2012/03/02

ལྷ་བཤད་རིང་མོ། ༤།

། །དུས་དེ་རིང་ལྷ་ཞིག་འབོད་ལེ་དེ། །
ཞལ་དགྱེས་པའི་འཛུམས་མདངས་ཡ་ལ་ལ། །
གསུང་འགྱུར་མེད་བདེན་ཚིག་ལྷང་སེ་ལྷང་། །
ཐུགས་བརྩེ་བས་འགྲོ་ཀུན་བུ་བཞིན་སྐྱོང་། །
སྐྱབས་བསླུ་མེད་བསྟན་འཛིན་རྒྱ་མཚོ་མཁྱེན། །
ལྷ་དེ་བའི་ཡན་ན་ལྷ་ཞིག་མེད། །
ཡང་མཁའ་འགྲོའི་གཙོ་གཅིག་པདྨ་མཚོ། །
བུ་མོས་གུས་ཅན་གྱི་མདུན་དེར་བྱོན། །
ངའི་གླུ་སྣ་དྲང་མོ་མདའ་ལྟར་སྲོངས། །
བདེན་མདའ་མོ་མཁའ་འགྲོའི་ཕྱག་མཚན་ཡིན། །
ས་འདི་ཡི་ས་ངོ་མ་ཤེས་ན། །
ལྷོ་རྒྱ་གར་ཚ་བའི་ཡུལ་ལྗོང་རེད། །
མགོན་ཏ་ལཱའི་བླ་མའི་བཞུགས་གནས་རེད། །
བོད་དབུ་ནག་སྐྱབས་བཅོལ་ཞུ་ས་རེད། །
ཕོ་ང་འདྲ་བཤད་རིན་ཅི་ཞིག་ཡོད། །
རྒྱབ་ཕ་ས་ཤོར་བའི་འཁྱམ་པོ་ཡིན། །
དྲིན་ཕ་མ་གཡུགས་པའི་ཁྲེལ་མེད་ཡིན། །
བོད་སྤྱི་དོན་མ་འགྲུབ་མདོ་མེད་ཡིན། །
རང་སྒེར་དོན་མ་འགྲུབ་སྤྲང་པོ་ཡིན། །
ཆོས་ཉམས་ལེན་མེད་པའི་བསོད་ཟད་སྟེ། །
རྔོན་པ་རི་ལུ།
ཡིན་ངོ་མ་རིག་འཛིན་ཁྱུང་པོ་ཡིན། །
དུས་དེ་རིང་སྒྲུང་ཞིག་བཤད་ལེ་འདི། །
བཙན་ཤ་གདོང་ཅན་གྱི་ལོ་རྒྱུས་ཡིན། །
གནའ་སྔ་མོ་སྔར་གྱི་དུས་ཚོད་ལ། །
བཙན་དགེ་བསྙེན་འདྲེ་ལ་མ་སྐྱེས་སྔོན། །
གཞིས་འཁོར་བ་སྤངས་བའི་བན་དེ་ཞིག །
སྒོམ་ཟབ་མོའི་འཚམས་ལ་བཞུགས་པའི་དུས། །
གཟུགས་སྐྱེ་ཡག་གྲོང་གི་བུད་མེད་གསུམ། །
དབེན་རི་ཁྲོད་མཚམས་ཐོ་གོམ་པས་འགམས། །
བན་སེར་མོར་འདོད་པའི་དབང་ཡོད་བཤད། །
ཆང་ཕོར་གང་འཐུང་ངམ་ར་གསོད་དམ། །
ཡང་མིན་ན་ཁོང་ཚོར་དགའ་མགུར་སྤྱོད། །
དེ་གསུམ་ལས་གང་དགའ་འདེམས་དགོས་བཤད། །
བན་མཚམས་པས་མནོ་བསམ་བསྐོར་བའི་དོན། །
ར་བསད་ན་སྲོག་གཅོད་ཉེས་པ་ཡོད། །
འདོད་སྤྱད་ན་སྡོམ་པའི་རྩ་བ་ཤོར། །
ཆང་འཐུང་ན་ཉེས་པ་ཡང་ངོ་བསམ། །
ཆང་དམ་འབི་གང་དེ་ཞབས་དག་བརྒྱབ། །
ར་རོ་རྗེས་མཚམས་པས་ར་དེ་བསད། །
མཚམས་དེ་ནས་བུད་མེད་གསུམ་ཡང་སྤྱད། །
བཟི་དྭངས་སྐབས་འགྱོད་པའི་སྡུག་བསྔལ་ཏེ། །
བྲག་མཐོན་པའི་སྟེང་ནས་གཡང་ལ་མཆོང་། །
ལུས་མགོ་མེད་རྔོན་པའི་ཕུག་པར་ལྷུང་། །
ཕ་རྔོན་པའི་ཤ་བའི་མགོ་ཐོག་ལ། །
ཟན་ཀོང་བུར་ཚིལ་ཁུའི་སྒྲོན་མེ་སྦར། །
དེ་རྩེ་མཚར་བམ་རོའི་སྐེ་དང་བསྒྲིགས། །
འདི་ལངས་ན་ཅི་འདྲའི་མཚར་རམ་བཤད། །
བཤད་མ་ཚར་གོང་ནས་རོ་དེ་ལངས། །
ཆེས་གདུག་པའི་བདུད་འདྲེ་ཞིག་ཏུ་གྱུར། །
དུས་རྒྱུན་པར་མིང་འབོད་མི་ནུས་ཀྱང་། །
བོས་བཞག་ན་རྨེ་རུ་དགེ་བསྙེན་ཟེར། །
མི་མ་ཤི་སྲོག་དབུགས་སྡུད་མི་རེད། །
ཁོ་གནས་སའི་རྨེ་རུ་བྲག་འགག་འདིར། །
མཚན་མེ་འོད་ཤོར་ན་སྲོག་ཆད་ཡིན། །
ཉིན་ཐབ་གསུར་ཤོར་ན་སྲོག་ཆད་ཡིན། །
ཀི་འུར་སྒྲ་ཤོར་ན་སྲོག་ཆད་ཡིན། །
ཁོང་ཁྲོས་ན་གྲྭ་པའི་གཟུགས་སུ་སྟོན། །
ཤ་ཁྲག་གི་བསོད་སྙོམ་སློང་བས་ཟེར། །
དེ་བསླངས་ན་དགེ་བསྙེན་འཁོན་རྟགས་ཟེར། །
དུས་སྐབས་གཅིག་དམག་སྒག་སྟག་ལྷ་དེས། །(དམག་སྒག་དུད་ཚང་དང་སྟག་ལྷ་མི་མིང་། པར་རིས་ནང་གི་བྲག་ཐོ་འཁྲིས་ཀྱི་ལུང་ཤུར་དེའི་སྟོད་ན་ཁོང་ཚོའི་ཁྱིམ་ཚང་ཡོད།)
འགག་འདི་ནས་ཤ་བ་འཛེམ་མེད་བརྔོན། །
དེའི་རྐྱེན་པས་དགེ་བསྙེན་ཐུགས་ཁྲོས་ཏེ། །
བན་སྤྲང་པོ་ཞིག་ཏུ་སྤྲུལ་ནས་ཡོང་། །
ཤ་བསད་པའི་ཤ་ཞིག་སྦྱིན་རོགས་བཤད། །
བཙན་དམག་སྒག་སྟག་ལྷས་ངོ་ཤེས་ཏེ། །
ཁྲག་དམར་པོ་འཛར་བའི་ཤ་བའི་གློ། །
སྤྲང་བན་དེའི་ལུས་ལ་ཤེད་ཀྱིས་བསྣུན། །
བཙན་ཤ་མགོ་སྐྲག་སྟེ་འཇུས་ལ་བྲོས། །
ཁམས་གློ་བའི་ཐང་ལ་སླེབས་པའི་སྐབས། །
ལུང་སྟེང་གི་གློ་བ་གཞི་ནས་ཟག །
ས་དེའི་མིང་གློ་བ་ཐང་ཞེས་ཆགས། །
ལོ་མང་པོར་ཞེད་དེ་འཇུས་ལ་བསྡད། །
དུས་ནམ་ཞིག་རྨེ་རུའི་ཨ་སྐྱོ་ཞིག །
གནས་ཁ་བ་དཀར་པོར་མཇལ་སྐོར་སླེབས། །
བཙན་ཤ་མགོས་སྟག་ལྷའི་ལོ་རྒྱུས་དྲིས། །
ཕོ་སྟག་ལྷ་རྒས་ཞིང་རྒུད་རབས་ཐོས། །
འདྲེ་ཡུལ་ལ་ཡོང་རྒྱུའི་སེམས་ཤུགས་སྐྱེས། །
རྒན་ལོ་ལོན་དམག་སྒག་སྟག་ལྷ་དེ། །
མཐོ་ཡ་གིར་བྲག་སྟེང་ཉལ་བའི་ཚེ། ། (པར་ནང་གི་བྲག་འདི་ཡིན།)
འདྲེའི་རྡོག་པས་བྲག་ཉག་ཧྲག་བར་བཅད། །
རྒས་སྟག་ལྷ་བཀྲེས་ལྟོག་གཉིས་ཀྱིས་བསད། ། (སྟག་ལྷས་རི་ཕར་ཁའི་ལམ་འགྲུལ་བ་དག་ལ་“ཆུ་ཕོར་གང་འཐུང་རོགས།” ཞེར་འབོད་སྐད་བྱེད་རབས།)
ཁོ་དགའ་ན་ཕོ་གསར་གོས་དཀར་ཅན། །
མགོ་སྐྲ་ཤུབ་དཀྲིས་པའི་རྣམ་པ་སྟོན། །
དེ་མཐོང་ན་སྡོང་གྲོགས་མཛད་རབས་ཟེར། །
སྡེ་རྨེ་རུའི་ཁྱིམ་ཚང་འགའ་རེ་ནང་། །
ཁྱོ་མེད་སྐབས་ཆུང་མ་འགའ་ལ་འགྲོགས། །
བཙན་བུ་རྒྱུད་ཤོ་ཏོ་སྐྱེ་རབས་ཟེར། །
དེ་བཤད་ཀྱིན་བཤད་རྒྱུ་ཇེ་མང་རེད། །
གདོན་འདྲེ་བཤད་འདི་འདྲ་མ་ཡོད་ན། །
བོད་འདྲེ་ལ་སྐྲག་དོན་ཅི་ཞིག་ཡོད། །
ཤིང་ཡར་སྐྱེས་བསང་ཤིང་གཅོད་དོན་ཅི། །
འབྲུ་རྩམ་པ་བསུར་ལ་བསྲེག་དོན་ཅི། །
ཆོས་ཟོག་པོའི་གཡོ་རྫུན་བཤད་ས་གང་། །
འདྲེའི་དུས་རབས་རྫོགས་ཀྱང་འདྲེ་ལ་དགའ། །
འདི་སྒང་པ་བོད་ཀྱི་བག་ཆགས་རེད། །