2009/01/23

སྐྱོ་གླུ།

འབབ་ལ་ཉེ་བའི་གནམ་ངོ་འདི།།
སྡུག་གི་འཆི་མ་འདོན་པ་བཞིན།།
ཆ་རྒྱུས་མེད་པའི་མེག་ལོར་ན།།
བྱེ་མའི་ངམ་ཐང་འགྲིམ་པ་འདྲ།།

ཉི་འོད་མོག་པོའི་གནམ་གཤིས་འཐིབ།།
གྲོང་དུ་རྒྱུས་མེད་མི་ཚོགས་འཐིབ།།
སེམས་སུ་སྐྱོ་བའི་ཡི་མུག་འཐིབ།།
རེ་བ་དོགས་པ་འཛིངས་ཏེ་འཐིབ།།

མི་ཚེ་སྐྱག་སྐྱོག་མང་བས་ཆད།།
བྱ་གཞག་བསྒྲུབ་རྒྱུ་མང་བས་ཆད།།
བསྒྲུབས་ཀྱང་འགྲུབ་ཏུ་མེད་པས་ཆད།།
མ་བསྒྲུབ་སྡོད་དུ་མེད་པས་ཆད།།

རྒྱང་རིང་ཨ་མ་དྲན་པས་སྐྱོ།།
སྤུན་དང་ཉེ་འབྲེལ་དྲན་པས་སྐྱོ།།
དྲན་ཡང་འཕྲད་དུ་མེད་པས་སྐྱོ།།
སྐྱོ་བའི་ཁུར་གྱིས་ནོན་པས་སྐྱོ།།
༢༠༠༩། ༡། ༢༣།