2011/03/29

གྲྭ་པ།

ལས་འབྲས་ཀྱིས་འཇིགས་སྐུལ་བྱུང་སོང་། །
འགྱོད་གདུང་དང་བཤགས་པ་གྱིས་དང་། །
མིག་ཟུང་གིས་སྙིང་རྗེ་འཕང་སོང་། །
གསོལ་འདེབས་དང་སྨོན་ལམ་སྐྱོར་དང་། །
ཚུལ་འཆོས་ཀྱིས་ཚུལ་ཁྲིམས་སྲུང་འདུག །
དད་པ་དང་དག་སྣང་སྒོམས་དང་། །
གྲྭ་ཆུང་ཞིག་མནའ་མ་བླངས་འདུག །
གཞིས་ཁྱིམ་གྱི་འདུག་ཆུས་མཛོད་དང་། །
མོ་ལུང་གི་བརྟག་པའི་ནང་དུ། །
ཞབས་རིམ་གྱི་ལེ་འུ་བསླངས་སོང་། །
སྐུ་རིམ་གྱི་རྩིས་ཁྲ་ནང་ནས། །
བླ་གྲྭ་ཚོའི་འཚོ་རྟེན་བརྡོལའདུག །
མཐོ་བརྗིད་ཀྱི་གསེར་ཁྲིའི་སྒང་ནས། །
སྤྱན་ཟུང་དེ་མཛེས་མར་ཟུག་འདུག །

2011/03/25

ནང་ཆོས།

ཁ་བཤད་ཀྱི་ནང་ཆོས།
ཚིག་བུ་རམ་ལས་མངར་ཞིང་སྦྲང་རྩི་ལས་ཞིམ་པའི་ནང་ཆོས།
ནང་དོན་གློ་བ་བཞིན་སྟོངས་ཞིང་ཤོག་བུ་ལས་ཡངས་བའི་ནང་ཆོས་དག་སྟེ།
སྒྲུབ་ཁང་དུ་མིག་ཟུང་ཟིམ་ཟིམ་གྱི་གཟེབ་ནས་ཁ་ཆར་བཞིན་འཐོར་ཡོང་བའི་ནང་ཆོས།
ཕྱག་ཟུང་ཐལ་མོ་སྦྱར་གསེབ་ནས་ལུ་མ་བཞིན་བརྡོལ་ནས་ཡོང་བའི་ནང་ཆོས།
ཁྲི་སྟེང་ན་སེང་གེ་བཞིན་འགྱིང་སྟེ་འབྲུག་སྒྲ་ལྟར་བསྒྲགས་པའི་ནང་ཆོས།
སྒོ་འགྲམ་ན་ཌ་དྲིལ་གྱི་ཀང་སྒྲའི་ཁྲོད་ནས་སྤྲང་འབོད་བྱས་པའི་ནང་ཆོས།
དགོན་སྡེ་རུ་རྔ་སྦུབ་དང་དུང་སྐད་ཁྲོད་ནས་འུར་སྒྲོགས་བྱས་བའི་ནང་ཆོས།
རྨོ་རྨོའི་མ་ཎི་འདོན་དབྱངས་དང་སྡེབ་པའི་ནང་ཆོས།
ཨ་མྱེས་ལག་འཁོར་བསྐོར་འགྲོས་དང་སྡེབ་པའི་ནང་ཆོས།
ཨ་ཕས་ནང་སྔ་མོར་ལྷ་གསོལ་བཏང་བའི་ནང་ཆོས།
ཨ་མས་དགོང་ཕྱི་མོར་རྨི་ལམ་བརྟག་པའི་ནང་ཆོས།
འདི་དག་ཚང་མ་ཁ་བཤད་ཙམ་གྱི་ནང་ཆོས་རེད།
གཟུགས་བརྙན་ཙམ་གྱི་ནང་པ་རེད།

2011/03/23

འཚམ་འདྲི།

གྲྭ་པའི་འཚམ་འདྲི།
དེང་སང་ངའི་གཅུང་པོ་ལ་ཚ་བའི་ནད་རིགས་ངོས་འཛིན་དཀའ་བ་ཞིག་ཕོག་ནས་ཞག་ཤས་སྨན་བཅོས་བྱེད་དགོས་བྱུང་སྟེ་ཉལ་སར་ལྷུང་སྐབས་གྲྭ་གྲོགས་གྲལ་མཆེད་ཚོས་འཚམ་འདྲི་མི་འདྲ་འདི་དག་འབྱོར་སོང་།
1. སྨན་ཟོ་མ་གཏོགས་མཁན་ཞྭ་དེ་ཕར་གཞག་ནས་མ་ཎི་རེ་དང་ཚུར་བླངས་ན་མ་ཎི་རེ་འདོན་དགོས་ཁེལ་ཡོང་། 
2. བཞད་གད་དང་ཆབས་གཅིག ང་ནི་དེ་འདྲ་རྩ་བ་ནས་ན་མྱོང་མེད། ཁྱོད་རང་ཁ་ལག་རྒྱགས་གཅིག་ཟོ་དང་དྲག་གི་རེད། 
4. ནད་རྫུན་མ་བྱེད་དང་། སང་ཉིན་མཁན་ཞྭ་རག་པ་དང་ནད་ཕོག་ཡོད་མེད་ཚོར་གྱི་མ་རེད་ཟེར་བ་ལྟ་བུའི་བཞད་གད་དང་ཀུ་རེ་རྩེ་བ་ལས་ན་ཟུག་གིས་བཙེས་པའི་ནད་པ་ཞིག་ལ་རན་པའི་བཀའ་མོལ་ཞིག་གསུངས་སྲོལ་མི་འདུག
འདིའི་ཐད་ལ་ངས་བསམ་གཞིགས་ཉིན་ཤས་རིང་བྱས་ཀྱང་རྙེད་དོན་གཅིག་ཁོ་ན་དེ།
བླ་གྲྭའི་རིགས་འདི་དག་ལ་གཞི་རིམ་བསམ་བློའི་སློབ་གསོ་མ་ཐོབ་པར་སྤྱི་ཚོགས་ཡན་གར་བའི་སྡེ་ཁག་གཅིག་ཏུ་འཚར་ལོངས་བྱུང་རྐྱེན་གཞན་ལ་བསམ་ཤེས་དང་བག་ཡོད་ཀྱི་འདུ་ཤེས་ཉག་ཕྲ་མོ་ཡིན་པའི་མངོན་རྟགས་མིན་འགྲོ་བསམ་པ་ཞིག་བྱུང་།

2011/03/10

ལས་ཀ

༄། ལས་ཀ
བྱས་ན་མི་འགྲིག་རྙོག་སྒྲ་ཡོངས་ཀྱི་གཞི།
མ་བྱས་མི་ཆོག་ལྟོ་གོས་གཉིས་ལ་ཐུག
མ་ཐོབ་ཤོར་ན་འཚོ་བའི་མུ་གེར་འགྱུར།
ཐོབ་ནས་གཤིབ་དུས་ལུས་སེམས་བསྲེག་པར་བྱེད།

2011/03/08

ཉེན་ཁ་ཞིག

འུག་པ་དགོད་པའི་ཧ་སྒྲ་མ་ཡིན་ཞིང་། །
ལྟས་ངན་འདྲེ་མོས་འབོད་སྐད་མ་ཡིན་པར། །
བསམ་ངན་གདུག་འདྲེའི་ཆོ་འཕྲུལ་ཐེང་གཅིག་གིས། །
སྤྲོ་དགའི་མེ་ཏོག་སད་ཀྱིས་ཧད་དེ་ཁྱེར། །
མི་ཚེའི་ཆེ་ཐང་བསད་པའི་རིན་ཆེན་ཞིག །
ཁ་ལྕེ་མཚམས་ནས་འདྲེ་ཡིས་ཁྱེར་བ་འདི། །
བསམ་པ་གནག་པའི་མི་ཞིག་མ་ཡིན་ན། །
དངོས་མེད་འབྱུང་པོས་བྱས་སོང་ཟེར་ས་ཅི། །
ཁ་བྱང་གསལ་བའི་འཕྲིན་ཡིག་དངོས་མ་ཞིག །
ཁ་ལག་བར་བར་རླུང་ལ་གྱུར་སོང་ཞེས། །
ཧམ་བཤད་འདི་དག་བདུད་འདྲེས་བྱིན་ནམ་ཅི། །
ཧ་ལམ་རྣ་བར་ཐོས་ལ་ཡིན་མ་ཆེས། །

2011/03/07

སྐྱ་མདངས།

གདུང་ཤུགས་ཀྱི་འབོད་པ། །
སེམས་ཁོང་ན་རྙིད་སོང་། །
རེ་འབྲས་ཀྱི་རྨི་ལམ། །
ཀླད་རྒྱ་ལས་ཡལ་སོང་། །
ཉི་འོད་ཀྱི་བཀྲག་མདངས། །
དུ་རྡུལ་གྱིས་སྦག་སོང་། །
མིག་ཟུང་གིས་གཟི་མདངས། །
རབ་རིབ་ཀྱིས་སྒྲིབ་སོང་། །
ཁོག་སྟོད་ན་འཚང་བའི་དབུགས་རིང་། །
འཁུན་སྒྲ་ལ་ཐིམ་སོང་། །
ཚ་བས་ཡི་ངོ་གདོང་། །
རྔུལ་ཆུ་ཡིས་བསྐྱམས་སོང་། །

ལོ་གསར་རེད་དམ།

སྐྱིད་པོ་མི་འདུག ལོ་གསར་ལགས།
ཁ་བས་སྐྲ་ལོ་མནན་ཐོག་ལ།
ཁུ་འཕང་ཉིལ་སོང་།
བུ་ཡུལ་འཚུབ་སོང་།
འདི་ལོ་གསར་རེད་དམ།
རྐང་མགོ་ལྷག་རླུང་གིས་བརྡུང་དུས།
ཁབ་སོ་དང་ཚེར་མ་ཤ་གསེང་དུ་འཛུལ་སོང་།
རུས་གསེང་དུ་བསྟིམས་སོང་།
སྐྱིད་པོ་རེད་དམ།
ནག་ཐིབ་ཐིབ་ཀྱི་མུན་པ་སེམས་ཁོང་ན་དཀྲིག་དུས།
ཀླད་གཏིང་ན་དུ་ཞག་དཀྲིགས་སོང་།
སྤྲིན་ནག་འཁོར་སོང་།
ལོ་གསར་རེད་དམ།
མོ་མོ་དང་བག་ལེབ།
རྩ་སྐྱ་དང་ཕུར་མའི་ཕུང་པོ་རེད།
འདི་དག་ལོ་གསར་རེད།

2011/03/05

ལོ་གསར།

གློག་སྒྲོན་བྲོས་ཚར་བའི་དགོང་མོ་དེ་ནི།
ཏག་ཏག་ལོ་གསར་ཚེག་གཅིག་རེད།
མུན་ནག་གི་རེ་བ་ཉིན་མོ་ལ་བཏུག་ཀྱང་།
གློག་སྒྲོན་ལོག་མ་བྱུང་།
ངས་ད་དུང་བསྒུགས་ནས་བསྡད།
མི་ལོ་ཉི་ཤུའི་རིང་ཁ་བྲལ་བའི་སྦྲང་དཀར་ལྷ་མོས།
ཇ་སྲུབ་དཀར་གང་བཏེགས་ཀྱང་།
ཡིན་ག་འཆུན་ནས་འཐུང་ཐུབ་མ་སོང་།
གློག་སྒྲོན་ལགས།
ངས་ད་དུང་ཁྱེད་བསྒུགས་ནས་ཡོད།

2011/03/02

ཉོབ་ཏོ།

ཉོབ་ཏོ།
ནམ་ཉོབ་ཐོལ་ལེ་བ་དེ་གསལ་ནས་ཡུན་རིང་སོང་ཡང་།
ང་ནི་གཉིད་ཀྱི་ཉོབ་འོག་ནས་ལང་མ་ཚར།
ལང་གིན་ལང་གིན་ཉལ་འདོད་ལ་ཉལ་གྱིན་ཉལ་གྱིན་གཉིད་འདོད་སོང་།
གཉིད་ཀྱིན་གཉིད་ཀྱིན་འགུལ་མི་འདོད་ན་ལང་ག་ལ་འདོད།
ཉོབ་ཏོ།
ཕྱེ་མི་འདོད་པའི་མིག་ཟུང་བཙན་གྱིས་འདེགས་དུས།
བརྡར་མི་འདོད་པའི་སོ་འཁྲུད་མཆུ་ཟུར་ནས་ངལ་སོང་།
གོམ་པས་འདེགས་འགྱོགས་ཉོབ་འགྲོས་ཀྱིས་བསྐྱོད་དུས།
འགྲོ་བའི་རོགས་པ་ཆད་སྣང་བཟི་སོང་།
ཉོབ་ཏོ།
ཉོབ་ཏོའི་མུན་པ་ཀླད་རྒྱ་ལ་དཀྲིག་དུས།
སྤྲོ་བའི་འོད་སྣང་མེ་སྟག་ཙམ་ཡང་མ་མཆིས།
ཞིམ་པའི་བཟའ་བཏུང་ལྕེ་ཐོག་དུ་བཞག་ཀྱང་།
མྱོང་བའི་བྲོ་བ་ལྕེ་གཏིང་ནས་ཡལ་སོང་།
ཉོབ་ཏོ།

ཚེར་མ།

དེ་རིང་༼ཚེར་མ་དང་འདྲ་བའི་ཚོར་བ་༽
སེར་དྲག་དང་འདྲ་བའི་ཚེར་མ་འདི་དག་གིས་ང་ལ་བྲབ་ཀྱིན་བྲབ་ཀྱིན།
ལྕགས་སྒྲོག་དང་འདྲ་བའི་ཚེར་མ་འདི་དག་གིས།
སྡོམ་གྱིན་སྡོམ་གྱིན་ང་ཚེར་མའི་གཟེབ་ཏུ་བསྟིམས་སོང་།
མ་གཞི་ཚེར་མ་འདིའི་རྩ་བ་གང་ལས་འབུས་ཡོང་བ་མ་ཤེས་ཀྱང་།
ཁབ་རྩེ་དང་འདྲ་བའི་རྩེ་མོ་སྙིང་གཏིང་དུ་བསྡིགས་ནས་རུས་རྐང་ལ་ཐིམ་སོང་།
ཚེར་མ་དང་འདྲ་བའི་མིག་ཆུ་མཁུ་གོང་ནས་བ་ལྷུང་བ།
སྣ་གཏིང་ན་ལྕགས་གཟེར་བཞིན་ཟུག་སོང་།