བདག་གིས་ངོ་ལོ་བཅོ་ལྔའི་གོང་ཙམ་ལ་བྲིས་པའི་སྙན་རྩོམ་ཞིག་ཉེ་ཆར་ལོ་ཤས་སྔོན་དུ། རྒྱ་གར་ལྷོ་ཕྱོགས་མཻ་སུར་སྔ་འགྱུར་རྙིང་མའི་ཆོས་སྡེ་ཆེན་པོ་རྣམ་གྲོལ་གླིང་གི་དུས་དེབ་«པདྨའི་རང་མདངས་ཀྱི་ལེགས་རྩོམ་གཅེས་བཏུས་དཔེ་ཚོགས་»ལས་«སྙན་རྩོམ་དབྱངས་ཅན་མགྲིན་གླུ་»ནང་དུ་ཚུད་འདུག་པ་དེ་འདིར་བཀོད་ཡོད། «སྙན་རྩོམ་དབྱངས་ཅན་མགྲིན་གླུ་» Byalakuppe, Mysore: «སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་» 2016, pp. 135––140.
ཆོས་བཞིན་སྤྱོད་པའི་ཆོས་ལྡན་གྱི་གྲོགས་པོ། །
སྙན་ཚིག་ཉམས་བརྒྱའི་འགྱུར་ཁུགས་རང་མེད་ཀྱང༌། །
བཅོས་མིན་སེམས་ཀྱི་ཁ་བརྡ་འདིར་གསོན་དང༌། །
ཉམས་དགའི་དབེན་གནས་ནགས་ཁྲོད་དང་བས་མཐར། །
རྩེ་གཅིག་སྒོམ་པའི་རྣལ་འབྱོར་འདི་མེད་ཀྱང་། །
བཟང་ངན་འཛིངས་པའི་སྤྱི་ཚོགས་ཀྱི་ཁྲོད་དུ། །
ཡ་རབས་དམ་པའི་ངང་ཚུལ་འདི་མ་ཤོར། །
ཆེ་རྒུའི་མདུན་དུ་ངོ་སྲུང་གི་བཅོས་འཛུམ། །
ཉམ་ཆུང་ཐོག་ཏུ་འཕྱ་སྨོད་ཀྱི་ཁྲེལ་འཛུམ། །
སོ་ཕྲེང་ངོམས་པའི་རྣམ་འགྱུར་འདི་ཁོ་ནས། །
བྱམས་སྡང་སྒྱུ་མའི་གར་རྩེད་དག་མ་སྟོན། །
གཞན་ཕན་ལྷག་བསམ་དབྱར་དུས་ཀྱི་ལྗོན་བཟང་། །
ལེགས་བྱས་ཕན་བདེས་གྲིབ་བསིལ་དག་མེད་ཀྱང༌། །
གཞན་འབྱོར་ཕུན་ཚོགས་རབ་དཀར་གྱི་ལྷུན་པོར། །
མ་བཟོད་རཀྟའི་ཁྲུས་ཆབ་འདི་མ་གཏོར། །
མ་རྒན་སེམས་ཅན་དྲིན་ལྡན་དུ་གོ་ན། །
མ་ཎི་བགྲང་བའི་བསྔོ་བ་འདི་མེད་ཀྱང་། །
ལྟོ་ཐེངས་གཅིག་གི་བྲོ་བ་ལ་བརྔམས་ཏེ། །
ཉམ་ཆུང་དུད་འགྲོའི་ཚེ་སྲོག་དེ་མ་འཕྲོག །
མགོ་དང་རྣ་བས་རང་ལུགས་འདིར་འཐམ་ཞིང་། །
སྒྲོ་དང་སྐུར་བས་གཞན་ཕྱོགས་སུ་གཤེ་བ། །
ཆགས་དང་སྡང་བའི་མེ་འོབས་འདིའི་ཀློང་དུ། །
ལེགས་བྱས་ཚོགས་ཀྱི་བུད་ཤིང་དེ་མ་སྲེག །
འདོད་ལྷ་དབུ་སེར་ཆེ་ཐང་གིས་བརྟེན་ན། །
འདོད་ཡོན་དངོས་གྲུབ་སྩོལ་བ་རེ་སྲིད་ཀྱང་། །
འདོད་སྲེད་འཁྲུགས་པའི་རྒྱ་མཚོ་འདིའི་ཀློང་དུ། །
ཆོག་ཤེས་ནོར་བུ་རྩ་བརླག་ཏུ་མ་ཤོར། །
རང་རང་བདེ་སྡུག་སྔོན་བསགས་ལ་རག་ན། །
འཁྲུལ་སྣང་ལྷ་འདྲེས་བཀའ་དབང་གི་འོག་ཏུ། །
མ་བསྐོས་དང་བླངས་རང་འཆིང་གི་བྲན་གཡོག །
གདོད་མའི་སྐྱེ་བོའི་རྡོག་ཁྲེས་འདི་མ་ཁུར། །
སྤང་བླང་མ་ཕྱེ་འཇུག་ལྡོག་གི་བྱ་བར། །
མངོན་རྗེས་ཚད་མས་འཇུག་པ་དག་མེད་པར། །
མ་ངེས་མོ་ཡིས་ཐག་གཅོད་ཅིག་གནང་སྟེ། །
རང་མགོ་རང་གིས་བསྐོར་བ་རང་ཅི་དགོས། །
ཅི་ཡང་མི་མངོན་མུན་ནག་གི་ཁྲོད་དུ། །
ཅི་མཛད་ལེགས་པར་མོས་པ་ནི་འདི་ལས། །
གང་ཡང་གསལ་བའི་དཔྱད་རིགས་ཀྱི་སྒྲོན་མེས། །
སུ་ཡང་བརྟག་པར་འཛེམ་བག་འདི་མ་གནང་། །
གང་དག་འབྱོར་ཕྱུག་ནོར་བདག་གི་རྣམ་རོལ། །
བུ་སྨད་སྐྱོང་བའི་ཁྱིམ་བདག་གི་མཛད་པ། །
སྡེ་རིས་འབྱེད་པའི་སྲིད་དོན་གྱི་ཕྲིན་ལས། །
མ་ངེས་འཁྲུལ་བའི་བླ་གཟུགས་འདི་མང་ཡང༌། །
མདོ་རྒྱུད་དགོངས་དོན་རང་སེམས་དང་འདྲིས་ཤིང༌། །
མ་སྨད་ལྷག་བསམ་གཞན་དོན་གྱི་ཕྲིན་ལས། །
བཤད་སྒྲུབ་ཆོས་ཀྱི་སྒྲོན་མེ་རབ་འདེགས་པའི། །
ངེས་དོན་བླ་མ་ངེས་པར་དུ་མ་ནོར། །
ཨ་མས་རྨིས་པའི་རྨི་ལམ་གྱི་ཁྲོད་དུ། །
ཨ་ཕས་ཞུས་པའི་ཆོག་མཆན་ཞིག་བསྣམས་ཏེ། །
སྒྱུ་མ་འཕྲུལ་གྱི་འཕུར་གྲུ་ལས་ཕེབས་པའི། །
དེང་རབས་སྤྲུལ་སྐུའི་རྒྱུ་འགྲུལ་འདི་མང་ཡང་། །
དམ་པ་གོང་མའི་རྒྱུད་པ་དེ་འཛིན་ན། །
དམ་བཅའ་ཙམ་གྱི་ཁ་ཕོ་འདི་མིན་པར། །
དམ་པའི་ཚུལ་དགུ་རང་ཆས་སུ་མངའ་བའི། །
དམ་པའི་སྐྱེ་སྤྲུལ་འཚོལ་བ་ལ་མ་ནོར། །
སྙན་དང་གྲགས་ཕྱིར་རྟེན་བཞེངས་དང་གཏོང་སྒོ། །
ཁེ་དང་རྒྱལ་ཕྱིར་སྐུ་རིམ་དང་ཞབས་བརྟན། །
བསྟོད་དང་བཀུར་ཕྱིར་ཚུལ་འཆོས་དང་ཟོག་པོ། །
ཆོས་ལྟར་བཅོས་བའི་བསྟན་པ་དག་འཛིན་ན། །
བཅོས་མིན་སྙིང་རྗེའི་རང་བཞིན་གྱི་མཛེས་གཟུགས། །
བསླབ་གསུམ་ནོར་བུའི་རྒྱན་ཕྲེང་གིས་སྒེག་པའི། །
རྣམ་དག་ཆོས་ཀྱི་དགའ་མ་དང་འགྲོག་ཚེ། །
ཆོས་བརྒྱད་སྡོམ་སོ་ཤོར་བ་ལ་མ་སྐྱེངས། །
ལུང་རྟོགས་ཆོས་ཀྱི་པད་ཚལ་དག་འཛུམ་པར། །
ཐོས་བསམ་སྒོམ་པའི་གཟིགས་མོ་ལ་སྤྲོ་ན། །
རྔ་རྡུང་རོལ་མོའི་རམ་འདེགས་དང་ལྷན་དུ། །
མི་ཚེའི་ཟློས་གར་གྲོང་ཆོག་ལ་མ་རྩེན། །
གང་དག་ངག་རྟ་གཞན་གསོས་ཀྱི་བུ་མོ། །
སྤོམ་བཤད་ཚིག་གི་འགྱུར་ཁུགས་ལ་མཁས་ཀྱང་། །
དཀའ་བའི་གནད་ཀྱི་འཁྱག་རོམ་དག་བརྩེགས་པར། །
འཆད་པའི་མགྲིན་བཟང་འདྲེད་རྡབ་ཏུ་མ་ཤོར། །
ཅ་ཅོའི་རྩོད་སྒྲ་འབྲུག་སྟོང་བཞིན་རྒོད་ཀྱང་། །
ཡང་དག་རིགས་པའི་སྦྲང་ཆར་འདི་དབེན་ན། །
མི་སྡུག་བཞིན་གྱི་ཁྲོ་གཉེར་དག་བསྡུས་ཏེ། །
ངན་མཚང་འབྲུ་བའི་འཐབ་རྩོད་འདི་མ་གནང་། །
རྩོམ་པའི་བརྗོད་སྙིང་འབྲས་དཀར་གྱི་ཕུང་པོ། །
སྡེབ་ལེགས་ཚིག་གི་ཕབ་རྩི་དང་སྦྱར་བ། །
མངར་སྐྱུར་རང་ཁུའི་བཟི་ཁ་འདི་མེད་ན། །
ཉག་ཉོག་ཚིག་གི་ཤོག་ཁ་རེ་མ་འགེངས། །
ཐོས་དོན་སྒོམ་སྒྲུབ་ཡུན་རིང་དུ་གནང་མཐར། །
མ་ཉམས་དུག་ལྔ་རང་གཞིན་གྱི་ཕ་འབབ། །
མཐོ་དམན་བར་མའི་སྐྱེ་བོ་ལ་སྦྱིན་གྱིན། །
རང་ཁྱིམ་སྤང་སར་རང་འཇགས་སུ་མ་ཕེབས། །
ཞི་བསིལ་བདུད་རྩིའི་ཟེགས་མ་དག་རེས་ཀྱང་། །
སྲིད་པའི་ཚ་གདུང་ལྷག་མེད་དུ་འཇོམས་པའི། །
མདོར་ན་ཆོས་ཀྱི་ཆུ་གཏེར་འདི་རྒྱས་པར། །
ཆོས་མིན་སྲིད་ཀྱི་བ་ཚྭ་འདིས་མ་སྦགས། །
ཡོན་པོར་བརྗོད་པའི་བཅོས་བསླད་དག་མེད་པར། །
རང་སེམས་དྭངས་མ་ཉག་གཅིག་ལས་རྡོལ་བ། །
གཤིས་ཀྱི་རབ་མངར་སེམས་གཏམ་གྱི་འོ་རྒྱན། །
མཆེད་གྲོགས་དགྱེས་པའི་མཆོད་ཕྲེང་དུ་སྤྲོ་འོ། །
No comments:
Post a Comment
གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག