2012/02/28

ལྷ་བཤད་རིང་མོ། 3

རྟ་ཤོད་ཟལ་མོའི་རི་རྒྱུད། 









ངེད་རྟ་ཤོད་རྨེ་རུ་གཤོང་ཆེན་འདིའི། །
ཕྱི་སྣོད་ཀྱི་ཆགས་ཚུལ་གེ་སར་ཐུག །
དེའི་ལོ་རྒྱུས་ལེའུ་དང་པོར་གསལ། །
དེ་མིན་པའི་ལོ་རྒྱུས་འགའ་རེ་སྟེ། །
ལུང་ཤུར་གཉིས་རྟ་ཆེན་རྟ་ཆུང་ལ། །
སྔོ་ལྡེམ་ལྡེམ་ན་བ་རྟ་འདྲ་ཡོད། །

ལྷ་བཤད་རིང་མོ། 2



སྡེ་རྨེ་རུ་ཤོག་ཁ་གསུམ་པོ་འདི། །
ཐག་རྒྱང་རིང་གང་ནས་འོངས་མིན་དང་། །
དུས་སྔ་ཕྱི་ནམ་ཡིན་མ་ངེས་ཀྱང་། །
ཡུལ་གཞན་ནས་གྱར་བའི་ཇག་པ་བདུན། །
གཞིས་ཆགས་པའི་མི་རྒྱུད་ཡིན་རབས་ཟེར། །
ཁ་རྒྱུན་དུ་"རྨེ་རུ་དུད་བདུན་མ། རྐུན་མ་སྐྱ་བདུན་མ། ཞེས་རླུང་ལྟར་གྲགས།"
ཁྱུང་དཀར་ནག་སེར་གསུམ་མ་ཐེ་བའི། །
ཁམས་ཁྱུང་པོའི་མི་སྡེ་འཁྲུལ་མེད་རེད། །
ཁ་འཚོ་ཐབས་ས་མ་འབྲོག་སྡེ་རེད། །
གནའ་དེང་རབས་ཤེས་ཡོན་མེད་ས་རེད། །
བོད་སྒང་པའི་སྤྱི་དོན་མེད་ས་རེད། །
གནའ་བོན་ཆོས་དར་བའི་དགོན་ཤུལ་མོད། །
དེང་བན་གསར་ལྷ་གསོལ་རྟེན་མཁར་མང་། །
སྔགས་རྙིང་མ་མེ་སྟག་ཙམ་ཞིག་ཡོད། །
བན་གསར་མའི་བསྟན་པ་དར་ས་རེད། །
ཆོས་གྲུབ་མཐའི་ཆགས་སྡང་ཆེ་ས་རེད། །
མི་ཡོད་ཚད་ཆོས་པ་ཤ་སྟག་ཡིན། །
ཆོས་བྱས་ཚད་ཕྱོགས་རིས་འཐེན་འཁྱེར་ཡིན། །
ཡུལ་འདི་ནི་ང་ཡི་ཕ་ཡུལ་ཡིན། །

2012/02/27

ཕ་ཡུལ་གྱི་ལྷ་བཤད་རིང་མོ། 1


རོམ་ཐང་གནས་ཁྲ་མོ། 
ལེའུ་དང་པོ། རྨེ་རུ་ཡུལ་ལུང་ཆགས་རབས།
གླིང་གེ་སར་ལོ་རྒྱུས་ལྷ་ལས་འཕྲོས། །
བོད་སྒང་པའི་ལོ་རྒྱུས་གླིང་ནས་བཤད། །
དགོས་རྨེ་རུའི་ལོ་རྒྱུས་གླིང་དང་འབྲེལ། །
གནའ་འབྲུག་མོས་ལྷ་རྟ་བཟུང་བའི་ཡུལ། །
གནས་སྤེ་ནེ་རི་བཀྲ་རྒྱབ་རི་ཡིན། །

ངའི་ཕ་ཡུལ།

ཁྱུང་པོ་སྟེང་ཆེན་རྫོང་། གྱང་སྔོན་ཡུལ་ཚོ། རྨེ་རི་ཡུལ་པའི་སྲིབ་པ།
༄། །ངའི་སེམས་ཁོངས་ནས་གཅེས་པའི་ཕ་ཡུལ་འདིར་གཟིགས་དང་། དྭངས་ཤིང་གཙང་བའི་གཡུ་མདོག་གི་ནམ་མཁའ་སྔོན་པོ་དུ་རྡུལ་གྱིས་མ་སྦགས་ཤིང་། ཡུལ་པའི་ས་ཞིང་གི་རེའུ་མིག་རྒྱ་འཚོའི་རླབས་ཕྲེང་བཞིན་མུ་མཐའ་དང་ཡོངས་སུ་བྲལ། འདི་ནི་ངའི་ཕ་ཡུལ་རེད།







རོམ་ཐང་གྲོང་ཚོ།
༄། །ཕ་ཀིའི་ཉིན་གྱི་གྲོང་པ་དེ། །
རྨེ་རུ་རོམ་ཐང་གྲོང་ཚོ་རེད། །
གཤམ་ནས་མཐོང་བའི་ཁང་ཞིག་དེ། །
ཆུ་འཐག་འཐོར་བའི་རྗེས་ཤུལ་རེད། །
ཕུག་གུའི་ཁེངས་བའི་བྲག་དམར་དེ། །
མང་ཕུག་སྒོམ་པའི་སྒྲུབ་གནས་རེད། །
གྲོང་པའི་འགབ་ཀྱི་རྒྱུག་ཆུ་དེ། །
མར་བབས་རྟ་ཆུ་སྔོན་མོ་ཟེར། །
རྒྱང་གི་གནམ་མཐའི་རི་བོ་དེ། །
རྒྱབ་རི་མོ་གོམ་ཀླད་མེད་རེད།
བྲག་དམར་རྒྱབ་ཀྱི་ལྕང་རྒན་དེ། །
ཁོ་བོ་སྐྱེས་པའི་བླ་ཤིང་རེད། །
ལྕང་མའི་འགྲམ་གྱི་དུད་ཚང་དེ། །
འཁྱམ་པོ་ང་ཡི་ཕ་ཁྱིམ་ཡིན། །

2012/02/26

ལོ་གསར།

མི་ཡུལ་ས་མཐར་འཁྱར་ནས། །
མི་ལོ་བཅོ་བརྒྱད་ཟད་སོང་། །
མི་སེམས་སྤྲོ་བའི་ལོ་གསར། །
མི་རྐྱང་ང་ལ་མ་བྱུང་། །

མི་བཀྲེན་མ་བྱན་ཞིག་གིས། །
མི་འཕྲོད་ཁམ་ཟས་བླུགས་པའི། །
མི་ཞིམ་དགུ་ཐུག་ཞིག་གིས། །
མི་འདོད་ཞེ་མེར་བསླངས་སོང་། །

མི་མེད་བྱང་ཐང་འདྲ་བའི། །
མི་ཡུལ་ཁང་སྟོང་ཞིག་ཏུ། །
མི་རྐྱང་ལོ་གསར་གཏོང་བ། །
མི་སེམས་སྐྱོ་རོགས་མིན་ནམ། །

2012/02/15

ཡེ་ཤེས་ནོར་བུའི་བླ་རྒྱུད།









ཤཱཀྱ་ཐུབ་པས་ཤས་ཙམ་མ་གསུངས་ཤིང་། །
གྲུབ་ཆེན་བརྒྱད་ཅུས་ཟུར་ཙམ་མ་ཐོས་པའི། །
གསང་ཆེན་ཐེག་པའི་རྒྱུད་ཚུལ་གསར་པ་ཞིག །

ཤར་ཕྱོགས་ཐཱེ་ཝན་གླིང་ན་བབས་སོང་ལོ། །

རྡོ་རྗེ་ཐེག་པའི་རིང་ལུགས་མཐའ་དག་ལས། །
རྡོ་རྗེའི་བཀའ་ལུང་ཉེ་བར་བརྒྱུད་པའི་སྲས། །
རྡོ་སྐོན་བླ་མ“ཡེ་ཤེས་ནོར་བུ”ཁོང་། །
རྡོ་རྗེ་འཆང་ནས་བརྒྱུད་པ་གསུམ་པ་རེད། །

གོའུ་ཏ་མས་བདེན་བཞིའི་གནད་ཙམ་གསུངས། །
ཀླུ་ཐོགས་གཉིས་ཀྱིས་གཞུང་ལུགས་འབུམ་ཕྲག་གསུངས། །
གྲུབ་ཆེན་བརྒྱད་ཅུས་ས་ཡ་གྲངས་མེད་གསུངས། །
གསུངས་པའི་ཆོས་ལ་དབྱེ་འབྱེད་སུ་ཡིས་ནུས། །

གསང་བ་སྔགས་ཀྱི་དམ་ལ་འདུག་བསམ་ན། །
ཡེ་ཤེས་ནོར་བུ་བླ་མ་བསྟེན་པར་འོས། །
ཐུན་མིན་སྔགས་ཀྱི་དག་སྣང་སྦྱོང་འདོད་ན། །
ཡེ་ཤེས་ནོར་བུ་ཧེ་རུ་ཀ་དཔའ་ཉིད། །

འདི་ན་འགའ་རེས་ཕུང་གསུམ་བསྐྲད་པའི་ཚིག །
བབ་ཅོལ་སྨྲས་བའི་འུད་གཏམ་འདི་དག་ཀྱང་། །
དཀར་གཙང་འདོད་པས་སོལ་བ་བཀྲུས་པ་ལྟར། །
བྱས་ཚད་ངལ་བ་དོན་མེད་ཙམ་དུ་ཟད། །

མདོ་དོན“གང་ཟག་ཚོད་ནི་གང་ཟག་གིས། །
བཟུང་མི་རུང་བའི”ལུང་ཚིག་འདི་གཅིག་གིས། །
བླང་དོར་འབྱེད་པའི་རྒྱ་མ་བཅག་ཚར་ན། །
ད་རུང་བཟང་ངན་གང་གིས་དཔོག་པར་ནུས། །

དེ་བས་དད་པའི་གཏམ་རྒྱུད་མངར་མོ་ལས། །
རྒན་མོས་བསྲེལ་བའི་ཁྱི་སོ་ཇི་བཞིན་དུ། །
ཡེ་ཤེས་ནོར་བུ་བླ་མ་བསྟེན་བྱས་ན། །
མཆོག་ཐུན་དངོས་གྲུབ་བསྩལ་བར་གདོན་མི་ཟ། །

2012/02/12

སློབ་མ་བསམ་མེད།

Related imageང་ཚོ་སློབ་གྲྭའི་སློབ་མ་ག་གེ་མོ་ཞིག་འཛིན་གྲྭ་བརྒྱད་པ་ཚར་ཏེ་དགུ་པ་དེ་བོད་གཞུང་སྃ་བྷོ་ཊའི་སློབ་གྲྭ་ཆེ་ཤོས་གཅིག་གི་ནང་བཏང་བ་བཞིན་ཉེ་ཆར་འབྱོར་ཐོ་འགོད་དུ་སྐྲ་དམར་པོ་གྱེན་ལ་བརྫེས་ཏེ་སློབ་གྲྭར་སླེབས་ཡོད་པ་འདྲ། སློབ་གྲྭའི་ཉལ་ཁང་ཨ་ཕའམ། ཉལ་ཁང་དོ་དམ་པས་སྐྲ་གཙང་མ་བཟོ་དགོས་པར་བསྐུལ་ཀྱང་། ཁོས་དེ་ཉན་རྒྱུ་ཕར་བཞག་སློབ་གྲྭ་གཡུགས་ཏེ་རྡེ་ར་དྷུན་ལ་བྱོལ་སྟེ་སོང་།
དེས་མ་ཚད་ནང་གི་ཕ་མར་ཁ་པར་བཏང་སྟེ་ཁོ་རང་"མཚན་གུང་བར་སློབ་གྲྭའི་སྒོ་འགྲམ་ནས་བསྒུགས་བསྡད་ཀྱང་སློབ་གྲྭས་ཡ་བྱེད་གི་མི་འདུག"ཅེས་བཤད་ཡོད་པ་རེད། ལེ་བར་ཁྲི་སྟོང་གི་ཆོད་པའི་ཕ་རོལ་ནས་སྙིང་ཉེ་བའི་ཕ་མ་གཉིས་ལ་དངངས་སྐྲགས་དང་སྡུག་བསྔལ་ག་ཚོད་བྱུང་རུང་། ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་ལ་ཁོ་པར་རོགས་གང་ཞིག་བྱེད་དགོས་སམ། གང་བྱེད་ཐུབ་ཀྱི་རེད། ཕ་མ་འུ་ཐུག་སྟེ་འདི་གའི་སློབ་གྲྭར་སློབ་སྦྱོང་བྱེད་ཀྱིན་པའི་ཁོང་ཚོའི་བུ་མོ་རྒན་པ་ལ་ཁ་པར་ནས་ཁོ་རང་སྐྱོབ་ཐབས་དགོས་པར་བཤད། 
གཅེན་མོ་སེམས་སྡུག་གིས་ངུ་བཞིན་སློབ་གྲྭའི་ལས་ཁུངས་ནང་བརྒྱུགས་ཏེ"རོགས་པ་གནང་རོགས"ཞུས་པ་དང་ལྟར་འདི་གའི་ལས་བྱེད་ཀྱིས་སློབ་གྲྭ་དེའི་ལས་ཁུངས་ལ་གནས་ཚུལ་དྲིས་རྗེས་གནས་ཚུལ་ངོ་མ་དེ་ཤེས་རྟོགས་བྱུང་བ་རེད། 
སྤྱིར་བཙན་བྱོལ་ནང་གི་བུ་ཕྲུག་ཕལ་མོ་ཆེ་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་གིས་ཆུང་སྦར་མོ་གང་ནས་གསོ་སྐྱོང་འོག་གནའ་དེང་ཤེས་ཡོན་གྱིས་སྐྱེད་སྲིང་བྱེད་མུས་ལ་ཁོ་དང་ཁོ་ལྟ་བུའི་བུ་ཕྲུག་བསམ་མེད་དག་འབྱུང་བཞིན་པའི་གནད་དོན་གང་ཞིག་ལ་ཐུག་ཡོད་པ་རེད། །

2012/02/11

བྱ་བྱལ་སངས་རྒྱས་རྡོ་རྗེ།

Image result for jadrel sangay dorji rinpoche
བྱ་བྲལ་སངས་རྒྱས་རྡོ་རྗེ།
ཁྲོ་རྒྱལ་རྟ་མགྲིན་བཞིན། །
སྟག་ལྤགས་རློན་པའི་སྟེང་། །
ཁམས་འབྲོག་རྒན་པོ་ཁྱེད། །
སེངས་གེ་འགྱིང་བ་འདྲ། །

དུང་གི་འཛར་ལོ་ཞིག །
མ་ནེའི་རྒྱན་ཏུ་བཏགས། །
ཕྱག་ཟུང་ཕྱག་སྟབས་ཀྱིས། །
ངལ་གསོའི་ཕྱག་རྒྱ་སྟོན། །

ཁྱེད་ཀྱི་སྐུ་ཚེའི་རྒྱུན། །
ཡར་ཆབ་གཙང་པོར་སྦྲེལ། །
སྲོག་གི་རྟེན་མཁར་དེ། །
ཇོ་མོ་གླང་མར་སྦས། །

ཚེ་ཡི་དངོས་གྲུབ་དེ། །
བརྙེས་མིན་མ་ངེས་ཀྱང་། །
ལོ་བརྒྱའི་ཐེམ་གྲངས་ཤིག །
ཕྱག་ཏུ་བཞེས་པར་དགའ། །

ཡབ་རྗེ་ཀློང་ཆེན་པའི། །
གདམ་པའི་ཕ་ཕོག་སྟེ། །
མཁའ་འགྲོའི་ཁ་རླངས་ཀྱི། །
ངད་པ་མ་ཡལ་བ། །

ངེས་དོན་སྙིང་ཐིག་གི །
སྙིང་ཁྲག་སྙིང་པ་གང་། །
ངག་དགའི་ངག་སྒོ་ནས། །
ཁྱེད་ལ་བསྩལ་བ་དག །

སྔ་འགྱུར་རིང་ལུགས་ཀྱི། །
ཕྱི་རབས་སྐལ་ལྡན་ལ། །
གདམ་པའི་མན་ངག་དེའི། །
ཉིང་ཁུ་ནམ་ཤིག་བསྩལ། །

དུས་རབས་ཉི་ཤུ་པའི། །
དུས་འགྱུར་རླུང་འཚུབ་ཁྲོད། །
ཁྱེད་དང་གངས་རྒན་གྱི། །
གཟི་མདངས་ཉམས་པ་མེད། །

སྔར་སོང་རྭ་སྒྲེང་རྗེ། །
སྟག་གིས་མ་ཟོས་སྔོན། །
དབུ་ཡི་མཆོད་གནས་དེ། །
ཁྱེད་ཀྱིས་མཛད་ནས་བཟུང་། །

བླ་ཆེན་མི་དཔོན་ལ། །
གུས་ཚུགས་མི་སྟོན་ཅིང་། །
ཆོས་སྲིད་ཟུང་འབྲེལ་ལ། །
དང་བ་མི་སྟེར་ཟེར། །

སྤྱིར་ན་རྒྱལ་ཞེན་གྱི། །
འུར་ཆེམ་མི་སྒྲོགས་ཀྱང་། །
རུས་པ་དཀར་པོ་ཞིག །
སྙིང་ན་ད་རུང་སྦྲུམས། །

བདག་མོ་གཞན་རྗེས་ལ། །
འབྲངས་བའི་ཉིན་མོ་ཡང་། །
མི་འདོད་མིག་སེར་གྱི། །
རྣམ་འགྱུར་ཡེ་མེད་ཅིང་། །

ཤོར་བའི་ཌཱ་ཀི་མ། །
གཞན་གྱིས་དོར་བའི་རྗེས། །
ངོ་ཚའི་ངོ་གདོང་དེ། །
ཕྱིར་ལ་བསྟན་གྱུར་ཀྱང་། །

མིག་སེར་ཁོང་ཁྲོ་ཙམ། །
ཡེ་ནས་མེད་པ་འདིས། །
རྒྱལ་སྲས་སེམས་དཔའ་ཞིག །
ར་སྤྲོད་མ་བྱས་ཀྱང་། །

འགྱུར་མེད་བློ་དཀྱིལ་དེ། །
མཁའ་ལས་ཡངས་བ་ཞིག །
ངོས་འཛིན་མ་བྱས་པར། །
འཇོག་ཐབས་ཨེ་ཡོད་ན། །

ཕྱི་ཡི་ན་བཟའ་ནི། །
རས་དཀར་ཡུལ་གཅིག་དང་། །
ནང་གི་ཞེ་སེམས་ནི། །
དྲང་བདེན་ཡུག་གཅིག་ཡིན། །

སྦྲང་དཀར་རྩམ་པ་ནི། །
ཁྱེད་ཀྱི་གསོལ་བ་ཡིན། །
རྩམ་པ་རྩམ་ཧྲུལ་དག །
ད་རུང་དགའ་ཤོས་ཡིན། །

དཀར་གསུམ་གསོལ་བ་འདི། །
ཁྱེད་ཀྱི་འཚོ་བ་ཡིན། །
འགྲོ་བའི་སྲོལ་སྐྱབས་དེ། །
ཁྱེད་ཀྱི་ཕྲིན་ལས་ཡིན། །

དད་རྫས་ཡོད་ཚད་དག །
ཉ་སྐྱོབས་འགྲོ་གྲོན་ཡིན། །
དེ་མིན་ལྷག་མ་དག །
སྒྲུབ་གྲྭའི་འཚོ་རྟེན་ཡིན། །

ཁྱེད་ནི་སྔ་འགྱུར་བའི། །
རེ་ལྟོས་ཁོ་ན་དང་། །
གདམ་པའི་མཛོད་ཆེན་གྱི།
ལྡེ་མིག་ཉག་གཅིག་ལགས། །

2012/02/08

ལྷ་མོའི་བླ་མཚོ།

Image result for lhamo la-tsoལྷ་མོའི་བླ་མཚོ། དེ་རིང་ངོ་དེབ་དྲ་བར་ཤེས་རབ་བློ་བཟང་གིས་ལྷ་མོའི་བླ་མཚོའི་འདྲ་པར་འདི་བཀོད་ཡོད་པ་མཐོང་དུས། ངས་གློ་བུར་མི་ལོ་༡༦ གི་ཡར་སྔོན་དུ་ང་དང་གཅུང་པོ་ས་དེར་གནས་སྐོར་ལ་སོང་བའི་ལོ་རྒྱུས་མིག་སྔོན་དུ་བཀྲ་ལམ་ལམ་དུ་འཁོར་སོང་། རྒྱུན་ལྡན་ནས་བོད་པའི་ཞིང་འབྲོག་མང་ཚོགས་མང་པོ་ཞིག་སྟོན་ལས་ཚར་རྗེས་བོད་ཟླ་དགུ་པ་བཅུ་པ་ཡན་མན་ལ་གནས་སྐོར་དུ་འགྲོ་སྲོལ་ཡོད་པ་ལྟར། ངེད་གཅེན་གཅུང་གཉིས་ཀྱང་༡༩༩༥ ལོའི་སྟོན་རྒྱབ་ཏུ་གནས་སྐོར་ལ་འོངས་བ་ཡིན། 

2012/02/05

འབྲུག་གི་ལོ་རྒྱུས།


དང་པོ་བོད་འབྲུག་གི་སྐོར།
ཁ་དོག་དང་དབྱིབས། བོད་པའི་བསང་གསོལ་དང་། ཁ་འདོན། ངག་རྒྱུན་སོགས་ན་"གཡུ་འབྲུག་སྔོན་མོ་དང་། གཡུ་འབྲུག་སྔོན་མོ་ཟངས་ཀྱི་ཟེ་བ་ཅན"ཟེར་བ་དང་། ས་དཔྱད་སྲུང་བཞི་ལས་"ལྷོ་གཡུ་འབྲུག་སྔོན་མོ་དོང་ན་མ་ལྷུང་"ཟེར་བ་དང་། ཡང་སྲོལ་རྒྱུན་རི་མོ་འབྲི་ཚུལ་སོགས་ན་ཁ་དོག་སྔོ་ལ་པགས་པ་ཆུ་སྲིན་གྱི་ལྐོག་པགས་སམ་ཉ་ཁྲབ་ཅན་ཞིག་ཡིན་པ་ཡོངས་སུ་གྲགས་ནས་འདུག །

2012/02/02


Egypt football violence leaves many dead in Port Said
སྤྱི་ལོ་ (2012) ཟླ་བ་ 2 ཚེས་ 1 ཉིན་ལ་དཀྱིལ་ཤར་ཡུལ་གྲུ་ཨེ་རྗིབ་གྲོང་ཁྱེར་པོར་ཊ་སཱཌེ་ (Port Said) ས་གནས་སུ་རྐང་བྷོལ་ལམ་རྐང་གྲུག་རུ་ཁག་མ་སརཱས། ཨལ་ཨཧླས་ (al-Masry and al-Ahly) རྩེ་འགྲན་མཇུག་གྲུབ་རྗེས། རུ་ཁག་སོ་སོའི་ཕྱོགས་ཞེན་པ་དག་རྩེ་ཐང་དུ་འཛུལ་ཏེ་འཁྲུད་འཛིངས་ཤོར་བས་ཉུང་མཐར་མི་གྲངས་ 74 རྐྱེན་ལམ་དུ་བཏང་ཡོད་པ་དང་། ད་རུང་གོད་ཚད་དེ་ལས་མང་བ་ཡིན་སྲིད་པའི་དོགས་གནས་ཡོད་ཚུལ་འདུག འདིའི་ཐད་ལ་ཨེ་རྗེབ་འཕྲོད་བསྟེན་བཀའ་བློན་གཞོན་པས"འདི་ནི་རྒྱལ་ཁབ་ཀྱི་རྐང་རྩེད་པོ་ལོའི་ལོ་རྒྱུས་ཐོག་གོད་ཆག་ཆེ་ཤོས་དེ་རེད"ཅེས་བཤད་ཡོད། གསར་གནས་མཉམ་འབྲེལ་ལས་ཁང་གིས་འདས་པོའི་གནས་ཚུལ་ཕྱིར་བསྒྲགས་ལས་ཁུང་གི་གསལ་བསྒྲགས་ལུང་འདྲེན་གནང་གསལ་ལྟར་ན། དོན་རྐྱེན་དེའི་ནང་ཉེན་རྟོག་མི་སྣ་ཁ་ཤས་ཡང་ཤི་གོད་བྱུང་ཚུལ་འདུག འདས་པོ་མང་ཆེ་གྲིས་རྨས་པ་དང་། འཚང་ཁས་དབུགས་སུབ་བྱས་ཚུལ་འདུག བྷི་བྷི་སི་གསར་འགོད་པ་རྗོན་ལཱེན་གྱིས་རྩེ་ཐང་ན་ཕྱོག་ཞེན་པ་འགས་གྲི་ཁྱེར་བ་སོགས་ཀྱིས་ཟིང་འཁྲུག་འདི་ལྟར་བསླངས་བ་ནི་ཉེན་སྲུང་ལས་རིགས་ཀྱིས་མ་འདང་བའི་སྐྱོན་ཏེ། ལོ་སྔོན་མར་སྲིད་འཛིན་མུ་བྷརག་ལས་གནས་ནས་ཕྱིར་ཕུད་ཀྱི་དྲག་ཟིང་སྐབས་སུ་ཡང་ཉེན་རྟོག་པའི་སྲུང་སྐྱོབ་ནུས་ཚད་ཀྱིས་མ་འདང་བ་མངོན་གསལ་བྱུང་ཡོད། སྤྱིར་ན་ཨེ་རྗིབ་ཀྱི་རྩེད་མའི་ཕྱོགས་ཞེན་པ་དག་ནི་རྩུབ་སྤྱོད་ཆེ་བ་ཡོངས་གྲགས་ཡིན་པས་དེ་ལུགས་ཀྱིས་ལྟ་སྲུང་དོ་ནན་མ་བྱུང་བའི་རྐྱེད་ཡིན་པ་འདྲ།