2012/01/28

དགོང་མོ།



གཉིད་ཀྱི་ཞིང་ཁམས་ནས་ཧར་གྱིས་ལངས་དུས། །
མུན་པའི་སྒོ་ཆེན་རྦད་དེ་བརྒྱབ་འདུག །
འདྲུད་ལྷམ་ཟད་པོ་རྐང་པས་ཉུག་སྐབས། །
དཔྲལ་བའི་མེ་ལོང་སྒོ་དང་བརྡབས་སོང་། །

རྣ་བའི་བུ་ག་སིལ་སྒྲས་བཀང་དུས། །
མེ་སྟག་ཕྲོམ་ཕྲོམ་མིག་ནས་མཆེད་ཅིང་། །
ཁ་མངར་སྐྱུར་གསུམ་ཁ་ལ་བྲོ་སྐབས། །
ཟུག་རྔུའི་ཚོར་སྣང་དལ་གཅིག་འགག་སོང་། །

འགྲམ་ཆུ་ལུ་མས་མངར་ཇ་འབོད་དུས། །
ཐབ་ཚང་འོ་སྣོད་སྟོངས་པས་བསྒུགས་འདུག །
འབྲས་དཀར་རྡིག་ལ་དབུགས་སུབ་གཏོང་དུས། །
ཚོད་མ་བྲོས་པའི་ཤུལ་ཙམ་མི་འདུག །

ཕྱི་སྒོ་ཕྱེས་ཏེ་ཁྲོམ་ལ་འགྲོ་སྐབས། །
མུན་ཁྲོད་ཁ་བ་ལྷ་མོས་བསྒུགས་འདུག །
ལྷ་མོ་ཡུས་པའི་འཆི་མའི་འབབ་རྒྱུན། །
མར་བབས་གཙང་པོའི་རླབས་དང་འདྲེས་འདུག །

2012/01/23

མཛད་པ་བཅུ་གཉིས།

འོག་མིན་སྟོངས་པའི་ཚོམས་ཆེན་ན། །
རྒྱལ་ཀུན་མ་བགྲོས་གྲོས་ཆོད་དུ། །
དགའ་ལྡན་ལྷ་བུ་ཏོག་དཀར་པོ། །
མི་ཡུལ་འདུལ་བའི་ཕོ་ཉར་བབས། །

2012/01/17

ཐའེ་ལན་ཌའི་ནང་ཆོས་དར་རྒྱས།

 གཉིས་པ།
ཐའེ་ལན་ཌར་ནང་ཆོས་དར་རྒྱས་བྱུང་ཚུལ་རོབ་ཙམ་བཤད་ན། དེང་སང་ཐའེ་ལན་ཌ་ཞེས་གྲགས་པའི་རྒྱལ་ཁབ་འདི་ཉིད་དུས་རབས་༡༣ པའི་ཡར་སྔོན་དུ་རྒྱལ་ཕྲན་སིལ་མ་ཞེ་གཅིག་གིས་བདག་བཟུང་བྱས་ཡོད་པར་སྣང་། སྐབས་དེ་ཤེད་ནས་ཉེ་སྐོར་ཁྱིམ་མཚེས་ཡུལ་གྲུའི་ཤུགས་རྐྱེན་གྱིས་ཐ་ལན་དུ་ནང་པ་གང་འཚམ་ཞིག་མཆིས་མོད། རིང་མིན་དུས་རབས་༡༣ པའི་མཇུག་ཐོག་ན་ཐ་ལན་ཌིའིརྒྱལ་ཁམས་སུ་གནས་བརྟན་སྡེ་པའི་རྒྱལ་བསྟན་གྱི་རྒྱལ་མཚན་དེ་ཉིད་སྟོབས་ཀྱི་རྒྱལ་པོ་རམ་ཁམ་ཧའང་(༡༢༧༠—༡༢༩༨) (Ramkham Haeng) སོག་པོའི་རྒྱལ་རྒྱུད་དུ་གྲགས་ཤིང་སུ་ཁོ་ཐའེའི་རྒྱལ་རབས་དགུ་པོའི་ནང་གི་རྒྱལ་ཐོག་གསུམ་པའི་རྒྱབ་སྐྱོར་དང་དཔུང་གྲོགས་ལ་བརྟེན་ནས་ཡོངས་སུ་བསླངས་བ་སྟེ། རྒྱལ་པོ་རང་ཉིད་ཀྱི་རྒྱལ་ས་སུ་ཁོ་ཐའེ་ (sukhothai དེང་སང་རྒྱལ་ས་བྷེང་ཀོག་གི་བྱང་ཕྱོགས་སུ་ཡོད་)རུ་ནང་པའི་དགེ་འདུན་པ་སྤྱན་དྲངས་ཏེ་ནང་ཆོས་སློབ་གཉེར་ཞུས་པ་དང་། དམིགས་བསལ་དུ་སིང་ག་ལའི་རྒྱལ་ཁབ་དང་འབྲེལ་ལམ་བཙུགས་ཤིང་ཡུལ་དེའི་གནས་བརྟན་དག་སྤྱན་དྲངས་ཞིང་ནང་ཆོས་དར་སྤེལ་ཁྱོན་ཡོངས་ནས་བཏང་། དེ་ཙམ་མ་ཟད་ཆོས་སྡེ་དགོན་གནས་ཁག་འཛིན་སྐྱོང་འོང་ཆེད་དགེ་འདུན་པ་གཙོ་བོ་རེ་འགན་འཛིན་དུ་བསྐོ་གཞག་བྱེད་པའི་སྲོལ་གསར་གཏོད་ཀྱང་བྱས། མདོ་དོན་ཁོང་གི་རླབས་ཆེན་མཛད་ཕྲིན་འོག་ནས་རང་ཉིད་ཀྱི་རྒྱལ་ཁམས་ཡོངས་རྫོགས་ནང་བསྟན་དཀའ་འཇམ་ཡུག་གཅིག་ཏུ་གྱུར་ཏོ་ཞེས་བརྗོད་ཆོག །

དེ་ནས་དུས་རབས་ཕྱེད་ཙམ་གྱི་རྗེས་སུ་སླར་ཡང་ཆོས་སེམས་དཀར་བའི་རྒྱལ་པོ་ལུ་ཐའེ་(Luthai) ༼༡༣༩༩—༡༤༡༩། སུ་ཁོ་ཐའེའི་རྒྱལ་ཐོག་བརྒྱད་པ)ཞེས་པ་ཞིག་བྱུང་སྟེ་ནང་བསྟན་ལ་སྲི་ཞུ་དང་དར་སྤེལ་བགྱི་བའི་རོགས་དན་མཛད་དེ་ནང་བསྟན་བླ་ནས་བླ་རུ་སྤེལ། ཁོང་རང་ཉིད་ཀྱང་དངོས་སུ་དུས་བཅད་སྡོམ་ཁྲིམས་བླངས་ཤིང་རབ་ཏུ་བྱུང་སྟེ་དམ་པའི་ཆོས་ཉམས་ལེན་ལ་འབད་པར་བཤད། དུས་བཅད་སྡོམ་ཁྲིམས་ནི་ཐའེ་ནང་པའི་ཕྱག་ལེན་ལྟར་ན་སྔོན་འགྲོའི་སྡོམ་ཆོག་ཅིག་ཡིན་པར་བཤད་ལ་དུས་ཡུན་སྤྱིར་བཏང་ཟླ་བ་གསུམ་ཡིན། འདི་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་སུ་ལག་ལེན་མི་གནང་ཞིང་ཕར་བལྟས་ཚོད་ལ་དུས་ཡུན་རིང་བའི་བསྙེན་གནས་ཤིག་དང་འདྲ་ཙམ་མ་འཆིས་སམ། ཡུལ་འདིའི་ནང་པ་ཕལ་མོ་ཆེ་མི་ཚེའི་ནང་མ་མཐར་བདུན་ཕྲག་རེ་སྡོམ་པ་ལེན་དགོས་ཤིང་གལ་ཏེ་མ་བླངས་ན་ཤི་རྗེས་རོ་ལས་བྱེད་མཁན་ཡང་རག་དཀའ་བར་གྲགས།
གང་ལྟར་སུ་ཁོ་ཐེའེའི་རྒྱལ་ཐོག་གསུམ་པ་ནས་དགུ་པའི་བར་(༡༤༣༨)དང་། དེ་བཞིན་དུ་སྤྱི་ལོ་༡༣༥༠ ནས་༡༧༦༧ བར་བྱུང་བའི་ཨ་ཡུ་ཐའེའི་དུས་རབས་ཀྱི་རྒྱལ་ཐོག་༣༥། སྤྱི་ལོ་༡༧༦༧ ནས་༡༧༨༢ བར་གྱི་ཐོན་བྷུ་རིའི་དུས་རབས་ཀྱི་རྒྱལ་ཐོག་༡། ༡༧༨༢ ནས་༡༩༣༢ བར་གྱི་བྷེང་ཀོག་ར་ཏ་ན་ཀོ་སིན་དུས་རབས་ཀྱི་རྒྱལ་རྒྱལ་ཐོག་༩ བཅས་རྒྱལ་པོས་དབང་འཛིན་དང་། དུས་ཕྱིས་དབྱིན་ཇིས་མི་སེར་སྤེལ་ཡུལ་ལས་ཐར་རྗེས་མང་གཙོས་སྲིད་བསྐྱངས་པའི་བར་ཏེ། ཀྱག་ཀྱོག་གི་དུས་རབས་དུ་མ་ཞིག་གི་རིང་དམག་འཁྲུག་དང་དུས་ཟིང་ཇི་སྙེད་གཅིག་བརྒྱུད་པའི་ཁྲོད་ནས་ད་བར་ནང་བསྟན་གྱི་མུ་ཏིག་འོད་འཚེར་འཚེར་དུ་བཞུགས་ཀྱིན་པ་ལགས་སོ། དེང་སང་ཐ་ལན་གྱི་ཆོས་བྱེད་དགེ་འདུག་པ་དག་ལ་མཚོན་ན་དམ་པའི་ཆོས་ཕྱོགས་ཀྱི་ཆོས་དཔེ་ཙམ་མིན་པར་འཇིག་རྟེན་སྲིད་པའི་ལུགས་ཀྱི་ཤེས་རིག་ལའང་སློབ་གཉེར་གནང་སྟེ་ཁག་གཅིག་དམའ་འབྲིང་སློབ་གྲྭར་སློབ་འཁྲིད་གནང་སྟོབས་ཀྱིས་དམངས་ཁྲོད་དུ་ནང་ཆོས་ཀྱི་གོ་རྟོགས་འཕེལ་ཞིང་རྒྱལ་ཁམས་སྟོད་སྨད་བར་གསུམ་དུ་ནང་པའི་ཆོས་སྡེ་དགོན་གནས་རྩ་འཛུགས་གནང་མུས་དང་། ཁག་གཅིག་མུ་མཐུད་དེ་ནང་པའི་མཐོ་སློབ་ཆེ་ཁག་འགྲིམས་ཏེ་སློབ་མཐར་ཕྱིན་རྗེས་ལོ་ངོ་བཅུ་ཕྲག་རིང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ནང་ཆོས་འཆད་འཁྲིད་གནང་བར་ཆེད་དུ་ཕེབས་ནས་རྒྱལ་བསྟན་ཕྱོགས་ཀུན་ཏུ་སྤེལ་བཞིན་པ་ལགས་སོ། །

2012/01/15

ལྷོ་ཤར་ཨེ་ཤ་ཡའི་ཁུལ་གྱི་ནང་ཆོས་དར་རྒྱས།

ལྷོ་ཤར་ཨེ་ཤ་ཡའི་ཁུལ་གྱི་ནང་ཆོས་དར་རྒྱས།
༼བྷར་མ། ཐ་ལན་ཌི། ཁམ་བྷོ་ཌི་ཡ། ལའོ་སུ། ཝེཊ་ནམ། ཨིན་ཌོ་ནི་སི་ཞི་ཡ། མ་ལས་པེན་ནིན་སུ་ལར།༽

ནང་བསྟན་ནི་རྒྱལ་སྲས་གཞོན་ནུ་དོན་འགྲུབ་གང་ཉིད་སྲིད་པའི་ཁམས་ན་ཆེས་འཇིགས་སུ་རུང་བའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མཐའ་དག་ལས་རྣམ་པ་ཀུན་ཏུ་རྒྱལ་ཏེ་ཐར་པའི་གོ་འཕང་ལ་བདེ་བླག་ཏུ་གཤེགས་ཤིང་ཐབས་ལམ་དེ་ཉིད་གཞན་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར་གདམས་པའི་མན་ངག་ཞིག་ཡིན་པར་འདོད། དེ་ལྟ་བུའི་བསྟན་པ་དེ་ཉིད་རྒྱ་གར་འཕགས་པའི་ཡུལ་ནས་ཤར་ཙི་ནའི་ཁུལ། བྱང་ཁ་བ་ཅན། ལྷོ་ལང་ཀའི་གླིང་། ཤར་བྷར་མ་དང་ཐ་ལན་ཌིའི་ཁམས་སོགས་ཨེ་ཤ་ཡའི་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་དར་ཁྱབ་བྱུང་ཚུལ་ཀྱི་ངོ་མཚར་བའི་ལོ་རྒྱུས་བརྗོད་ཀྱིས་མི་ལང་བ་ཡོད་ཀྱང་། སྐབས་སུ་བབ་པའི་གཏམ་ལྷོ་ཤར་ཨེ་ཤ་ཡའི་མངའ་ཁུལ་ན་རྒྱལ་བསྟན་རིན་པོ་ཇི་ལྟར་དར་ཚུལ་མདོར་ཙམ་བརྗོད་ན། གནའ་དུས་སུ་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་ནང་དུ་ནང་ཆོས་དར་རྒྱས་བྱུང་བ་དག་ཕལ་མོ་ཆེ་རྒྱ་གར་གྱི་ཚོང་པ་དག་ཉེ་སྐོར་ཁྱིམ་མཚེས་ཡུལ་ཁག་ཏུ་ཚོར་སྐོར་ལ་འོངས་ནས་རིན་ལྡན་ཟང་ཟིང་གི་ཅ་དངོས་གསེར་དངུལ་ལ་བཙོང་ཞོར་རིན་མེད་དམ་ཆོས་ཀྱི་བདུད་རྩི་ལེགས་སྐྱེས་སུ་ཕུལ་བ་ལས་བྱུང་ཡོད་ལ། ཆོས་རྒྱལ་མྱ་ངན་མེད་ཀྱིས་དྲག་པོའི་དབང་ཤུགས་ལས་ཀྱང་བྱུང་ཡོད་པར་བཤད་ཅི་དགོས། གང་ལྟར་ཡུལ་གྲུ་དེ་དག་གི་ནང་དུ་སྔར་ཡོད་རང་རང་གི་རིག་གཞུང་ལ་ཕྱིར་དར་ནང་ཆོས་ཀྱིས་ཤུགས་རྐྱེན་ཐེབས་ཏེ་ཧིན་དྷུ་དང་ནང་ཆོས་འདྲེས་མར་ཉམས་ལེན་བྱེད་པ་དང་། མཚམས་རེར་སྔར་ཡོད་རིག་གཞུང་རྙིང་པར་རྒྱུན་སྐྱོང་བྱས་པ་ཡང་བྱུང་ཡོད་པར་སྣང་། 

དང་པོ། བྷར་མར་ནང་ཆོས་དར་ཚུལ་ནི་ཁོ་བོས་ཞིབ་ཕྲ་ཞིག་བྲིས་ཟིན་ཀྱང་འདིར་འདོད་ཚུལ་ཅུང་མི་འདྲ་བའི་དབང་གིས་ས་བཅད་མ་སྟོང་ཙམ་དུ་ཅུང་ཟད་བརྗོད་ན། སྤྱི་ལོའི་སྔོན་༢༧༣ ནས་༢༣༢ བར་བྱུང་བའི་སྙན་གྲགས་ཆེ་བའི་རྒྱལ་པོ་ཨ་ཤོག་ཀ་སྟེ་མྱ་ངན་
ཕ་གྷན་དྷ་གསེར་གྱི་མཆོད་རྟེན།
མེད་ཀྱི་དམ་ཆོས་སྤེལ་བའི་ཕོ་ཉ་བ་(misonaries)དག་སྐབས་དེའི་བྷར་མའི་ཚོང་འབྲེལ་ལྟེ་གནས་ཐེ་ཊོན་(Thaton)ས་གནས་སུ་ཚོང་པ་ཁག་དང་འགྲོགས་ཏེ་རིམ་པས་འབྱོར་ཞིང་། དེ་དུས་ཕྱོགས་གཅིག་ནས་རྒྱ་གར་དང་བྷར་མའི་ཚོང་འབྲེལ་ཡར་རྒྱས་ཕྱིན་དང་པ་དང་ཆབས་གཅིག་ཕྱོགས་གཞན་ཞིག་ནས་ཐེ་ཊོན་ས་གནས་ཀྱི་ཡུལ་མི་དག་དམ་པའི་ཆོས་ལ་དད་གུས་ཐོབ་ཏེ་མི་རིང་བར་ནང་པའི་ཡུལ་གྲོང་ཞིག་ཏུ་གྱུར། རྒྱ་གར་ནས་བཏང་བའི་ཆོས་ཀྱི་ཕོ་ཉ་བ་ཕལ་མོ་ཆེ་ཡང་གནས་འདིར་ཕྱག་ཕེབས་ཤིང་ཐེ་ཊོན་ས་གནས་ནི་བརྟན་སྡེ་བའི་གལ་ཆེའི་ལྟེ་གནས་ཤིག་ཏུ་གྱུར་ཡོད་པར་བཤད། དེ་རྗེས་དུས་རབས་འོག་མར་བྷར་མ་བྱང་ཕྱོགས་ཁུལ་དུ་གསང་སྔགས་རྡོ་རྗེ་ཐེག་པ་འཆད་ཉན་རགས་རིམ་བྱུང་བར་མངོན། གནས་བརྟན་པས་གསུངས་ན་བྱང་ཕྱོགས་པས་ཧིན་དྷུ་དང་དམངས་ཁྲོད་ཀྱི་རིག་གཞུང་མཉམ་བསྲེས་ཀྱིས་ཉམས་ལེན་བྱས་པ་ཞིག་ཡིན་པར་འདོད་ལ་དྲང་མོར་བཤད་ན་བདེན་རྒྱུ་ཞིག་ལོས་ཡོད། སྤྱི་ལོའི་དུས་རབས་༡༡ པའི་དཀྱིལ་དུ་ཕེབས་ཞིང་སྟོབས་ཤུགས་དང་མངའ་ཐང་ཆེ་བའི་བྷར་མའི་རྒྱལ་པོ་ཨ་ནྭ་ར་ཐས་ (Anawratha) བྷར་མ་ལྷོ་བྱང་གཉིས་ཀར་སྟོབས་ཀྱིས་དབང་དུ་བསྒྱུར། མ་ཟད་ཁོང་ཉིད་གནས་བརྟན་སྡེ་པའི་ནང་བསྟན་ཀྱི་ཕྱོགས་གཏོགས་སམ་རྒྱབ་རྟེན་སྟོབས་ཅན་ཞིག་ཏུ་གྱུར་པ་ཏེ། དཔེར་ན་རི་བོ་དགེ་ལྡན་པ་བོད་རྒྱལ་ཁབ་ཀྱི་ཆོས་ལུགས་ཡིན་པ་བཞིན་དུ་སྐབས་དེའི་གནས་བརྟན་སྡེ་པ་ཡང་བྷར་མའི་རྒྱལ་ཁབ་གཞུང་གི་ཆོས་ལུགས་སུ་རྦད་དེ་བསྒྱུར། ཁོས་ལྷོ་ཕྱོགས་ལང་ཀའི་གླིང་ནས་རྒྱལ་བའི་གསུང་རབས་དང་སྐུ་གདུང་རྩ་ཆེན་དག་ཆེད་དུ་བསྒྲུབས་ཤིང་དམ་ཆོས་དར་སྤེལ་བཏང་། བྷར་མའི་ཡུལ་དུ་གཙུག་ལག་ཁང་དུ་མ་བརྩིགས་པ་དང་ཁྱད་པར་དུ་ཆེས་སྙན་གྲགས་ཆེ་བའི་ཕ་གྷན་ཡུལ་གྱི་གསེར་གྱི་མཆོད་རྟེན་ཡང་ཁོང་གིས་བཞེངས་པར་གྲགས། གང་ལྟར་མི་རིང་བར་ཕ་གྷན་ས་གནས་ནི་ནང་ཆོས་ཀྱི་ལྟེ་གནས་གཙོ་བོ་ཞིག་ཏུ་ཆགས། དམིགས་བསལ་སྟབས་ལེགས་པ་ཞིག་ལ་བར་སྐབས་བྷར་མར་ཆས་སྲིད་དང་དམག་གི་དུས་ཟིང་འགའ་ཤས་བྱུང་ཡང་རྒྱལ་བསྟན་རིན་པོ་ཆེ་ལ་ཉམས་རྒུད་བྱུང་མེད་པ་སྟེ། བྷར་མའི་རྒྱལ་པོ་འདྲ་མིན་གང་ཞིག་བྱུང་རུང་དམངས་ཕལ་པའི་དཔུང་གཉེན་ཉག་གཅིག་ཏུ་བཞེངས་ཏེ་ཁོང་ཚོའི་འདོད་དོན་བསྐངས་བ་སྟེ་དགོན་པར་སློབ་གྲྭ་བཙུག་ཅིང་དགེ་འདུན་པས་ནང་ཆོས་ཀྱི་རྨང་གཞི་དང་ཡི་གེ་འབྲི་ཀློག་སློབ་པ་ལྟ་བུའི་རྒྱུད་སྲོལ་འོག་ནས་ནང་བསྟན་ཀྱི་རྩ་བ་ཚུགས་ཤིང་རྩེ་མོ་ཡོངས་སུ་རྒྱས་ཡོད། ཉེ་ཆར་དུས་རབས་༡༩ པའི་ནང་དབྱིན་ཇིས་མི་སེར་སྤེལ་ཡུལ་གྱི་རྡོག་འོག་ན་ཤོར་ཏེ་བྷར་མའི་ཆོས་དང་རིག་གཞུང་གང་ཐད་ནས་ཉམས་ཆག་ཤོར་ཡོད་ཀྱང་དུས་རབས་༢༠ པའི་ནང་སླར་ཡང་བྷར་མར་རང་བཙན་ཐོབ་ཏེ་ནང་པའི་ཆོས་དང་དེ་དང་འབྲེལ་བའི་རིག་གཞུང་ཉམས་པ་སླར་གསོས་དང་མ་ཉམས་གོང་འཕེལ་དུ་གཏོང་བཞིན་ཡོད། 
༼མུ་འགོད་་ཐའེ་ལན༽

2012/01/12

ལེ་ནལ་མེ་སི།Lionel Messi

ལཱེ་ནལ་མེ་སི་ནི་དེང་སྐབས་འཇིག་རྟེན་ཟླུམ་པོ་འདིའི་སྟེང་གི་ཆེས་མཚན་སྙན་ཆེ་ཤོས་ཀྱི་རྐང་རྩེད་པོ་ལོ་བ་ཡིན། འདི་ལོ་བརྩིས་པའི་ལོ་གསུམ་གྱི་རིང་སྟེ་ ༢༠༠༩། ༢༠༡༠། ༢༠༡༡ བཅས་བསྟུད་མར་ཆེས་ཕུལ་གྱི་རྩེ་འགྲན་པའི་བྱ་དགའ་གཟེངས་བསྟོད་ཐོབ་ཡོད། སྤྱིར་ན་འཛམ་གླིང་འདིར་རྩེད་མོའི་རྣམ་གྲངས་བཤད་ཀྱི་མི་ལང་བ་ཡོད་ཅིང་དེ་དག་སོ་སོར་ཕུལ་བྱུང་གི་རྩེ་འགྲན་པ་ནམ་མཁའི་སྐར་ཚོགས་ལས་གྲངས་མང་བ་ཡོད་ཀྱང་། དམིགས་བསལ་རྐང་རྩེད་པོ་ལོ་ནི་འཛམ་གླིང་ཤར་ནུབ་གང་སར་ཆེས་དར་སྲོལ་དང་དགའ་བསུ་ཐོབ་པའི་རྩེད་མོ་ཞིག་ཡིན་སྟབས། སྒྱུ་རྩལ་ལ་མཆོག་ཏུ་མཁས་པའི་རྩེ་འགྲན་པ་ཡང་ས་ཁའི་རྡུལ་གྲངས་ལས་མང་བའི་ཁྲོད་ནས་ཆེས་རྩེ་ཕུད་ཅིག་འཐོན་རྒྱུ་ནི་ཤིན་ཏུ་དཀའ་བ་ཡིན་པ་བཤད་མི་དགོས་པ་ཞིག་རེད། ལཱེ་ནལ་མེ་སིའི་ལོ་རྒྱུས་མདོར་ཙམ་བཀོད་ན། ཁོང་སྤྱི་༡༩༨༧། ཟླ་བ་༦། ཚེས་༧ ལ་ལྷོ་ཨ་རིའི་རྒྱལ་ཁབ་ཨར་རྗེན་ཊི་ནའི་རོ་སར་རིའོ་ (Rosario, Argentina) ཞེས་པའི་ས་གནས་སུ་ཕ་རྗོར་རྗི་དང་མ་གསི་ལི་ཡའི་བུ་རུ་སྐྱེས། (Jorge and Celia Messi) ཁོང་ཉིད་ལོ་གྲངས་ལྔ་ལ་སོན་མ་ཐག་པའི་ནུ་ཞོ་འཐུང་བའི་བུ་ཆུང་ཁྲུ་གང་མ་ཞིག་ཡིན་སྐབས་ནས་ཨ་ཕས་གཉེར་བའི་རྐང་སྦོལ་རུ་ཁག་ཆུང་ངུ་ཞིག་ཏུ་རྩེ་མགོ་བཙུགས་ཏེ་སྒྱུ་རྩལ་གྱི་མཛེས་པའི་མེ་ཏོག་གི་ཞལ་ཁ་ཕྱེས། ལོ་བརྒྱད་ལ་སླེབས་དུས་ནེ་ཝལ་བུ་རྒན་པའི་རུ་ཁག་ལ་ཞུགས་ཏེ་སྒྱུ་རྩལ་གྱི་རྨང་གཞི་ལྷུན་གྱིས་གྲུབ་ཚར་ཞིང་ལོ་ངོ་དེ་དག་གི་རིང་ཁོ་རང་ཉིད་ཀྱི་རུ་ཁག་ལ་རྒྱལ་ཁ་བླངས་བ་ཉུང་ཉུང་ཁྱོན་ནས་མིན། འོན་ཀྱང་སྟབས་མ་ལེགས་པར་ལོ་གྲངས་ ༡༡ ལ་སོན་སྐབས་གཟུགས་ཁམས་ལ་རྨེན་བུའི་སྐུལ་རྒྱུ་ཉམས་པའི་ནད་གཞི་ (hormone deficiency) ལྕི་མོ་ཞིག་ཕོག་སྟེ་ཟླ་རེའི་སྨན་རིན་ཡོ་སྒོར་༥༠༠ ཐམ་པའི་འགྲོ་གྲོན་ནི་ནང་མིས་ཕར་ཞོགས་རང་རྒྱལ་ནང་གི་རྐང་སྦོལ་རུ་ཁག་མིང་གྲགས་ཅན་གཙང་པོའི་སྡེར་མ་སྟེ་ (river plate) རི་ཝལ་པེ་ལེ་ཊིས་ཉར་འདོད་ཀྱང་སྨན་རིན་ལ་འཛེམས་ཏེ་བདག་མ་ཐུབ་པའི་གནས་སུ་གྱར། སྐབས་དེར་དེང་དུས་འཛམ་གླིང་ནང་གི་ཆེས་རྩེ་ཕུད་དུ་གྲགས་པའི་སུ་པན་རྒྱལ་ཁབ་ཀྱི་སྒེར་གཉེར་རྐང་སྦོལ་རུ་ཁག་བྷར་སི་ལོ་ནའི་འགན་འཛིན་ཀར་ལོ་སུ་རེ་སེག་གིས་གནས་ཚུལ་དེ་ཤེས་མ་ཐག་མེ་སིའི་སྒྱུ་རྩལ་ལ་ཡིད་རབ་ཏུ་མགུ་སྟེ་བྷར་སི་ལོ་ནས་ཉོ་རྒྱུར་ཐག་བཅད་པ་དང་ཕ་མས་ཀྱང་མོས་མཐུན་བྱུང་ནས་སུ་པན་ལ་འོངས། ཐོག་མར་བྷར་སར་ལོ་ནའི་རུ་ཁག་འོག་མར་རྩེས་ཀྱང་ཡུན་རིང་མ་འགོར་བར་རྨད་དུ་བྱུང་བའི་སྒྱུ་རྩལ་དེས་རུ་ཁག་རྒན་པའི་<ཁ་སྡེ་>ཡི་ནང་དུ་གནས་སྤར་ཐོབ། ཁ་སྡེའི་རྩེད་འགྲན་ཐེངས་སུམ་ཅུར་པོ་ལོ་༣༧ བླུགས་ཏེ་<ཀ་སྡེར་>སྤར་རྒྱུའི་ལྟ་གོན་ལེགས་པར་གྲུབ་སྟེ་སྤྱི་ལོ་ ༢༠༠༤ ལོར་ལོ་གྲངས་ ༡༧ སྐབས་རུ་ཁག་ཀ་པའི་མིང་ཐོར་དངོས་སུ་འཁོད་དེ་ད་བར་རྩེ་འགྲན་གྱི་རྒྱལ་ཁ་བླངས་བ་གྲངས་ཀྱི་མི་ལང་ཞིང་ལྟད་མོ་བས་དགའ་གསུའི་ཐལ་སྒྲ་དང་དགྱེས་པའི་ཀུ་ཅོ་དག་གིས་ལྗོངས་ལྔ་གླིང་བཞི་ཡོམ་ཡོམ་དུ་གཡོ་བཞིན་ཡོད། གང་ལྟར་རྒྱལ་ཁབ་རྩེ་སྐབས་ཨར་རྗེན་ཊི་ན་དང་སྒེར་གཉེས་རུ་ཁག་རྩེ་དུས་བྷར་ས་ལོ་ནར་རྩེ་ཞིང་གང་ཞིག་ཏུ་རྩེས་ཀྱང་རུ་ཁག་གི་རྩེ་མོའི་ལྡེ་མིག་ཉག་གཅིག་དུ་བརྩི་བཞིན་ཡོད། ཁོང་གིས་རྩེས་པའི་ལྟད་མོར་གཟིགས་ཤིག



2012/01/08

ཆུ་ཚན། རང་བྱུང་གི་གསོ་དབྱད།

སྟོད་གངས་རིའི་ཉེ་འདབས་ཀྱི་པྲེ་ཏ་པུ་རིའི་ཆུ་ཚན།

ན་མོ་གུ་རུ་བྷཻ་ཥ་ཛ་ཡ།
 དེ་ལ་འདིར་འགྲོ་བའི་བསོད་ནམས་དཔའ་ལས་གྲུབ་པའི་རང་བྱུང་གི་གཏེར་ཁ་སྨན་ཆུ་དང་ཆུ་ཚན་ལས་གཉིས་ལས་འདིར་ཆུ་ཚན་ཀྱི་སྐོར་ཅུང་ཟད་བརྗོད་ན། སྤྱིར་ན་ཆུ་ཚན་ནི་བོད་ཀྱི་གསོ་བ་རིག་པའི་གཞུང་ལས་གལ་ཆེར་བཟུང་སྟེ་དབྱེ་བ་དང་དེའི་ཕན་ནུས་སོགས་རྒྱ་ཆེར་བརྗོད་ཡོད་པ་དག་ལས་མདོར་ཙམ་བཀོད་ན། ཆུ་ཚན་ལ་མུ་ཟི། རྡོ་ཞོ། རྡོ་ཆུ། ཅོང་ཞི། མཚུར་བཅས་རྩ་བའི་དབྱེ་བ་ལྔ་དང་དེ་དག་རེ་རེ་ལའང་མཆོག་དམན་ལྔ་རེ་དབྱེ་བའི་བརྒྱ་ཐམ་པ་དང་། རྡོ་སོལ་རྐྱང་པའི་ཆུ་ཚན་བཅས་བརྒྱ་དང་གཅིག་ཡོད་ཅིང་ད་རུང་དེ་དག་བྲག་ཞུན་སོགས་རིགས་གཞན་དང་འདྲེས་མ་འདྲེས་ཀྱི་རྣམ་གཞག་དུ་མ་མཆིས་པ་དག་ལས།
01. དང་པོ་རིགས་དང་ཕན་ནུས་ནི།
༡། 
མུ་ཟིའི་ཆུ་ཚན་གྱིས། འབྲས་དང་། ཟས་མ་ཞུ་བའི་སྟོབས་ཀྱིས་ལུས་ལ་རྨ་འཁྲེག་པོ་རེ་ཆགས་པའི་ནད་ཅིག ལྷོག་པ། མི་ཕྱུགས་གཉིས་ཀར་རྨ་ཆགས་པའི་འགོ་ནད ཤ་བཀྲ མདོག་སྐྱ་ཁྲར་འགྱུར་བའི་པགས་ནད་ཅིག དུག་ནད། གླང་ཤུ། པགས་མདོག་སྐྱ་བོ་འབྲུམ་ཆུང་སྐྱ་གསོབ་ཡོད་པ་ཟ་འཕྲུག་ལྡང་བའི་པགས་ནད་ཅིག་དང༌། ཤ་རོ་གླང་གི་གཉའ་བ་ལྟར་མཐུག་ཅིང་སེར་ག་འབྱུང་བའི་མཛེ་ནད་རིགས་ནང་ནས་གཅིག་དང་གཉིས་ལ་འཇུགའབྲུམ་ཐོར། ལྷ་འབྲུམ། ཁྱེ་མ། པགས་ནད་ཀྱི་བྱེ་བྲག་ཅིག་སྟེ།  ཡུལ་སྐད་དུ་ཁྱི་རྨ་ཟེར་ཞིང་། སྨན་གཞུང་དུ་གླང་ཤུ་ཟེར་བ་དེའི་མིང་། ཤུ་ཐོར། གཉན་ནད་ཤུ་བའི་རང་བཞིན་གྱི་ཐོར་པ་ཞིག མཛེ་རིགས་ཡོངས། ཆུ་སེར་ནག་པོ་དང་གཉན་སྲིན་པརྤ་ཏ་གཉིས་འདོམས་པ་ལ་རྒྱབ་རྟེན་ཀླུས་བྱས་པར་གྲགས་པའི་ལུས་ཀྱི་གནས་ཀུན་མ་རུང་བ་རུལ་མྱག་ལྟར་འགྱུར་བའི་ནད་དེ། ནང་གསེས་སུ་དབྱེ་ན་མཛེ་ནད་རིགས་བཅོ་བརྒྱད་དམ་སུམ་ཅུ་རྩ་དྲུག་མཆིས་སོ། ། ཆུ་སེར་ནད། ཚིགས་མིག་དང་ཤ་པགས་བར་སོགས་སུ་གནས་པའི་ཁྲག་གི་སྙིགས་མ་དང༌། མཁྲིས་པའི་དྭངས་མ་ལས་བྱུང་བའི་མདོག་དམར་སེར་ཆུ་ལྟར་སླ་ལ་འབྱར་བག་གི་རྩི་དང་ལྡན་པ་དེ་ལ་ཟེར་ཏེ། དེ་འཕེལ་ཟད་དུ་གྱུར་ན་ཆུ་སེར་གྱི་ནད་དུ་འགྱུར་བ་ཡིན། དྲེག་གྲུམ། ལག་པའི་གྲུ་མོ་གཉིས་དང་རྐང་པའི་བོལ་ཚིགས་གཉིས་བཅས་ན་བ་དྲེག་ནད་དང༌། ཡན་ལག་གི་ཚིགས་ཀུན་ན་བ་གྲུམ་བུའི་ནད་དང་གཉིས་སོ། ། སྙིང་ཚད། ཟག་ཆུ། ཆབ་ཆེ་ཆུང་མི་ཐུབ་པའི་ནད་ཅིག སྐྱ་རྦབ་ལུས་ཀྱི་མེ་དྲོད་ཉམས་པ་སོགས་ལས་བྱུང་བའི་པགས་མདོག་སྐྱ་ཞིང་སྐྲངས་པ་རྦབ་རྦབ་ཏུ་འབྱུང་བའི་ཆུ་ནད་ཅིག སོགས་མདོར་ན་པགས་ནད་རིགས་ལ་ཕན་པར་བཤད། ༢། རྡོ་ཞོའི་ཆུ་ཚན་གྱིས། བད་ཀན། ལུས་ཀྱི་ཆ་ཤས་སུ་གཏོགས་ཤིང༌། རྐྱེན་དང་ཕྲད་ན་རྩ་བའི་ནད་གསུམ་གྱི་ཡ་གྱལ་དུའང་འགྱུར་བ་ཞིག གྲང་བ། མེ་དྲོད་ཉམས་པ། མ་ཞུ་བ། ལྷན་སྐྲན་སོགས་གྲང་ལན་ལ་ཕན། ༣། རྡོ་ཆུའི་ཆུ་ཚན་བསྟེན་ན། ཆག་གྲུམ་སྦྱོར། རུས་པ་ཆག་གྲུམ་སྦྱོར། རེངས་འཁུམས་འདུལ། ལུས་ཀྱི་རྩ་རྒྱུས་རིང་ཐུང་ཤོར་བ། རྩ་འགྲམ་རྩ་ཆད་མཐུད་པ་སོགས་མདོར་ན་རྩ་ནད་ལ་ཕན།  ཅོང་ཞིའི་ཆུ་ཚན་བསྟེན་ན། དུག སྨུན་པོའི་རིགས། ཁྲག་དང་མཁྲིས་པ་ཤུགས་དྲག་པའི་ནག་གཅིག་ཡིན་པ་ཡོད། ཚད་རྙིང་། གྲང་མཁྲིས། སྐྲན་རིགས་ཐམས་ཅད་ལ་ཕན་པར་བཤད། ༥། མཚུར་གྱིས། ཁོང་སྐྲན་དང་སྨུག་པོ། ཁོང་སྲིན་སོགས་ལ་ཕན་པར་བཤད།
02.              གཉིས་པ་ཆུ་ཚན་བཟང་ངན་གྱི་མཚན་ཉིད།
ཆུ་ཚན་ཡོད་པའི་ས་བབ་དེ་སྐམ་གཤེར་སྙོམས་པ། དུག་རིགས་ཉུང་བ། ནགས་ཚལ་ཧ་ཅང་འཐུག་མ་དྲགས་པ། ཆུ་གཞན་དང་མ་འདྲེས་ཤིང་ཆུ་ཚན་རང་གི་ངོ་བོ་གསལ་བ། རྒྱུན་རིང་འཁྱིལ་ཏེ་རུལ་བ་མ་ཡིན་པ། རླངས་པ་མ་སྤྱིལ་བར་ཕྱིར་ཐོན་ས་ཡོད་པ་དག་བཟང་ཞིང་དེ་ལས་ལྡོག་ན་ངན་པར་བཤད་དོ། །
03.              གསུམ་པ་བསྟེན་པའི་ནམ་དུས།
དཔྱིད་ཀ་དང་སྟོན་མཇུག་དང་། ཁྱད་པར་སྨན་རྩིས་ལུགས་ལྟར་ན་སྟོན་ཁའི་དྲང་སྲོང་སྐར་མ་རྀ་ཥིའི་དུས་ལ་སྨན་དཔྱད་བྱས་ན་ལེགས་པ་ཙམ་མ་ཟད་སྐབས་དེར་ཆར་ཆུ་ཐམས་ཅད་སྨན་ཡིན་པར་བཤད། ཕ་ཡུལ་གྱི་གཏམ་དཔེར་(སྐར་མ་རྀ་ཥི་ཤར་ཉིན་མོ། །སྡེ་གཞན་པས་རྟ་ཕོ་འདར་ལ་འདོན། ངེད་ཚང་གིས་ར་ཕོ་འདར་ལ་འདོན།)ཞེས་ཁྱིམ་ཚང་འཁོས་ཀ་བཟང་ངན་ཡང་སྐར་མ་རྀ་ཥི་དང་སྦྱར་ནས་བཤད་སྲོལ་ཡོད། སྨན་ཆར་ལ་བསྟེན་ཞིང་དབྱར་ཁའི་དུག་ཆར་སྐབས་སུ་སྤངས་ན་བཟང་བ་སོགས་འབྱུང་བཞི་ལྷ་རུ་གོམས་པའི་སྐྱེ་བོ་དག་གི་བག་ཆགས་ལྟར་བྱས་ཀྱང་སྐྱོན་ཆེར་མ་མཆིས། །
04.              བཞི་པ་ཆུ་ཚན་བསྟེན་ཚུལ།
ལུས་སྟོབས་ཆེ་ཆུང་དང་། ནད་གཞི་ལྕི་ཡང་། ཁྲག་ཤེད་མཐོ་དམན་དང་རླུངས་ཁམས་སོགས་ལ་ལྟོས་ཏེ། ཆུ་ཚ་ཞན། ཡུན་རིང་ཐུང་། ཟས་འཟའ་ཕྱོགས་སོགས་ལ་དོ་སྣང་དགོས་པ་སྟེ་གལ་ཏེ། ནད་པ་གཟུགས་གཞི་སྐྱོ་ཞིང་ནད་བབ་ལྕི་བ། ཁྲག་ཤེད་དང་རླུང་ཁམས་མཐོ་ན། ཆུ་དྲོད་འཇམ་ལ་རྒྱུན་ཐུང་ངུར་ཉལ་དགོས། དམིགས་བསལ་ཅོང་ཞི་དང་རྡོ་སོལ་ཆུ་ཚན་ཡིན་ན་ཆུ་དེས་ཟས་གཡོས་སྦྱོར་དང་གང་ཐུབ་འཐུང་དགོས་པར་བཤད། རེངས་འཁུམས་རྙིང་པར་འཕུར་མཉེ་དང་། སྒུར་སྐྱོག་ཚོར་དལ་བུར་བསྲང་། ཁོག་སྐྲན་ཅན་ལ་རན་པར་བརྡེག་པ། ཆུ་སེར་ཅན་དང་ལུང་ཟུང་ཞན་ཆེ་བ་རྣམ་སྔོན་ལ་གཡེར་མའི་ཆུ་ཡིས་བཀྲུ་བ། ཆུ་ཚན་ཁྲོན་པར་ཡོད་ན་རས་བཀབ་པའི་རླངས་པས་རྔུལ་ཆུ་འདོན་གང་ཐུབ་དགོས། གང་ལྟར་ལྟོ་སྟོང་དང་ཚ་བ་ན་སྐབས་སུ་ཆུ་ཚན་ལ་གཏན་ནས་འཇུག་མི་རུང་། ཁྲག་ཤེད་ཅན་དང་རླུང་ཁམས་མཐོ་རིགས་ཆུ་ཚན་བསྟེན་སྐབས་ཐོག་མར་ཆུ་ཚན་ལ་མགོ་བོ་སྦངས་ཏེ་ཞུགས་ན་ཉེན་ཁ་ཆུང་བར་བཤད། །
05.              ལྔ་པ་བསྟེན་པའི་དུས་ཡུན།
ཉུང་མཐར་ཞག་པོ་ཉེར་གཅིག་སྟེ་བདུན་ཕྲག་གསུམ་ཙམ་དགོས་པར་བཤད་ལ་དེ་ལས་མང་ན་མི་ཆོག་རྒྱུ་མེད་ལ་ཞག་བཅུ་དགུ་དང་ཉི་ཤུ་ཐམས་པ་ཡིན་ནའང་སྐྱོན་མེད་པར་བསམ། ལྷས་བཀོད་པའི་བདུན་ཕྲན་མ་ཚང་ན་ནད་གཞི་མི་དྲག་པ་ག་ལ་སྲིད། 
06.              དྲུག་པ་ནད་དྲག་པའི་རྟགས་མཚན།
གསོ་རིག་གཞུང་གི་ལ་ལག་ལེན་ལ་བྱང་ཞིང་ལོ་མང་ཉམས་མྱོང་ཅན་གྱི་མན་ངག་ལྟར་ན། ཉིན་གསུམ་བཞིའི་མཚམས་སུ་སྔར་གྱི་ནད་རྙིང་པ་ཚང་མ་བསླངས་སོང་བའི་ཚོར་སྣང་དང་། ཟུག་གཟེར་བྱུང་ན་ནད་གཞི་དྲག་པའི་མངོན་རྟགས་གསལ་པོ་བྱུང་བ་སྟེ་མུ་མཐུད་ནས་ཞུགས་ན་མགྱོགས་པོ་དྲག་སྐྱེད་འོང་བར་བཤད། ། 
ཝར་ཎ་མཐོ་སློབ་སྨན་གསོ་རིག་སྡེ་ཚན་གྱི་སློབ་དཔོན་བློ་བཟང་བསྟན་འཛིན་གྱིས་བྲིས་པའི་རང་བྱུང་ཆུ་ཚན་སྐོར་དེར་གཞི་བཅོལ་ཏེ་བྲིས་པ་ཡིན། །

2012/01/06

རྐང་བགྲོད།

དེང་སང་ང་ཁོམ་པ་ཡོད་པའི་སྐབས་དང་བསྟུན་ཏེ་དྲ་རྒྱ་འདི་འགེངས་དགོས་བསམ་སོང་ཡང་། སུ་ཡང་མེད་སའི་ཁོར་ཡུག་གཅིག་ན་རི་ཁྲོད་ཀྱི་མཚམས་པ་བཞིན་འདུག་དུས། ཡང་འབྲི་བསམ་པའི་བརྗོད་བྱ་ཞིག་གཏན་ནས་རག་གི་མི་འདུག རྒྱུན་པར་ཁོ་བོ་རི་ཁར་འཁྱམ་འཁྱམ་རེ་འགྲོ་ན་དོན་དག་རེ་བློ་ལ་འཁོར་གྱི་ཡོད་མོད་དེང་སང་གདོན་གྱིས་ཁྱེར་སོང་བ་ལྟར་དེ་ཡང་ཡོང་གི་མི་འདུག ཁ་སེང་རེ་བ་དེ་བྱས་ཏེ་སྤྱི་ལེ་བཞིའི་ལམ་ཁར་གོམ་བགྲོད་སྤྱད་དེ་བསམ་བློ་བཏང་ཡང་ཀླད་རྒྱ་ལ་གང་ཡང་འཁོར་མ་སོང་། ངའི་འགྲོ་ལམ་གཡས་གཡོན་དུ་ནང་པའི་ཁྱིམ་ཚང་ཐར་ཐོར་མེད་ས་གཏན་ནས་མི་འདུག ཚང་མས་མཁྱེན་གསལ་ལྟར་ཧི་མ་ལའི་ནང་པ་ཞིག་ཡིན་ཕྱིན་ཁ་ནས་སྐྱབས་འགྲོ་མི་ཤེས་རུང་ཁང་ཐོག་ཏུ་ཇོ་དར་འདོམ་གང་བསྒྲོན་ཤེས་ཀྱི་ཡོད་སྟབས་གྲོང་པའི་ནང་གི་ནང་པ་བརྩི་བ་ནི་ཆེས་སླ་ཤོས་དེ་རེད། ཁོང་ཚོ་ཕལ་མོ་ཆེ་གར་ཞྭ་དང་། ལ་ཧོར། ཁུ་ནུ། རྒྱ་གར་ཁམས་པ་སོགས་ཡོད་ཅིང་དེ་ལས་ཀྱང་ཁུ་ནུ་དང་ལ་ཧོར་མང་ཆེ་བ་རེད། ང་འགྲོ་སའི་ལམ་ཁ་འདི་ནི་སྐད་གྲགས་ཅན་གྱི་ཆུ་ཚན་ཡོད་སའི་མ་ཎི་རན་ལ་འགྲོ་སའི་ལམ་ཁ་དང་འཁེལ་སྟབས་སྒྱུ་འགྲུལ་ཧ་ཅང་མོད། 

རྒྱ་གར་བ་གཞན་དང་མི་འདྲ་བར་ཁོང་ཚོ་དང་ཐུག་ན་མང་ཆེ་ལས་ཇུ་ལེ་ཟེར་ཞིང་འཚམས་འདྲི་བྱེད། ཇུ་ལེ་ནི་ཕལ་ཆེར་བཀྲ་ཤིས་བདེ་ལེགས་ཞེས་པའི་དོན་ཡིན་པ་འདྲ། གང་ལྟར་ངོ་རིས་ཁྲག་རྒྱུན་གཅིག་པའི་གཅིག་པའི་སྟབས་ཀྱིས་གཞན་ལས་སེམས་ཐག་ཅུང་ཉེ་བ་ཡིན་པ་སྟོན་གྱི་འདུག སྤྱིར་རྒྱ་གར་ནི་མི་འབོར་ལུད་ནས་ཡོད་པའི་ཡུལ་གྲུ་ཞིག་ཡིན་སྟབས་ས་གནས་འདིར་ཡང་མཐོ་རི་བོའི་རྩེ་ནས་དམའ་གཙང་པའི་ཁུག་སོགས་གང་སར་གྲོང་པ་མེད་ས་མེད་ཅིང་མཚན་མོ་གནམ་ས་འགབ་འདྲེས་པའི་ཁྲོད་དུ་སྐར་ཚོགས་དང་གློག་སྒྲོན་མ་བུ་འདྲེས་ཏེ་དབྱེར་མི་ཆོད་པའི་ཚོད་དུ་ཡོད། 

གྲོང་ཚོ་རེར་མ་མཐར་ཇ་ཁང་ཚོང་ཁང་གཅིག་གཉིས་རེ་མེད་པ་ཕལ་ཆེར་མེད་པས་ངས་ལམ་ཟུར་དུ་ཡོད་པའི་ཇ་ཁང་ཆུང་ངུ་ཞིག་གི་ནང་ནས་ཇ་མངར་དང་སེ་ཌུ་ཟོས་པ་ཡིན། སེ་ཌུ་ནི་ལུང་པ་འདིའི་དམིགས་བསལ་ཟས་རིགས་ཤིག་སྟེ་ནང་དུ་སྨན་སྣས་སྦག་པའི་ཚལ་རིགས་ཅུང་དྲིལ་བའི་མོ་མོ་ཆེན་པོ་ཞིག་ཡིན་ཞིང་བཟའ་སྐབས་མར་ཁུ་དང་སྦག་དགོས་སྲོལ་འདུག །

2012/01/03

ཨ་ཕའི་དཀའ་སྡུག

 དེ་རིང་ངས་ཨ་ཕའི་དཀའ་སྡུག་བཤད་དྲན་སོང་། 
ངའི་དྲིན་ཅན་གྱི་ཕ་རྒན་དང་ཨ་ཁུ་<ཨ་ཕའི་ཨ་ཁུ>གཉིས་ས་ནི་མི་ལོ་བཅུ་ཕྲག་གི་སྔོན་ཞིག་ནས་ཉིན་མ་བཅུ་གྲངས་ཀྱི་ནང་ཚུད་དུ་གཅིག་རྗེས་གཉིས་མཐུད་དུ་འཇིག་རྟེན་གཞན་ཞིག་ཏུ་བཞུད་ཟིན་པ་རེད། སྐབས་དེར་ང་དང་གཅུང་པོ་གཉིས་ལྷོ་ཕྱོགས་མེེ་སོར་རྣམ་གྲོལ་གླིང་གི་བཤད་གྲྭར་ཆོས་ཞུགས་བྱས་ཏེ་ལོ་རིམ་གཉིས་པར་སླེབས་ནས་ཡོད། སྤྱིར་སྐྱེ་འགྲོ་ཚང་མས་སྐྱེ་འཆིའི་གོ་རིམ་འདི་གཉིས་སུས་ཀྱང་བརྒྱུད་དགོས་པར་བསམ་སྟེ་ཁོག་ཡངས་ཅུང་ཟད་རེ་བྱ་ཆོག་མོད། ངའི་ཨ་ཕར་བསམས་ན་སྡུག་བསྔལ་ལ་ཚོད་འཛིན་ཐུབ་ཐབས་མི་འདུག ངའི་ཕ་རྒན་གྱིས་ཉྭ་ཕྲ་བའི་ང་ཚོ་བུ་ཕྲུག་དགུ་དང་ངའི་ཨ་མ་ལགས། ད་རུང་བགྲེས་ལོ་ལོན་གྱི་ཨ་མྱེས་གཉིས་བཅས་བཟའ་མི་བཅུ་གྲངས་ཤིག་གསོ་སྐྱོང་གི་ཆེད་དུ་ཉིན་གྱི་མི་དང་མཚན་མོའི་ཁྱི་ཞེས་པའི་དཔེ་ལྟར་ཞིང་འབྲོག་གཉིས་ཀྱི་བྱ་བ་ཐབས་ཅད་པོའི་འགན་ཁུར་དགོས་པ་རེད། ཁ་དཔེར་༼གངས་མ་ཆར་ལས་འཁྱགས་སུ་མེད། །ས་མ་འབྲོལ་ལས་དཀའ་བ་མེད།༽ཅེས་པ་ལྟར་ཞིང་འབྲོག་གཉིས་ལྡན་གྱི་ཡུལ་མི་དག་ནི་དཀའ་ཚེགས་ཧ་ཅང་ཆེ་བའི་ཚད་ལ་བརྩི་ཞིང་། དགོས་སུ་ངའི་ཕ་རྒན་ལ་མཚོན་ན་མི་གཅིག་གི་ཕྲག་ཏུ་ཡོད་ཚད་པོ་ཁུར་དགོས་དུས་དཀའ་ཚེགས་ཅི་འདྲའི་ཆེ་ཚུལ་ངས་བཤད་མ་ཤེས་རུང་དོན་དུ་གསལ་ནས་ལོས་ཡོད་ཨང་། རྒྱུན་དུ་པ་ཕས་གོས་ལྷམ་གསར་པ་རེ་བྱུང་ན་གྱོན་པར་མི་སྤྲོ་བའི་ཟོལ་གྱིས་ང་ཚོར་གནང་གི་ཡོད། ངས་སྐབས་དེར་ལོ་ན་རྒས་ཏེ་འཕྱོར་གཟུགས་ལ་དོ་སྣང་མེད་པར་བསམ་མྱོང་། ང་ནི་ཅི་འདྲའི་བསམ་མེད་ཅིག་རེད་ཨང་། 

ང་ལོ་ངོ་བཅུ་གྲངས་ཟིན་པ་ནས་བཟུང་༼བུ་ཆེ་མགོ་དང་། གཡག་རྡང་མགོ་༽ཟེར་བའི་དཔེ་ལྟར་ཕ་དང་ལྷན་དུ་ཤིང་འཐུ་བ་དང་ཚོང་སྐོར་སོགས་ཀྱི་ཆེད་དུ་བྱེས་ལ་ཡང་ཡང་འགྲོ་དགོས་ལ་སྐབས་དེའི་དྲན་ངོ་གསལ་ཤོས་ཀྱི་ཉི་མ་ཞིག་སྟེ། ཨ་ཕ་ངེད་གཉིས་པོས་རི་ཁ་ལ་བསྐོལ་བའི་ཇ་ཐང་དེའི་བྲོ་བ་བདུད་རྩི་དང་འདྲ་ཟེར་ན་བཤད་མི་བདེ་ཡང་རྗེས་སོར་ཇ་དེའི་བྲོ་བ་ངས་གཏན་ནས་བསྐོལ་མི་ཤེས་ལ་གཞན་ལས་ཀྱང་ཁྱོན་ནས་རག་མ་མྱོང་། 

མཚན་མོ་ཉལ་ཐུལ་གཅིག་གི་འོག་ན་ཨ་ཕ་ངེད་གཉིས་ལྷན་དུ་ཉལ། ངའི་ཡིད་ངོ་ན་ཆེས་གསལ་བ་ཞིག་ལ་ཁོང་གན་རྐྱལ་དུ་ཉལ་དུས་མིག་ཟུར་ནས་འཆི་མ་འོང་བ་ཞིག་ཡིན། སྐབས་དེའི་འཆི་མ་ནི་ཡིད་སྐྱོ་བའི་མཆི་མ་ཞིག་མ་ཡིན་པར་གཟུགས་ཁམས་ཀྱི་རང་བཞིན་ཞིག་ཏན་ཏན་རེད། ཨ་ཕས་སྤྲིན་པ་མེད་པའི་མཚན་མོའི་སྐར་ཚོགས་ལ་གཟིགས་ཀྱིན་<དུ་དགོང་ནམ་མཁའ་དྭངས་བ། ལི་ངར་མ་ཤྭ་སྡིག་༼ཤ་བའི་པགས་པ་༽གིས་ཕྱིས་འདྲ་རེད་གདའ་ར> གསུངས། སྐབས་དེའི་སྐད་གདངས་ཀྱི་ཉམས་འགྱུར་ལས་སེམས་ཁོངས་ན་བརྗོད་མི་ཤེས་པའི་སྤྲོ་སེམས་ཞིག་འཁོལ་ནས་ཡོད་པ་ཤེས་ཐུབ་ཀྱིན་འདུག  མཚམས་དེར་ཨ་ཕས་རང་འགུལ་གྱིས་<ཕ་ཀའི་སྐར་མ་སྔོན་རྗེས་བདུན་པོ་དེར་རྔོན་པ་སྤུན་བདུན་ཟེར། སྐར་མ་འདི་དག་བྱང་ནས་ཤར་ཞིང་བྱང་དུ་ནུབ་འགྲོ ༼བྱང་གི་རྔོན་པ་སྤུན་བདུན་དེ། བྱང་ནས་ཤར་ཞིང་བྱང་ནས་ལ། སྨན་གོ་ལོག་མ་ཡི་སྐྱེ་བ་རེད།༽བརྫོ་རེད། ཡ་ཀའི་རི་རྩེ་ན་འཆར་ཡོད་པའི་སྒྱུ་སྐར་དེར་སྨལ་པོ་ཟེར། ཧོར་གུར་དཀར་རྒྱལ་པོ་གླིང་གེ་སར་གྱིས་དམ་ལ་འཇོག་སྐབས་གུར་དཀར་གྱི་འདོད་པ་ལྟར་ནམ་མཁར་བཞག་པ་དེ་སྐར་མ་འདི་རེད། ཚུར་ཕྱོགས་ཀྱི་སྐར་མ་གཡས་ལག་དམར་བ་སྡིག་སྒྲིབ་ཆེ་བ་མཚོན་པ་དང་། ཕར་ཕྱོགས་ཀྱི་སྐར་མ་སྔོན་པོ་གཡོན་ལག་སྡིག་པ་ཆུང་བ་དང་། འོག་གི་སྐར་ཕྲེང་རིམ་པ་གཉིས་པོ་ནི་སྐད་གྲི་དང་མཇུག་མ་རེད།>གསུངས། སྤྱིར་ང་ནི་གནའ་གཏམ་ཉན་རྒྱུར་ཤིན་ཏུ་དགའ་ཞིང་སྐབས་དེའི་སྒྲུང་གི་མི་སྣ་དག་བློས་བསླངས་གསལ་པོ་རེ་བྱས་ནས་ཡོད། ད་རུང་ཨ་པས་མུ་མཐུད་དེ་<ཕར་ཀའི་སྐར་མ་བཞི་ཚོམས་གྲུ་བཞི་ཟུར་ཡོན་མ་དེ་ལ་སྐག་བྱ་རོག་ཟེར་༼སྐག་བྱ་རོག་གཡག་ཤ་རྐང་པ་འདྲ། །དཔྱད་ཤེས་ན་མགར་བའི་ཏི་ཚ་འདྲ།༽བརྫོ་དར། དེའི་གཡས་ཟུར་གྱི་སྔོ་ཆེམ་ཆེམ་བྱེད་པའི་སྐར་ཚོམས་ཆེས་མི་གསལ་བ་དག་ལ་སྐར་མ་སྦོ་ཟེར། ༼སྦོ་སྔོན་མོ་ཕུག་ཁྱུ་འདྲ་ཡོད།༽བརྫོ་རེད། སྐར་མ་སུམ་ཚོམས་དེར་བྲ་ཉེ་ཟེར། རྟ་ཡི་གཡང་སྐར་རེད། ༼སྒྲོག་སུམ་ལག་རྟ་ཡི་གཡང་སྐར་ཡིན།༽ཟེར་དར།>ཞེས་དང་། ད་རུང་ལག་སོར་དང་སྨིན་དྲུག་སོགས་མང་དག་གཅིག་ངོ་སྤྲོད་གནང་མྱོང་། ད་ཚོད་བསམ་ན་ང་ཚོའི་གནའ་མི་དག་གནམ་རིག་ལ་ཞིབ་འཇུག་གཏན་ནས་མེད་པ་མིན་པ་འདྲ་དེ་ཨ་པས་<གནམ་དཀྱིལ་ན་གསལ་ལ་མི་གསལ་བའི་སྐར་མ་སྔོན་པོ་ཞིག་དང་དམར་པོ་གཉིས་དེར་རྟ་བྲའུ་དང་རྐྱང་ངུ་ཟེར་ཞིང་དེ་གཉིས་ཀྱིས་མཚན་མོར་རྟོད་ཕུར་ལ་སྐོར་བ་ཞིག་འཁོར་བ་དང་ནམ་ཏག་ཏག་ལང་།>ཚུལ་གསུངས་པ་དེས་ཀྱང་མཚོན་ནུས་པར་སྙམ། གང་ལྟར་ཨ་ཕས་ང་ལ་སྒྱུ་སྐར་དག་གི་ངོ་སྤྲོད་གནང་བ་འདི་ནི་ངས་སེམས་གཏིང་ནས་ནམ་ཡང་བརྗེད་མི་སྲིད་པའི་ལག་ལེན་དམར་ཁྲིད་ཀྱི་སློབ་ཚན་ཞིག་ཏུ་གྱུར་འདུག
སྤྱིར་ན་ངས་ཨ་ཕར་བརྩི་ཐང་ཤིན་ཏུ་ཆེ་བསམ་ཡང་ཕ་མས་ཇི་ལྟར་གཅེས་ཚུལ་བུ་ཕྲུག་གི་ཚོར་མི་ཐུབ་པ་ནི་༼ཕ་སེམས་བུ་དང་། བུ་སེམས་རྡོ།༽ཟེར་བའི་དཔེ་ལས་མ་འདས་པ་རེད།
དེ་ལྟར་མི་ཚེ་གང་པོར་བསྐྱངས་བསྐྱངས་བའི་བུ་རྒྱུད་ནར་མ་སོན་པའི་སྔོན་ནས་བརྩེ་བའི་བཟའ་ཟླ་དང་གཅེས་པའི་བུ་ཕྲུག དགའ་བའི་གཉེན་ཉེ་སོགས་མི་འདོད་བཙན་གྱིས་བཞག་ནས་འགྲོ་དགོས་པའི་སྡུག་བསྔལ་འདི་འདྲ་ཞིག་ངའི་ཕ་རྒན་གྱི་མགོ་ཐོག་ཏུ་བབས་སོང་བ་ནི་ཅི་འདྲའི་སྙིང་རྗེ་བ་ཞིག་དང་ཤ་ཚ་འོས་པ་ཞིག་རེད། ཐོག་མར་ང་ལ་འཕྲིན་ངན་དེ་འབྱོར་སྐབས་ང་དང་གཅུང་པོ་གཉིས་ནི་ཆ་རྒྱུས་མེད་ཀྱི་ས་མཐར་འབྱོར་ནས་མཐོང་མྱོང་བ་ཡ་ཀའི་ཨ་སྔོན་གནམ་དང་འདྲིས་ཆེ་མ་ཀའི་ས་དོག་མོ་ས་གཞི་གཉིས་ལས་སུ་ཡང་མེད། སྐབས་དེར་ངེད་སྤུན་གཉིས་ཀྱིས་མིག་ཆུ་དྭངས་མོའི་མཆོད་མེ་རེ་སྦར་ཏེ་གདུང་ཡུས་དྲག་པོའི་ངུ་སྐད་རེ་སྒྲོགས་པ་ལས་བྱ་ཐབས་ཅི་ཡང་མ་མཆིས། །

2012/01/02

ཁྱུང་པོ་དང་རལ་པ།


དེ་རིང་ངས་བལ་ཡུལ་ན་བཞུགས་པའི་དྲྭ་གྲོགས་ཞིག་ལ་མི་བཅུ་དྲུག་གི་རིང་ལ་རིག་མ་མྱོང་བའི་ཕ་ཡུལ་ཁྱུང་པོའི་སྐོར་རང་འགུལ་གྱིས་ངོ་སྤྲོད་གང་མང་ཞིག་ཞུས་པ་ཡིན། དེ་ལྟར་བྱེད་དོན་ནི་གཅིག་བྱས་ན་བྱ་རྒས་ན་ཤིང་དྲན། མི་རྒས་ན་ཕ་ཡུལ་དྲན་ཟེར་བའི་དཔེ་ལྟར་ཕ་ཡུལ་དང་ཕ་མ་སྤུན་མཆེད་དྲན་དྲགས་པའི་སྟབས་ཀྱིས་མིན་འགྲོ  དེས་རྐྱེན་བྱས་ཏེ་ཁྱུང་པོའི་ལོ་རྒྱུས་གསལ་བའི་དྲྭ་བ་ཞིག་བཙལ་བཙལ་གྱིས་ཐ་མ་ཀྲུང་གོའི་བོད་ཀྱི་དྲྭ་བ་རུ། དེང་སྐབས་བོད་ནང་གི་གསར་འགོད་བ་ཞིག ལམ་ཞོར་དུ་སྟབས་འཁེལ་ཏེ་ངའི་ཕ་ཡུལ་ཁྱུང་པོ་རུ་ཚར་གཅིག་སོང་མྱོང་འདུག་པ་དེས་ཁྲལ་གསོད་ཙམ་དུ་བྲིས་པའི་ངོ་སྤྲོད་ཅིག་ལས་གཞན་རྩ་བ་ནས་རག་མ་སོང་། རྒྱ་ཡིག་གིས་ཐར་ཐོར་བྲིས་ཡོད་ན་མི་ཤེས། གོང་གི་པར་འདི་ཡང་ཁོས་བླངས་པ་རེད། པར་ནང་གི་འཁྲབ་སྟོན་པའི་མགོ་ཐོག་ཏུ་ལྡིང་ནས་འདུག་པའི་སེམས་ཅན་དེ་ཁྱུང་ཡིན་ཞིང་ཁྱུང་ནི་ཁྱུང་པོ་ཡུལ་གྲུ་མཚོན་རྟགས་ཡིན།  
གནའ་གཏམ་བཤད་སྲོལ་ལྟར་ན་ཁྱུང་པོ་སྟེང་ཆེན་དང་ཁྱུང་པོ་གསེར་ཚའི་དབར་གྱི་ལ་དེ་ལ་ཁྱུང་ཉལ་ལ་ཟེར་བཏགས་དོན། གནའ་སྔ་མོ་ཡུལ་འདིར་འགྲོ་བ་མི་མ་ཡོད་པའི་ཡར་སྔོན་དུ་བྱ་ཁྱུང་གིས་བདག་པའི་ལུང་པ་ཡིན་རབས་དང་། ཁྱུང་གི་སྒོ་ང་དཀར་ནག་སེར་གསུམ་བརྡོལ་བའི་ནང་ནས་ཁྱུང་པོ་དཀར་ནག་གསེར་གསུམ་གྱི་མི་རྒྱུད་བྱུང་བའི་ལྷ་སྒྲུང་བཤད་སྲོལ་ཡོད། དོན་དངོས་ཀྱིས་བཤད་ན་ཁྱུང་ལས་མཆེད་པའི་མི་རིགས་ཕར་བཞག  ཁྱུང་ཟེར་བའི་བྱ་འདི་འདྲ་ཞིག་ཡོད་མྱོང་བའི་ཁུངས་ལུང་རྒྱུ་མཚན་ཞིག་ད་བར་རག་མེད། 

གཅིག་བྱས་ན་གནའ་བོའི་སེམས་ཅན་{dinosaur}ཌི་ནོ་སོར་སྟེ་གཏུམ་འབྲུག་གམ་རྨིག་པ་གླང་གཟུགས་ཟེར་བ་དག་ཡིན་མི་ཆོག་གམ་སེམས། དེ་མིན་གལ་ཏེ་ཁྱུང་པོ་བ་དག་ཁྱུང་ལས་བྱུང་བར་ཆ་བཞག་ན་ཁྱུང་པོ་བ་བོད་མི་རིགས་མ་ཡིན་པར་ཐལ་བ་སྟེ་བོད་མི་རིགས་ཚང་མ་བྲག་སྲིན་དང་སྤྲེལ་རིགས་ལས་བྱུང་བར་ཡོངས་གྲགས་ཡིན་པས་སོ། །འོག་གི་ཕོ་གཞོད་དག་གིས་རལ་པ་འཁྲབ་ཀྱི་ཡོད་པ་སྟེ་རལ་པའི་སྒྱུ་རྩལ་གྱི་ཕ་ཡུལ་ནི་ཁྱུང་པོ་ཁོ་ན་ཡིན་པར་རླུང་ལྟར་གྲགས་ནས་ཡོད། ༼ཁ་སྐད་དུ་རེད་པ་ཟེར་༽ ངས་རང་ཉིད་ཕ་ཡུལ་དུ་བསྡད་སྐབས་རལ་པའི་སྒྱུ་ལ་མཁས་པའི་ཁྱིམ་རྒྱུད་དེ་འདྲ་མཐོང་མྱོང་ཡོད། ཁོང་ཚོའི་བུ་དང་བུ་མོ། ཕ་རྒན་དང་མ་རྒན་ཚང་མས་འཁྲབ་སྟོན་བྱེད།  ཁོང་ཅག་སྟོད་མངའ་རིས་སྐོར་གསུམ་ནས་སྨད་དར་རྩེ་མདོ།  དབུས་ཉི་མ་ལྷ་ས་སོགས་བོད་ཀྱི་ས་གནས་གང་སར་བསྐོར་ཏེ་རལ་པ་འཁྲབ་སྟོན་ཀྱི་འཚོ་བ་ལ་རོལ་གྱི་ཡོད། ང་ཚོའི་གྲོང་པ་དང་སྡེ་དགོན་ཚང་མ་ལ་འང་ལོ་ལྟར་འཁྲབ་ཏུ་ཡོང་གི་ཡོད། རལ་པ་འཁྲབ་སྐབས་བཙོག་གཏམ་བཤད་དེ་གནའ་སྲོལ་ལ་གོམས་པའི་གྲོང་གསེབ་པའི་ཕ་མ་སྤུན་མཆེད་ལྷན་དུ་བལྟས་ན་མི་བཟོད་པ་ཞིག་ཡོད། གང་ལྟར་ཁྱིམ་ཚང་དེ་དག་ལ་ཡོང་སྒོ་ཆེ་བ་སྟེ་དགོན་པ་དང་ཁྱིམ་ཚང་ཆེ་རིགས་ཀྱིས་གྲོ་ནས་ཀྱི་སྒྲོ་བ་བརྩེགས་ཏེ་བརྔན། ཟངས་དཀར་ཇ་ཆང་གིས་བསྐྱིལ་སྟེ་འབོད་དགོས་ཀྱི་ཡོད། གལ་ཏེ་གནང་སྤྱིན་ཉུང་དྲགས་སོང་ན་རལ་པ་འཁྲབ་སྐབས་བཞད་གད་བསླངས་ཞོར་ཟུར་ཟ་དང་འཕྱ་སྨོད་བྱས་པ་ངས་ཀྱང་དངོས་སུ་གོ་མྱོང་ཡོད། །

2012/01/01

ལོ་གསར།༼སྤྱི་ལོ༢༠༡༢༽

ལོ་གསར་ནི་མི་ཚོས་དཀའ་སྡུག་གི་ཚི་དྲེག་ཆགས་པའི་གོས་ཧྲུལ་དང་ལོ་རྙིང་ལྷན་གཅིག་ཏུ་ཕར་ལ་ཕུད་པའི་ཉིན་མོ་དང་། བདེ་སྐྱིད་ཀྱི་རེ་བར་འོད་མདངས་ཀྱིས་འཁྱུད་པའི་གནས་ལོ་གསར་པའི་དར་གོས་ཀླུབ་པའི་ཉིན་མོ་རེད། ཉིན་མོ་འདིར་ཆུང་བྱིས་པ་ཡན་ཆོད་ནས་རྒན་མགོ་དཀར་མན་ཆོད་ཚང་མས་དགའ་འབོད་ཀྱི་ཀི་སྒྲ་ལྷང་ལྷང་། དགའ་བསུའི་ཐལ་སྒྲ་འུར་འུར་གྱི་ངང་དུ་མཁའ་ལ་ཤོག་སྦག་གི་མེ་ཏོག་བཀས་ཏེ་དགའ་བསུ་ཞུ་འགྲོ། ས་ལ་མཛེས་རྒྱན་གྱིས་མེ་ཏོག་བཀོད་དེ་དགའ་བསུ་ཞུ། ཁྱིམ་དུ་སྟོན་མོ་དང་གླུ་གར་གྱི་མེ་ཏོག་སྤྲོས་ཏེ་དགའ་བསུ་ཞུ་ལ།  ཡ་ཆུང་དུ་སྤྲོ་སེམས་ཀྱི་མེ་ཏོག་རབ་ཏུ་བཞད་དེ་དགའ་བསུ་ཞུ། དགའ་བསུ་ཞུ་འགྲོ།  དགའ་བསུ།    
འོན་ཀྱང་ང་ལ་མཚོན་ན་སང་ཉིན་ནས་བཟུང་འབྲེལ་འདྲིས་མེད་པའི་ཆ་མེད་ཀྱི་སྤྱི་ལོ་ཉིས་སྟོང་བཅུ་གཉིས་ཟེར་བའི་མི་འདོད་བཙན་གྱིས་བསུས་པའི་བག་མ་འདིས་ང་གང་ཞིག་ཏུ་བསྐྱལ་ཡོང་ན་བསམ་པའི་དོགས་གནས་ཤིག་གི་སྡོམ་ཐག་དཀར་ནག་ཁྲ་གསུམ་ཀླད་པར་བཀྲམས་ནས་ཡོད། ཀུ་རེ་རྩེས།    དོན་དངོས་ནས་བཤད་ན་ང་ཡང་ལོ་ན་ཆུང་སྐབས་ལོ་གསར་ལ་ཧ་ཅང་དགའ། ཕར་ཆེར་ལོ་གསར་མ་ཚེས་པའི་ཟླ་བ་གཉིས་ཙམ་གྱི་རིང་ནས་བཟུང་ལོ་གསར་ལ་ངང་བསྒུགས་བྱེད། ངའི་ཕ་ཡུལ་གྱི་ལོ་གསར་ནི་ཕ་ཡུལ་གྱི་ཁ་དཔེ་ལྟར་"བོད་ལོ་གསར་ལུག་མགོ་ལོ་གསར་རེད། རྒྱ་ལོ་གསར་ཤོག་བུའི་ལོ་གསར་རེད།" ཟེར་སྲོལ་ལྟར་ལུག་མགོ་ལོ་གསར་ངོ་མ་རེད། ང་ཚོའི་ཁྱིམ་ཚང་གི་སྟོན་བཤས་བྱས་པའི་གཡག་ལུག་ར་གསུམ་གྱི་མགོ་དག་ལོ་གསར་གཏོང་ཆེད་བསགས་ནས་འཇོག་སྲོལ་ཡོད། གནམ་གང་ཉིན་མོར་མགོ་འཚོད་པ་དང་། མགོ་ཞག་ལྡག་ཅིང་ལྕེ་ཟ་སྲོལ་ཡོད། མགོ་ནི་ལོ་གསར་དངོས་གཞིའི་ཆེད་དུ་ཁྱིམ་མི་ཚང་མར་སྐལ་བ་བགོ་བ་དང་དེ་ནས་སོ་སོར་སྡེར་ཁ་བསྒྲིགས་ཏེ་བཤམས་ནས་འཇོག གནམ་གང་གི་དགོང་མོ་དེར་ང་ནི་ཕར་ཆེར་མཚན་མོ་གཉིད་མི་འོངས་པར་ནམ་ལང་རྒྱུ་བསྒུགས་ནས་འདུག ཞོགས་པ་ཚུ་ཚོད་བཞི་དང་ཕྱེད་ཙམ་ནས་ཕྱི་རུ་བསང་གཏོང་ཞིང་ཀི་བསྭོ་ལྷ་རྒྱལ་འཐེན། ཨ་མས་བཟོས་པའི་བོད་ཇ་རླངས་པ་ཐུལ་ལེ་བ་དང་གྲོ་བསྲེགས་ཟོས་ཚར་བ་དང་ནམ་མ་གསལ་བའི་སྔོན་ནས་ཆུ་ལེན་དགོས་ཤིང་ཆུ་དེའི་མིང་ལ་“སྐར་མ་ཞོགས་ཆུ་”ཟེར། ཆུ་དེ་སྔོན་ལ་སུས་ལོན་འགྲན་ཞིང་ཁྲམ་པ་ཚོས་ཀུ་རེ་རྩེ་ཁུལ་གྱིས་བུད་མེད་དག་གི་ཆུ་ཕུད་འཕྲོག་འགྲོ། ཆུ་དེས་མགོ་དང་ངོ་གདོང་འཁྲུ་སྲོལ་ཡོད། ངས་ནི་ཆུ་དེ་བདུད་རྩི་ཞིག་ཏུ་བསམ་གྱི་ཡོད་ཨང་། ད་རུང་ཨ་མྱེས་ལོ་གསར་སྐབས་སུ་ལོ་རྒན་དྲུག་བཅུ་པོ་ཁྱིམ་ཚང་ཚང་མར་མགྲོན་དུ་ཡོང་གི་རེད་གསུངས་མྱོང་། ངས་ཀྱང་ལུག་མགོ་ཅན་སོགས་ཀྱི་འཆར་སྣང་གསལ་པོ་རེ་བློས་བཟོས་ཏེ་བདེན་པར་བཟུང་མྱོང་ཨང་། དད་པ་ཅན་ཟེར་ན་གང་དྲག ད་ཚོད་ངས་ལོ་གསར་སྟོན་མོའི་ནང་གི་ཟས་རིགས་དྲན་ཆེ་ཤོས་དེ་ནི་ནས་ཆང་སེར་མོ་དང་། ལུག་ཤ་བཙོས་མ་གཉིས་དེ་རེད་འདུག 
ད་ལྟ་ང་མི་ཡུལ་དུ་གྱར་ནས་མི་ལོ་ ༡༥ ལྷག་བརྒལ་འདུག་ལ་མི་ལོ་དེ་དག་གི་རིང་ལ་ངས་སེམས་གཏིང་ནས་དགའ་བའི་ལོ་གསར་ཐེངས་གཅིག་ཀྱང་གཏོང་མ་མྱོང་། རྒྱུ་མཚན་གཅིག་དེ་བརྩེ་བའི་ཕ་མ་དང་སྤུན་མཆེད་དང་ཁྲ་བྲལ་ནས་མི་ཡུལ་དུ་འཚོ་བ་ལ་རོལ་དགོས་ཙང་ཡིན། གཉིས་པ་དེ་ལོ་ན་རྒན་རིམ་བཞིན་དུ་གཞོན་དུས་ཀྱི་སྤྲོ་སྣང་ཡལ་འགྲོ་བ་རྒྱུན་ལྡན་ཡིན་ཙང་མི་འགྲོ།  གང་ལྟར་ང་ལ་རྒྱ་བོད་གང་གི་ལོ་གསར་ཡིན་རུང་སྤྲོ་སྣང་མི་འདུག །