2018/12/24

རྟ་ཤོད་ཅེས་པའི་ཐ་སྙད་ཀྱི་ལོ་རྒྱུས།

ཁྱུང་རིག་འཛིན། ༢༠༡༨། ༡༡། ༠༧།

 



དེ་ཡང་བོད་མདོ་ཁམས་ཡུལ་དུ་སྨད་ཀྱི་ཏྲེ་ཤོད་དང་སྨར་ཤོད། བར་གྱི་དཔའ་ཤོད་དང་ལྗང་ཤོད། སྟོད་ཀྱི་དངུལ་ཤོད་དང་ནག་ཤོད་སོགས་ཀྱིས་མཚོན་པས་ཤོད་ཆེན་བཅོ་བརྒྱད་སོགས་བརྩི་སྲོལ་ཡོད་པ་ལྟར་འདིར་ཁམས་སྟོད་ཁྱུང་པོའི་ལུང་ཚན་“རྟ་ཤོད་”ཅེས་པའི་ཡུལ་མིང་འདིར་ཅུང་ཟད་དཔྱད་ན། ཐ་སྙད་འདི་ཆེས་མ་འཐའ་ཡང་འདི་ནས་ཡར་བརྩིས་པའི་ལོ་ངོ་ཆིག་སྟོང་ཙམ་གྱི་སྔོན་ནས་ཡོད་པ་སྟེ།

རྟ་ཤོད་གཞུང་།
དེ་ཡང་ཐོག་མར་དུས་རབས་ ༡༠ དང་ ༡༡ པའི་བར་བྱོན་པའི་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་ (968–1076) གྱིས་བརྩམས་པར་གྲགས་པའི་«རླངས་ཀྱི་པོ་ཏི་བསེ་རུ་» (གངས་ཅན་རིག་མཛོད། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1985, p. 30.18–19) ལས། “རུ་དཔོན་གྱིས་སུམ་ཅུ་པ་ [=སུམ་པ་?] རླངས་ཡུལ་གྱིམ་ཤོད་བྲག་ཤེལ་ལེ་རྒྱ་གར་གྱི་ཞོལ་རྟ་ཤོད་ལུང་དམར་”ཞེས་ཡུལ་ལུང་གི་ཁ་དོག་དང་། ཡང་དེ་ཉིད་ (p. 89.16–17) ལས། “རླངས་ཀྱི་གྲུབ་ཐོབ་ཆེན་པོ་རྩ་རྔུ་ལྷ་ཡི་རྡོ་རྗེས། རྟ་ཤོད་ལྷ་ཁང་ཐང་དུ་མཐའ་འདུལ་གྱི་གཙུག་ལག་ཁང་བཞེངས།” ཞེས་རྟ་ཤོད་ཀྱི་ཐ་སྙད་ཙམ་མིན་པར་རྟ་ཤོད་དུ་ཡོད་པའི་ས་གནས་བྱེ་བྲག་པ་“ལྷ་ཁང་ཐང་”གི་མིང་དང་། དེ་བཞིན་དུ་ (p. 91.10–11) “རླངས་ཀྱི་གྲུབ་ཐོབ་ཆེན་པོ་རྩ་ངུ་རྟའི་ [= ལྷའི་] དབང་ཕྱུག་གིས། རྟ་ཤོད་རྩེ་རུ་རྒྱལ་པོ་རྡོ་རྗེ་བཙན་གྲགས་ [...] དམ་ལ་བཏགས་”ཚུལ་དང་། ཡང་ (p. 96.15–17) “སློབ་དཔོན་པད་མའི་བཀའ་བསྟན་བཅོས། དབུ་ཞྭ། ན་བཟའ། ཕྱགས་ [= ཕྱག་] གའུ་རྣམས་རྟ་ཤོད་ལྷ་ཁང་། ཆོས་སྟོན་ཐུགས་རྗེའི་གླིང་དུ་དབུས་ཀྱི་ཀ་ཆེན་ལ་ཁོལ་དུ་བཅུག་ནས། ཡི་དམ་དུ་བཞུགས། མཆོད་པ་ཕུལ་བ་ལ། ལྷོའི་ཡུལ་ཐམས་ཅད་དུ་མི་ནད་ཕྱུགས་ནད་ཐམས་ཅད་ཆད་ནས་བཀྲ་ཤིས་པ་བྱུང་”ཚུལ་སོགས་རྒྱ་ཆེར་འཁོད་ཡོད།

དེ་ནས་དུས་རབས་ ༡༢ ནས་ ༡༣ པའི་ནང་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་ (1143–1217) མཛད་པའི་«ཕྱག་རྒྱ་ཆེན་པོ་གཞི་ལམ་འབྲས་གསུམ་གྱི་ཞལ་གདམས་རིན་པོ་ཆེའི་ཕྲེང་བ་»ལས། “རྟ་ཤོད་ཨ་ཙ་ར།” ཞེས་གསལ་བས་“རྟ་ཤོད་ཨ་ཙ་རའི་”ཕ་ཡུལ་ཕལ་ཆེར་ཁམས་ཁྱུང་པོ་ནས་ཡིན་པ་དང་། “རྟ་ཤོད་”ཀྱི་ཐ་སྙད་དང་བརྡ་དག་འབྲི་ཚུལ་འདི་ག་རང་ཡིན་པ་མཚོན་ཐུབ།

དེ་བཞིན་དུ་དུས་རབས་ ༡༣ དང་ ༡༤ བར་བྱོན་པའི་ཀརྨ་པ་རང་བྱུང་རྡོ་རྗེས་(1284–1339) མཛད་པའི་«འགྲོ་མགོན་རས་པ་ཆེན་པོའི་རྣམ་པར་ཐར་» («རང་བྱུང་རྡོ་རྗེའི་གསུང་འབུམ་»པོད་བཞི་པའི་ཆོས་ཚན་དྲུག་པ།) ལས། “དབུས་སུ་བཞུད་པས་རྟ་ཤོད་རྣ་རྒྱང་ (རྨེ་རུའི་གནམ་ལ་ཡིན་ནམ་སྙམ།) དུ་བསྐྱལ་ནས། ས་སྨད་དུ་བཞུད་པར་གདའ།” ཞེས་གསལ།

དེ་ནས་དུས་རབས་ ༡༨ པར་ཕེབས་པའི་ཀོང་སྤུལ་ཡོན་ཏན་རྒྱ་མཚོས་ (1813–1899) བརྩམས་པའི་«ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བཻཌཱུརྻའི་ཕྲེང་བ་»ལས། རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་ཐར་སྐབས། “རྟ་ཤོད་དཀྱིལ་འཁོར་ཐང་སོགས་ནས་སྔ་ཕྱིར་ཟབ་གཏེར་མང་དུ་སྤྱན་དྲངས་པ་གཏེར་འབྱུང་ལས་གསལ།” ཞེས་དང་། ཡང་དེ་ཉིད་ཀྱིས་མཛད་པའི་«འཚོ་བྱེད་ལས་དང་པོ་ལ་ཉེར་བར་མཁོ་བའི་ཟིན་ཏིག་གཅེས་པར་བཏུས་པ་བདུད་རྩིའི་ཐིགས་པ་»ལས་ལེའུ་ཉི་ཤུ་པ་སྨན་གྱི་ནུས་པ་བཤད་པའི་སྐབས། “མུ་མེད་ [=མུ་མེན་] ནི་རྡོ་ལས་འབྱུང་བའི་སྔོ་ནག་གསེར་ཐིག་ཅན་མཆོག [....] འདི་རིགས་འབྲུམ་པ་ཡོད་མེད་སོགས་ཡུལ་ཁྱད་པར་གྱིས་སྣ་ཚོགས་འདུག་ཀྱང་ལྷོ་རྟ་ཤོད་ནས་འབྱུང་བ་བཟང་།” ཞེས་གསལ།

དེས་རྗེས་དུས་རབས་ ༡༩ ནས་ ༢༠ (1880–1923/1925) བར་བྱོན་པའི་ཀཿཐོག་
སི་ཏུ་ཆོས་ཀྱི་རྒྱ་མཚོས་མཛད་པའི་«དབུས་གཙང་གནས་ཡིག་» (ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2001, pp. 26.18–27.1) གྲགས་ཅན་མ་ལས། “ལྷོ་རྟ་ཤོད་ཀྱི་བུ་མོ་པདྨ་མཚོས་རྫུ་འཕྲུལ་གྱིས་ཉིན་གཅིག་གིས་འཐག་པའི་སྒ་སློས་རྟ་འཇག་མ་ཞེས་ངོ་མཚར་ཅན།” མཇལ་ཚུལ་པདྨ་མཚོའི་རྣམ་ཐར་ཀྱི་ཆ་ཤས་དང་བཅས་པ་འཁོད་ཡོད།

དེ་བཞིན་དུ་ཀུན་བཟང་ཉི་མས་བརྩམས་པའི་ (1904–1958) «ཀོང་ཐེའུ་རང་གི་ར་རྫོང་ཕབ་པ་འཛམ་གླིང་ཆོས་ཀྱི་རྒྱལ་པོའི་རྟོགས་བརྗོད་དཔལ་གྱི་བེའུ༔» («གསུང་འབུམ་ཀུན་བཟང་ཉི་མ་» vol. 25, fol. 44b6) ལས། “དེ་ནས་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་ཤར་ལྷོ་མཐོན་པོ་རི་དྲུག་ནས་བརྒལ་ཏེ་རྟ་ཤོད་རྡོ་རྗེའི་ཁྲ་སྒོ་མཐོན་པོ་ནས་གཟིགས་ཙ་ན་མཐོན་པོ་རྟ་རྣ་ཅན་གྱི་དམག་རྩི་ཤིང་ལས་ལྷུན་འཐུག་”ཞེས་དང་།

ཁྱད་པར་དུ་སྤྱི་ཚོགས་གསར་རྙིང་གཉིས་ཀ་བརྒྱུད་མྱོང་ཞིང་མཁྱེན་དཔྱོད་ཡངས་པའི་སྐུ་ངོ་ང་ཕོད་ངག་དབང་འཇིགས་མེད་ཀྱིས་བརྩམས་པའི་ (b. 2009) «བོད་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་» (པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1995, p. 204.12–13) ལས། “སྐུ་ཕྲེང་དང་པོ། རྒྱ་ར་སངས་རྒྱས་ཡེ་ཤེས་ཀྱི་རྣམ་སྤྲུལ་དུ་གྲགས་པ་གྲུབ་ཆེན་ཤེས་རབ་ཕུན་ཚོགས། ཁྱུང་པོ་རྟ་ཤོད་དུ་འཁྲུངས། དགུང་གྲངས་རེ་དྲུག་ཆུ་སྤྲེལ་ལོ་གཤེགས།”ཞེས་རྟ་ཤོད་ཅེས་གསལ་བར་འཁོད། དཔེ་དེབ་འདི་ནི་ཆབ་མདོ་དགོན་པའི་བླ་ཆེན་རྣམས་ཀྱི་ལོ་རྒྱུས་འཁོད་པ་ཞེ་གཅིག་ཡིན།

མདོར་བསྡུས་ནས་བཤད་ན་དུས་རབས་བཅུ་པ་ཡན་མན་ནས་བཟུང་ད་ལྟའི་བར་དུ་ “རྟ་ཤོད་”ཅེས་པའི་ཐ་སྙད་དང་བརྡ་དག་འབྲི་ཚུལ་འདི་ག་རང་ཡིན་པ་ཁུངས་ལྡན་གྱི་ལོ་རྒྱུས་ཁག་ཏུ་གསལ་ཡོད་པས། ད་ལྟ་གློ་བུར་དུ་རང་གི་ཚོར་སྣང་དང་དགའ་ཕྱོགས་ལ་བསྟུན་ནས་“ལྟག་ཤོད་”དང་། “སྟག་ཤོད།” “ཏག་ཤོད་”སོགས་གང་བྱུང་གིས་བཟོ་བཅོས་མ་བྱས་ན་བཟང་། ལོ་རྒྱུས་ནི་ལོ་རྒྱུས་ཏེ་བཟང་ངན་བར་གསུམ་གང་བྱུང་བ་ཐམས་ཅད་ཇི་བཞིན་འཁོད་དགོས་པ་ལས། དགའ་དང་མི་དགའི་འདེམས་སྒྲུག་བྱེད་པ་ནི་ལོ་རྒྱུས་རིག་པ་དང་བརྡ་སྤྲོད་རིག་པ་སོགས་གང་ལ་ཡང་མི་རུང་བ་ངེས་པར་དུ་མཁྱེན་དགོས།

ཞོར་དུ་ཤོད་ཆེན་བཅོ་བརྒྱད་ཀྱི་གྲངས་འདྲེན་ནི།
དེང་དུས་བསྟན་འཛིན་ཆོས་དབྱིངས་ཀྱིས་བྱས་པའི་«མེས་པོའི་བྱུང་བ་» (པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2007, pp. 86.15–87.3) ལས། “ད་ལྟ་ས་ཆ་དང་དངོས་སུ་ར་འཕྲོད་བྱུང་བ་ནི།
༡: ནགས་ཤོད། འབྲི་རུ་རྫོང་ཁོངས་ཀྱི་ས་ཆ་ཕལ་ཆེ་བ།
༢: སོག་ཤོད། སོག་གཡག་ལའི་ཁུལ།
༢: དཀར་ཤོད། སོག་རྫོང་ཁོངས།
༤: རེ་ཤོད། སོག་རྫོང་ཁོངས།
༥: རྒྱ་ཤོད། སྟོད་འབྲི་རུ་དང་སྨད་དཔལ་འབར།
༦: ས་ཤོད། དཔལ་འབར་རྫོང་ཁོངས།
༧: དཔའ་ཤོད། དཔལ་འབར་རྫོང་ཁོངས།
༨: རྒྱང་ཤོད། སྟེང་ཆེན་རྫོང་ཁོངས།
༩: གྱིམ་ཤོད། སྟེང་ཆེན་རྫོང་ཁོངས།
༡༠: རྟ་ཤོད །སྟེང་ཆེན་རྫོང་ཁོངས།
༡༡: གཡི་ཤོད་དམ་གཡང་ཤོད་ནི་རི་བོ་ཆེ་རྫོང་ཁོངས།
༡༢: དངུལ་ཤོད། ལྷོ་རོང་རྫོང་ཁོངས།
༡༢: རྔོད་ཤོད། མཛོ་སྒང་རྫོང་ཁོངས།
༡༤: ཟླ་ཤོད། ཆབ་མདོ་རྫོང་ཁོངས།
༡༥: ངོམས་ཤོད། ཆབ་མདོ་རྫོང་ཁོངས།
༡༦: མེ་ཤོད། སྡེ་དགེ་རྫོང་ཁོངས།
༡༧: སྨར་ཤོད། གོ་འཇོ་རྫོང་ཁོངས།
༡༨: ཀྲེ་ཤོད། དཀར་མཛེས་རྫོང་ཁོངས་ཞེས། དེ་ལྟར་ཁམས་མདོ་སྟོད་ནགས་ཤོད་ནས་སྨད་དཀར་མཛེས་བར་དུ་སྐབས་ཤིག་གཅིག་འགྱུར་གྱི་ས་བབས་དང་ཆུ་རྒྱུད་རིག་གནས་གཅིག་གི་སྒྲིག་གཞིའི་ཁོངས་སུ་གཏོགས་པ་ཞིག་ཡིན།