིད་ལ་བརྐོས་པའི་དྲན་རིས་འགའ།།
དུས་ཀྱིས་གསུབ་ཏུ་མ་གཏུབས་ནས།།
ད་རུང་མཚམས་རེར་གསལ་ལྷང་ལྷང་།།

2017/02/19

just single proud for me

One evening I came back to home from something hard working, our parent prepared special food only for me. Other siblings already fell in sleep, but that made me cry in so sad. So I asked parents could they join with me, but parents said me "parent never make different among the siblings, but you are only take heavy loading works today, so have enjoy meal, we can't share one bowlful food to all siblings" so I had food with cry without voice, that only one time I made parent proud for me, in my thought, grateful for parents and sorry for siblings you guys, also I blame to myself incapable such like me, couldn't cherish my own siblings! That next morning, my parents told them about me and I got just shy in front of you! 

My jaundice and butter tea

When I was in our home, I had headache, pain in upper back, nostril sore etc, (སྨུག་པོ) so I almost every morning! But parents didn't know I was sick, so I got scold by them, if I tried to get up early morning, then I was sick a full day! hehe. For example: one morning I got up early before dawn and drive Yaks to our nomadic home. When I wan reaching at Zhongna, My sickness got worse  and vomit lot, more over I couldn't rode horse well. But tried to ride horse and drive yaks. Finally I met our deceased father at Gashi village. Then he wanted to return to nomadic home with me for helping. That time I wan Vomiting continue! Those cause by I had Tibetan butter tea, unfortunately I love to drink such disease drinking, after I have stay here, not troubled such illness like that. 

2017/02/14

ལབ་བློ་བཟང་རིན་ཆེན་གྱི་གླུ་གཞས་དགོང་ཚོགས།

བློ་བཟང་རིན་ཆེན་གྱི་གླུ་ཚིག་བརྩམས་ཆོས་སེམས་ཁོང་གི་རེ་འབོད།

རིག་འཛིན་ཁྱུང་པོ།

ཁ་སང་ནུབ་མོ་ངས་དྲྭ་ཐོག་ཡུ་ཊུབ་ (YouTube) ནས་མཚོ་སྔོན་བརྙན་འཕྲིན་ཁང་གི་«གངས་རིའི་སྐར་རྒྱན»གྱི་ལེའུ་ཚན་«ལབ་ཕན་འདུམ་(1) བློ་བཟང་རིན་ཆེན་གྱི་གླུ་ཚིག་བརྩམས་ཆོས་དགོང་ཚོགས»ཞེས་པ་དེ་ལྟ་རྒྱུ་བྱུང་བས་དངོས་གནས་ཡིད་ཚིམ་པ་ཞིག་འདུག

སྤྱིར་ཁོང་གིས་ལོ་རབས་བརྒྱད་ཅུ་པ་ནས་བཟུང་ད་ལྟའི་བར་གཞས་ཚིག་བརྒྱ་ལྷག་བརྩམས་པར་གྲགས། དེ་དག་ལས་ཆེས་དགའ་བསུ་ཐོབ་པའི་གླུ་ཚིག་ཁག་གཅིག་འདེམས་སྒྲུག་གནང་སྟེ་བོད་ཁམས་ཡོངས་ལ་སྙན་གྲགས་འབར་བའི་གླུ་པ་གླུ་མ་རྣམས་ཀྱིས་རིམ་བཞིན་བླངས་སོང་།

དང་པོར་བཤད་འོས་པ་ཞིག་ལ་གླུ་པ་ཡར་དུང་གིས་«པཎ་ཆེན་དྲན་གླུ»བསྐྱར་དུ་བཞེངས་སོང་ལ། གཞས་འདི་ནི་བོད་མགོ་ནག་ཕལ་མོ་ཆེས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་ཨ་ཅང་བརྗོད་མེད་རེད། མ་གཞི་ནས་གླུ་པ་ཁོང་གི་གླུ་དང་ངག་ལ་སུས་ཀྱང་འགྲན་ཟླ་མེད་པ་དོན་དངོས་ཡིན་འདུག ཐ་ན་ཤིན་ཅང་ཁ་ཆེའི་གླུ་པ་ཡན་ཆོད་ནས་གླུ་པ་ཡར་དུང་གི་«ཨ་མ་དྲན་གླུ་»བླངས་འདུག་པ་ཨེ་རིག རྒྱ་གཞས་ཐད་ནས་ད་ལྟ་མི་བཤད།

དེ་མཚུངས་གླུ་མ་རིག་འཛིན་སྒྲོལ་མས་«དཔྱིད་ཀའི་འཕྲིན་བཟང་»སྙན་མོ་དབྱངས་སུ་གྱེར་སོང་། གཞས་འདི་ནི་སྤྱི་ལོ་ 2006 ལོར་མཚོ་སྔོན་བོད་སྐད་བརྙན་འཕྲིན་འཁོར་སྐར་བརྒྱུད་ནས་གཏོང་མགོ་ཚུགས་པའི་དགའ་སྟོན་རྟེན་གྱི་རིག་རྩལ་སྤྲོ་ཚོགས་ཆེན་མོ་«དཔྱིད་ཀའི་འཕྲིན་བཟང་»ཞེས་པའི་བརྗོད་དོན་གླུ་དབྱངས་ཡིན་འདུག

དེ་མིན་གངས་རིའི་བུ་མོ་ཚེ་དབང་ལྷ་མོས་«ལུག་རྫི་བུ་མོ»དང་། གཡུ་རྩེའི་བུ་རྒྱུད་ཤེར་བསྟན་གྱིས་«མ་དྲིན་ཅན་གསུང་སྐད་དེ་ལས་སྙན»སོགས་བླངས་སོང་། སྤྱིར་ཡིན་ན་གཞས་འདི་གཉིས་རིག་འཛིན་སྒྲོལ་མས་སྤྱི་ལོ་2011ལོར་དེ་བར་ནས་བླངས་ཟིན་ལ་ཧ་ཅང་སྙན། འོན་ཏེ་ཕྱིས་སུ་ཚེ་དབང་ལྷ་མོས་«ལུག་རྫི་བུ་མོ»བསྐྱར་ལེན་གནང་སྟེ་དགའ་བསུ་ཅུང་འཐོབ་ཀྱིན་ཡོད་པར་སྣང་ཡང་། དགོངས་དག་ཞུ་ཡ་ཞིག་ལ་གཞས་འདིའི་ཐོག་ནས་གངས་རིའི་བུ་མོས་རིག་འཛིན་སྒྲོལ་མ་ལ་དོ་མེད་པའི་སྣང་བ་བྱུང་། དེ་ལས་མོ་རང་གི་«འབྲོག་མི»དང་«ཁོར་ཡུག་ཚོང་ལས»སོགས་ཧ་ཅང་སྙན།

ཤེར་བསྟན་གྱིས་དབྱངས་རྟ་གཞན་ཞིག་གིས་«མ་དྲིན་ཅན་གསུང་སྐད་དེ་ལས་སྙན»བླངས་འདུག་པས་བསྐྱར་ལེན་མིན། གང་ལྟར་མདོ་ཁམས་མང་ཚོཌ་ཀྱིས་ཤེར་བསྟན་ལ་དགའ་བསུ་ཞུ་བ་ནི་ཆེས་རྒྱུན་ལྡན་ཡིན་པས་གཞས་འདི་ཡང་ཉན་མཁན་མང་པོ་ཡོད་བཟོ་འདུག རྗེས་སུ་ཕུར་བུ་ཕྲིན་ལས་རྣམ་རྒྱལ་གྱི་གཞས་མ་རྐུ་རོགས། (2) ཧ་ཧ། ཀུ་རེ་ཡིན། ང་ལ་མཚོན་ན་ཤེར་བསྟན་གྱི་གཞས་«འཁོར་བ» དང་«འགྱུར་སོང་བ་ཤེས་དུས་འཕྱི་འདུག» «མཐུན་སྒྲིལ་གྱི་རང་སྒྲ»སོགས་ཧ་ཅང་སྙན།

དེ་འཕྲོར་གླུ་པ་གངས་བཞུགས་སོགས་ཀྱིས་«སེམས་ཁོང་གི་རེ་འབོད་»ཅེས་པའི་གླུ་དབྱངས་སྙན་མོ་དེ་བཏང་འདུག གཞས་འདི་ནི། 2005 ལོར་མདོ་སྨད་ཀྱི་ཡུལ་སྡེ་གཉིས་རྩ་ས་རྩོད་གླེང་བྱས་ཏེ་མི་ཤི་རྟ་འགྱེལ་གྱི་གནས་ཚུལ་ཚབས་ཆེན་བྱུང་བ་འདུམ་འགྲིག་ཆེད་གླུ་གཞས་དགོང་ཚོགས་ཞིག་གོ་སྒྲིག་བྱས་པའི་བརྗོད་དོན་གླུང་དབྱངས་ཡིན་འདུག གཞས་འདིས་བོད་རིགས་མི་ཉུང་བ་ཞིག་གི་སེམས་ལ་བག་ཆགས་ཟབ་མོ་བཞག་ཡོད་པར་བཤད།

དེ་བཞིན་བདེ་སྐྱིད་ཚེ་རིང་སོགས་ཀྱིས་ཉེ་ཆར་བླངས་པའི་«ངའི་ཕ་ཡུལ་རྨ་འབྲུ་རྫ་གསུམ» དང་། དབྱངས་ཅན་ལྷ་མཛེས་ཀྱིས་«ཆུ་ལེན་བུ་མོ» གཙང་གསུམ་སྤུན་མཆེད་ཚན་སྡེབ་ཀྱིས་«རྩམ་པ» གླུ་མ་བསོད་ནམས་ཆོས་སྒྲོན་སོགས་ཀྱིས་«བདེ་སྐྱིད་ཀྱི་ཁྲི་འདུ» སྡེ་དགེའི་གླུ་པ་ཚེ་དབང་གིས་«འཛོམས་པའི་དུས་ཤིག་ལོས་ཡོད» རིག་ལྡན་ཚེ་རིང་སོགས་ཀྱིས་«ལས་ཀྱི་ཟླ་བ་གོར་གོར་» ཐུ་བྷོད་ཚན་སྡེབ་ནས་«ཁྱིམ་གཞིས་གསར་པ» བཀྲ་ཤིས་ཉི་མ་སོགས་ནས་«འབྲི་མོ་དགོས་པའི་མཛེས་སྡུག་རི་མོ» ཡར་དུང་གིས་«སྐྱབས་འཇུག»དང་། གཞན་ཡང་

«ལོ་གསར་གྱི་ཁ་བ» «ཁྲི་འདུ་གསར་པ» «བྱམས་སེམས་ཀྱི་འཇིག་རྟེན» སོགས་དུ་མ་བླངས་འདུག་ལ་གཅིག་ལས་གཅིག་ཡག་རྐྱང་རེད།

ཁོང་གི་གཞས་ཚིག་བརྩམས་ཆོས་ཡོངས་རྫོགས་ལས་ཆེས་སྙན་ཤོས་དེ་«ལུག་རྫི་བུ་མོ»ཡིན་པར་ཚོར་ལ། གོ་སྒྲིག་ཚོགས་པའི་མདོ་འཛིན་པ་ཚོས་ཀྱང་དེ་རང་ལ་ངོས་འཛིན་བྱེད་ཀྱིན་ཡོད་པར་སྣང་། དེ་ནས་ཨང་གཉིས་པ་དེ་«མ་དྲིན་ཅན་གསུང་སྐད་དེ་ལས་སྙན»ཟེར་བ་དེ་ཡིན་ཆོག་གམ་སྙམ།

འོ། འདིར་དམིགས་བསལ་ཞིག་ལ། རྒན་བསོད་ནམས་རིན་ཆེན་ནི་གླུ་ཚིག་བརྩམས་ཆོས་ཐད་ལོ་མང་རིང་ཉམས་མྱོང་བསགས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་དང་འཐོབ་བཞིན་ཡོད་ཀྱང་། སྡིངས་ཆའི་ཐོག་ལ་སླེབས་དུས་སྤོབས་པ་དང་ཉམས་མྱོང་གཏན་ནས་མེད་པའི་རྣམ་པ་གསལ་པོ་བསྟན་སོང་། སྤྱིར་ཡིན་ན་ཁོང་དགེ་རྒན་རྙིང་པ་ཞིག་ཡིན་སྐད་འདུག་པས་སྡིངས་ཆར་འགྲེང་སྟེ་གཏམ་བཤད་བྱེད་པ་ལ་ཉམ་ང་གཏན་ནས་མེད་དགོས་པ་ལྟ་བུ་རེད།

འདི་ཡང་གཅིག་བྱས་ན་ང་ཚོ་བོད་མི་རིགས་ཀྱི་བག་འཁུམ་གྱི་བསམ་བློ་དང་འབྲེལ་བའི་མི་དགོས་པའི་ངོ་ཚ་དེས་བྱས་ཡོད་ལས་ཆེ། གལ་ཏེ་ཁོང་མི་རིགས་གཞན་ཡིན་ན་སྐབས་འདིར་ནང་མི་ཚང་མ་སྡིངས་ཆའི་སྟེང་ལ་ཁྲིད་ནས་དགའ་འབོད་ཀི་བསྭོ་སོགས་བྱེད་ངེས་ཀྱང་། ཁོང་གི་ཆུང་མ་ནི་མ་གིའི་ལྟད་མོ་བའི་ཁྲོད་དུ་ལྷག་འདུག


————<<•>>———<<•>>——


(1) ནང་ཆེན་ཁྲི་འདུ་རྫོང་ཁོང་གི་ས་གནས་ཞིག

(2) ཕྱི་སྡོད་བོད་མིའི་དགོད་བྲོའི་གཏམ་གླིང་ཞིག་ལ། “ཀ་པས། —ཨེ། དེང་སང་ཤེར་བསྟན་དང་ཚེ་དབང་ལྷ་མོ་དེ་ཚོས་གཞས་གསར་པ་བཏང་མི་འདུག་གས། ཁ་པས།—མི་འདུག ཀ་པས།—གང་ཡིན་ནམ། ཁ་པས།— གང་ཡིན་ཟེར་ན། བལ་ཡུལ་ནས་ཕུར་བུ་ཊི་རྣམ་རྒྱལ་(Phurbu T. Namrgyal) ལ་གཞས་གསར་པ་མི་འདུག་ཟེར།”

2017/02/08

གངས་རི་ཏི་སེ།


-----ཁྱུ་རིག་འཛིན།
ཁྲུང་ཁྲུང་དཀར་མོའི་སྒྲོ་གུར་གྱི།།
སྤྲིན་པའི་བླ་བྲེ་བྲེས་པའི་འོག།
ཏི་སེ་གངས་དཀར་སྙིང་འདྲ་མ།།
ཁྱོད་རང་མཇལ་བ་ཅི་འདྲའི་མང་།།

ས་མཐའི་ཨ་སྐྱོ་[1]དད་པ་ཅན།།
ས་ལམ་་ལེ་བར་ཁྲི་འབུམ་ནས།།
ས་འབུ་རྐང་མེད་ཇི་བཞིན་དུ།།
ས་རུ་ནུད་དེ་འོང་གིན་གདའ།།

སྒྱིད་པ་འདར་བའི་རྒན་ཁོག་ཀྱང་།།
འཁར་བ་བཟུང་ནས་འོང་གིན་གདའ།།
མདང་སྐྱེས་མ་འབྱར་བྱིས་པ་ཡང་།།
ཕ་མས་ཁུར་ཏེ་འོང་གིན་གདའ།།

ལས་ཁུང་ནང་གི་རྒྱུན་ལས་ཀྱང་།།
དགོངས་པ་ཞུས་ནས་ཡོང་གིན་གདའ།།
ཁ་སང་བསུས་པའི་བག་གསར་ཡང་།།
ཁྱོ་བོ་བཞག་ནས་འོང་གིན་གདའ།།

འབྲོག་རའི་ནང་གི་ཕྱུག་རྫི་ཡང་།།
ནོར་ལུག་གཡུགས་ནས་འོང་གིན་གདའ།།
ཞིང་རའི་ནང་གི་ཞིང་པ་ཡང་།།
སོ་ནམ་བཞག་སྟེ་འོང་གིན་གདའ།།

སློབ་གྲྭའི་ནང་གི་སློབ་མ་ཡང་།།
སློབ་སྦྱོང་བཞག་སྟེ་འོང་གིན་གདའ།།
རི་ཁྲོད་ཕུག་གི་སྒོམ་ཆེན་ཡང་་ཡང་།།
ཉམས་ལེན་བཞག་ནས་འོང་གིན་གདའ།།

ཕྱུག་པོ་ཁེ་ལས་བདག་པོ་ཡང་།།
ལས་ཀ་བཞག་ནས་འོང་གིན་གདའ།།
སྤྲང་པོ་སློང་མོས་འཚོ་བ་ཡང་།།
ཕོར་པ་ཟད་ནས་འོང་གིན་གདའ།།

རྒྱ་རིགས་བློ་མཐུན་དེ་ཚོ་ཡང་།།
འཁྱཌ་རེངས་ཤོར་བཞིན་འོང་གིན་གདའ།།
མགོ་སེར་སྤྲེའུ་དེ་ཚོ་ཡང་།།
པར་ཆས་བཟུང་ནས་འོང་གིན་གདའ།།

མདོར་ན་རྒྱ་བལ་ཨ་རབ་སོགས།།
མགོ་སེར་མགོ་ནག་མི་ནག་བཅས།།
ས་སྟེང་མི་རིགས་ཕལ་མོ་ཆེ།།
འདི་རུ་མ་འོང་སུ་གཅིག་མེད།།

འོང་བའི་འོང་དོན་ཅི་ཞིག་རེད།།
ཕལ་ཆེར་ཆོས་ཀྱི་ཆེད་དུ་རེད།།
འགའ་རེ་ནོར་གྱི་ཆེད་དུ་རེད།།
འགའ་རེ་ཡུལ་སྐོར་སྤྲོ་འཁྱམ་རེད།།

རྒྱ་གར་བལ་པོའི་ཡུལ་ནས་ཀྱང་།།
ལྷ་ཆེན་དྲན་བཞིན་འོང་གིན་ཡོད།།
བླ་མ་སྤྲུལ་སྐུ་དེ་ཚོ་དེ་ཡང་།།
འགྲོ་དོན་བསམས་ནས་འོང་གིན་ཡོད།།

རླངས་འཁོར་ལ་བ་དག་ཀྱང་།།
ཡོང་འབབ་བསམས་ཏེ་འོང་གིན་ཡོད།།
ཚོང་ལས་ཙག་ཙིག་གཉེར་མཁན་ཚོས།།
ཁེ་བཟང་བསམ་ནས་འོང་གིན་ཡོད།།

རྐུ་མ་ཕྱོགས་སྤང་དེ་དག་ཀྱང་དེ་ཀྱང་།།
འཕྲོག་བཅོས་བྱེད་སར་འོང་གི་ཡོད།།
བུད་མེད་འཆལ་མོ་དེ་ཚོས་ཀྱང་།།
སྐོར་མོ་སླུ་སར་འོང་གིན་ཡོད།།

སྐད་ཆ་མ་གསང་བཤད་བཞག་ན།།
གང་ལྟར་འདི་ཚོའི་་འོང་སྟངས་དེ།།
བསིལ་བ་ཚལ་ལ་གདོང་གཏད་པའི།།
རོ་ལངས་བཞིན་དུ་འོང་གིན་གདའ།།

གཡང་གཟར་ངོས་ནས་ལྷུང་བ་ཡི།།
རྦབ་རྡོ་བཞིན་དུ་འོང་གིན་གདའ།།
དར་རས་དམར་པོ་གཡུག་ས་ལ།།
གླང་རྒོད་བཞིན་དུ་འོང་བཞིན་གདའ།།

[1] མདོ་ཁམས་ཀྱི་གནས་སྐོར་བ།

2017/01/28

དྲྭ་ཐོག་རང་དབང་།

——ཁྱུང་རིག་འཛིན།
བདག་ལ་འདུལ་བའི་འདུལ་ཁྲིམས་ལས།།
དྲྭ་བའི་འདུལ་ཁྲིམས་ཟེར་བ་ཞིག།
མ་བླངས་མི་ལེན་བླང་མི་འགྱུར།།
དེས་ན་བདག་ནི་རང་དབང་ཡིན།།

ལྷ་དང་བླ་མ་མིན་ན་མིན།།
ཆོས་དང་འདུལ་བ་མིན་ན་མིན།།
རང་གི་སྙིང་ལ་འཐད་གྱུར་ན།།
དེ་ནི་ངེས་པར་བསྟོད་པར་བྱ།།

རབ་ན་བདེན་པའི་རོ་བཅུད་མངར།།
ཡང་ན་ཚིག་གི་ཁ་དོག་དྭངས།།
དྲྭ་རྩོམ་ཆང་རག་འདིའི་རིགས་ནི།།
ངས་ནི་བཏུང་རྗེས་མཐེ་བོང་སྒྲེང་།།

རྒན་བྱིས་སྐྱེས་པ་བུད་མེད་དང་།།
ཕོ་ཡག་མོ་མཛེས་བརྙན་པར་སོགས།།
ཡིད་དུ་འོང་ན་དགའ་རྟགས་འགོད།།
དེ་ལ་ཐེ་ཚོམ་ཅི་ཡང་མེད།།

ལྷ་འདྲེ་སུ་ཞིག་བསྟེན་ནའང་སྟོན།།
ཤུགས་དང་ལྡན་ནམ་མི་ལྡན་སོཌ།།
ཁུངས་ལུང་འདྲ་མིན་འགའ་བཙལ་ནས།།
ངས་ནི་ཁྱེད་ཅག་ཅང་མི་སྤྱོ།།

དབུ་རང་རྩོད་པའི་མུ་ཅོར་ནི།།
ཨ་མྱེ་རྒད་པའི་ཁ་འདོན་འདྲ།།
ཚར་བའི་དུས་ཤིག་ཡེ་མེད་པས།།
གནས་སྐབས་བདག་གིས་རྣ་བ་འགེབས།།

མང་ཚོགས་གང་དུ་བཤར་ནའང་གཤར།།
བདག་ནི་བདག་གི་དགའ་ཕྱོགས་ཀྱི།།
རྟ་ལ་ཞོན་ཏེ་ཅིས་ཀྱང་བསྐྱོད།།
དེ་ལ་སུས་ཀྱང་ཇུས་གཏོགས་མེད།།

2017/01/12

དགོང་ཀའི་ཟིན་ཐོ།

——ཁྱུང་རིག་འཛིན།

ལི་ཁྲི་བཞུས་བའི་སྤྲིན་ཀྱི་ཚོཌ།།
ཚ་ལུ་མ་ཡི་ཉིང་ཁུ་ཡིན།།
སྤྲིན་ལ་འཕྱོ་པའི་ཉི་མ་ནི།།
སེམས་ཀྱི་གསེར་ཉ་ལྡང་ཚུལ་ཡིན།།

མཐོན་པོ་གནམ་གྱི་མེ་ལོང་ནས།།
ལྕུང་ཀ་ཁྱུ་གཅིག་རྒྱང་དུ་ཡལ།།
ངང་པ་ཆ་གཅིག་ལྡོག་སྟེ་བྱུང་།།
སེམས་པ་རྐང་གཅིག་ཧ་ཅང་སིམ།།

ཅི་ཞིག་དོན་དུ་བྲེལ་བ་ཡི།།
རླུང་ལ་བསྐྱོན་པའི་འཕྲུལ་རྟ་ཞིག།
འོད་ཀྱི་མཇུག་མ་དམར་ལྷག་གེར།།
གནས་ས་འདྲེས་པའི་སྲུབ་ལ་ཐལ།།

འདུན་པའི་འཕྲིན་ལམ་མ་བརྗེས་པར།།
སྣང་བའི་འཆར་སྒོ་གློ་བུར་ལོག།
བུ་ཡུག་ཁྲོད་ཀྱི་རི་མགོ་ནས།།
འགྲན་པ་གླན་དེ་ཕན་ཚུན་བསྲོ།།

མ་རེད་ཁ་བ་འཐུག་པོའི་འོག།
རྨི་ལམ་མཉམ་དུ་བཏང་བ་འདྲ།།
གངས་ཀྱིས་བཟུང་བའི་སྲིབ་ཁུག་ན།།
མེ་ཁ་ལྷན་དུ་གསོ་སྣང་འཆར།།

ཉི་མ་ལྷ་སའི་ཁྲོམ་ལམ་ནས།།
ལག་རྡང་སྤྲེལ་ནས་རྒྱུག་ཚུལ་སྣང་།།
འདི་ཚོ་སྔར་དུས་མ་ཡིན་ན།།
སྐྱེ་བ་གཞན་དུ་ཨེ་ཡིན་ན།།

ཉི་མ་ཚང་དུ་ག་ལེར་ཐལ།།
སེམས་ཀྱི་ཟླ་འོད་ཕྱི་ནང་དཀར།།
སྐར་མའི་མིག་མདངས་ཁད་ཀྱིས་གྲུང་།།
བསིལ་རླུང་རེག་པ་ཧ་ཅང་འཇམ།།

གྲོགས་པོས་འོད་ཀྱི་མེ་ལོང་ནས།།
ཚར་རྒྱུ་མེད་པར་ཅིག་ཅིག་འཚོལ།།
རྫོགས་རྒྱུ་མེད་པར་ཉིག་ཉིག་བཤད།།
ད་ཚོད་ཁྱིམ་དུ་ལོག་རན་འདྲ།།

ཆོས་གྲོགས་ལ་ཕུལ་བའི་སེམས་གཏམ།

བདག་གིས་ངོ་ལོ་བཅོ་ལྔའི་གོང་ཙམ་ལ་བྲིས་པའི་སྙན་རྩོམ་ཞིག་ཉེ་ཆར་ལོ་ཤས་སྔོན་དུ། རྒྱ་གར་ལྷོ་ཕྱོགས་མཻ་སུར་སྔ་འགྱུར་རྙིང་མའི་ཆོས་སྡེ་ཆེན་པོ་རྣམ...