དར་ཆེན་མདུན་ནས་སྨོན་ལམ་ལྷན་དུ་བཏབ།།
གངས་རིའི་གཙང་པོ་འཕྲད་ལ་མཉམ་དུ་བཅད།།
མི་རྒན་ངེད་གཉིས་དེ་རིང་ཐུག་ཙམ་བྱུང་།།
ཆར་ནག་ཁྲོད་དུ་གུར་ཆུང་ཕུབ་ནས་བཞག།
རྒྱབ་ཁུར་ནང་དུ་རྒྱཌ་ཆས་ཉུམ་ཙམ་བླུགས།།ཉིན་མོ་སོ་སྲུང་རྒོད་པས་མཚན་འགྲུལ་བྱས།།
གངས་ཆུས་མར་ཙམ་ཁྱེར་ཡང་ལངས་ཏེ་འོངས།།
བྱིའུ་དགོན་ནས་བྱི་བ་འཛུལ་བཞིན་འོངས།།
ཁྲུས་སྒོ་དགོན་ནས་ནམ་ཕྱེད་ལངས་ཏེ་འོངས།།
གཡའ་སྤང་ཁུག་ཏུ་རྐྱང་ཁྱུ་འགའ་དང་ཐུག།
གླེ་མི་ཡུལ་དུ་ཉིན་གུང་རྒྱབ་ཏུ་འབྱོར།།
སྦྲ་ཆུང་གཡག་རྒན་ཙམ་རེ་ཕུབ་པ་ཡི།།
མཁུར་ཚོས་དམར་པོ་ཅན་གྱི་མི་འགའ་མཐོང་།།
ད་བ་ཞིམ་པོ་ཕོར་པ་འགའ་རེ་སྟེར།།
གཞུང་ལམ་མ་འདེད་ས་སྲུང་བཙན་ནོ་ཟེར།།
ངེད་ཅག་དེ་ནས་གྲོག་རོང་བརྒྱུད་དེ་སོང་།།
གྲོག་ཆུར་ཧུར་བས་ཁྱེར་གྲབས་ཁྱེར་གྲབས་ཡིན།།
ཕར་རིའི་ཟམ་སྣེར་ཉེན་རྟོག་རུ་ཁག་གི།
གློག་འོད་འོག་ཏུ་ཁྱི་འགའ་ཟུག་གིན་མཆིས།།
ས་ཚིགས་དེ་ནི་ཉེན་ཁ་ཆེ་ཤོས་ཟེར།།
དེ་སྔོན་མང་པོ་འཛིན་བཟུང་བྱས་རབས་འདུག།
བྱིས་པ་ངུས་ན་ཉེན་རྟོག་རུ་ཁག་གིས།།
འཛིན་བཟུང་བྱེད་པར་སྐྲག་ཀྱང་སྐྱོན་མ་བྱུང་།།
དེ་ནས་འུམ་ལར་པདྨ་རིག་དགོན་མཇལ།།
དད་པ་ཆེ་ནས་མཇལ་སྐོར་མ་ཡིན་ཡང་།།
གྲོད་པ་ལྟོགས་ནས་སློང་མོ་བྱེད་དུ་སོང་།།
དགོན་པའི་ངོས་ནས་རྩམ་པ་བྲེ་འགའ་གནང་།།
གཞུང་ལམ་ཀྲག་ཛེར་(Simikot)སོང་ན་བདེ་མོད་ཀྱང་།།
ཉེན་རྟོག་པ་ཡིས་བཟུང་རྒྱུར་ཉེན་ཆེ་བས།།
ཤར་ལྷོའི་ཕྱོགས་ཀྱི་ལུར་ཤུར་དེད་ནས་སོང་།།
ལ་དེ་བརྒལ་རྗེས་བོད་རིགས་ཧ་ཅང་དཀོན།།
རོང་པའི་ཤོད་ཁང་ཞིག་ཏུ་ཉིན་གང་བསྒུགས།།
མུན་པ་སྲོད་སྐབས་རྐང་ལམ་དེད་ནས་ཡོང་།།
ཡུལ་ལུང་པོ་སྐྱིད་པོ་ཀོང་པོ་འདྲ་ཞིག་རེད།།
ནམ་ཕྱེད་མིན་ཙམ་གྲོང་སྡེ་ཞིག་ཏུ་འབྱོར།།
གྲོང་དེར་ལམ་ཁྲིད་པ་ཡི་ངོ་ཤེས་ཏེ།།
བོད་སྐད་མི་ཤེས་འདོན་ཆོག་ཤེས་མཁན་ཞིག།
ལུས་ལ་གྲྭ་ཆས་ཡ་མ་ཟུང་གྱོན་ཞིང་།།
ཁྱིམ་དུ་བུད་མེད་བུ་ཕྲུག་སྐྱོང་མཁན་ཞིག།
ཡུལ་དེའི་མོ་འདེབས་སྐུ་ཡོན་རིམ་གྲོ་སོགས།།
ཡོད་ཚད་ཁོང་གི་ཕྱག་ཏུ་ཡོད་པ་འདྲ།།
བོད་ནས་འོང་པའི་གསར་འབྱོར་ལག་པ་ནས།།
དངུལ་དངོས་མང་པོ་ལོན་པའི་ཉམས་མྱོང་འདུག།
བདག་གིས་བལ་རྩག་ལ་སོགས་དངོས་འགའ་བཙོང་།།
རིན་ལ་རྩམ་ངན་པོར་པ་འགའ་རེ་གནང་།།
དེ་ཡི་དགོང་མོར་ལམ་པ་ཆང་གིས་མྱོས།།
རང་གི་གྲོགས་པོ་ཞིག་དང་འཁྲུག་རྩོད་ཤོར།།
གཅིག་གིས་གཅིག་ལ་རྡུང་ངོ་གསོད་དོ་ཟེར།།
དམྱལ་བའི་ཡུལ་དུ་ད་ལྟ་སྐྱེལ་ལོ་ཞེས།།
གྲོང་ཚོ་སྟོད་སྨད་འུར་གྱིས་བསླངས་གྱུར་ཡང་།།
ཐ་མ་ཨ་རོགས་སྤྱང་པོ་ཞིག་གིས་བསྡུམས།།
ར་བཟི་ཆུང་བ་ཞིག་གི་རལ་གྲི་དེས།།
ཏོག་ཙམ་མིན་ན་བདག་གི་གྲོད་པ་ཕུག།
བདག་ཀྱང་འཚུབ་ཆ་ལངས་པའི་རྐྱེན་ཡིན་ནམ།།
མགོ་ལ་འཇོར་མགོས་བསྣུན་ཀྱང་བསྒྱེལ་མ་ནུས།།
ཕྱིན་ཉིན་ལམ་ལ་ཆས་པའི་སྔ་དྲོའི་ཆར།།
ཉི་འོད་དྲོས་པའི་ཉིན་ཁུག་དགའ་མོ་ཞིག།
འབབས་ཆུ་དྭངས་མོའི་རོལ་མོ་སྙན་ས་དེར།།
ཇ་ཞིག་བསྐོལ་བཞིན་ངལ་གསོ་བྱེད་པའི་སྐབས།།
བཙུན་མས་མེ་ཤིང་བསྒུལ་བས་ཐབ་རྡོ་འཁྲུགས།།
ལྷོག་ལྷོག་ཁོལ་བའི་ཇ་རྡིག་ཁ་བུབ་ལོག།
རླུང་རྟ་མེད་པའི་ཕོ་རྒོད་རྐང་པར་བྱོ།།
ཧེ་ལྷམ་ཕུད་མ་ཐག་ནས་ལྤགས་པ་བུད།།
ཀྱེ་མ་ད་ནི་ཅི་བྱེད་གང་བྱེད་ཟེར།།
བཙུན་མ་ཞེད་ནས་སྐད་ཀྱང་མི་ཐོན་འདྲ།།
ལམ་པས་ཟེར་ན་གཡུགས་ནས་འགྲོ་ན་ཟེར།།
གཞན་པས་ཁུར་དགོས་བྱུང་ཡང་མི་བསྐྱུར་བྱས།།
མཐའ་དོན་ནད་པ་འཁར་བར་བརྟེན་ཏེ་སོང་།།
ཁོ་པའི་ཁུར་པོ་ང་ཚོས་བགོས་ཏེ་ཁུར།།
དེ་ནས་ཅི་ནུས་ལམ་དུ་བགྲོད་པར་བརྩོན།།
ཉིན་རེ་སོང་བཞིན་རྒྱགས་ཆས་ཇེ་ཉུང་རེད།།
ཉིན་ཤས་རྗེས་ནས་རྐང་པའི་རྨ་ནི་རུལ།།
དྲི་མས་ཉེ་སར་བཅར་ནི་དཀའ་བར་གྱུར།།
ཆུ་རྒོད་ནང་དུ་འབྲུ་རྒོད་ཨ་ཤོམ་བཙོས།།
ཚྭ་དང་ཚོད་མ་ཟེར་བ་གཏན་ནས་མེད།།
ཉིན་མོ་ནགས་སུ་གབ་ཀྱིན་མཚན་མོར་འོངས།།
གཞུང་བསྐྱུར་ནས་གསེབ་ལམ་བརྒྱུད་དེ་འོངས།།
སྐབས་དེའི་ཆར་པ་ཆུ་ཟོམ་བྱོ་བ་བཞིན།།
ཉིན་མཚན་དུས་དྲུག་ཀུན་ཏུ་ཆད་པ་མེད།།
གྱོན་ཆས་རློན་པ་ཆུ་ཐིགས་འཛར་འཛར་དག།
གོན་ནས་ཉིན་མཚན་ལྟོས་མེད་འོངས་པའི་རྐྱེན།།
འགའ་རེའི་ལུས་ལ་གྲང་བའི་ནད་གཞི་བྱུང་།།
འོན་ཀྱང་ངལ་དུབ་ཆེ་བས་གཉིད་ནི་འོངས།།
ཁྱོན་བསྡོམས་ཞག་པོ་ཉི་ཤུ་སོང་བའི་མཐར།།
སུར་ཁེ་ཊའི་(Surkhet)གྲོང་དང་ཉེ་བར་གྱུར།།
དྲིལ་པས་བཤད་ན་ལ་རྒྱབ་ཉེན་རྟོག་པར།།
བོད་པ་ཡོང་བའི་གསང་བརྡ་འབྱོར་ཟིན་ཟེར།།
དེ་བས་ངེད་ཅག་གསེབ་ལམ་གཞན་ནས་སོང་།།
རླུང་རྟ་རྒྱུག་པས་ལམ་དེ་ཧ་ཅང་བདེ།།
ཚྭ་དང་ཚོད་མ་མེད་པའི་ཨ་ཤོམ་གྱི།།
ཐུག་པ་པོར་པ་རེ་རེའང་བཏུང་རྒྱུ་བྱུང་།།
དེ་ནས་དངོས་སུ་གྲོང་བརྡལ་ཞིག་ཏུ་འབྱོར།།
ལམ་པས་ངེད་ཅན་ཤིང་ནགས་ཁྲོད་དུ་སྦས།།
ཁོ་དང་དགའ་རོགས་ཨ་རོགས་སྤྱང་པོ་གསུམ།།
བལ་པོའི་ཁྲོམ་དུ་ཉིན་གང་སྤྲོ་འཁྱམ་བྱས།།
ནད་པའི་གཙོས་པའི་སྐྱེ་བོ་བཅོ་བརྒྱད་པོ།།
ཟས་ནི་ཕར་ཞོག་ཆུ་ཡང་ཁམ་གང་ཙམ།།
མེད་པར་ཆུ་ཚོད་བཅུ་གཉིས་ལྷག་ཙམ་ལུས།།
ཕྲུ་གུ་དག་ཀྱང་ངལ་བས་ངུ་མི་ནུས།།
ཐ་མ་མུན་པ་སྲོད་སྐབས་ཁོང་ཚོ་བྱུང་།།
ངེད་ཅག་གསང་བའི་སྒོ་ནས་གྲོང་དུ་འཛུལ།།
ཚེ་འདིར་སྲན་ཚོད་དལ་(dal)ནི་ཐོག་མ་འཐུང་།།
བཙུན་མ་ཞིག་གིས་བྱ་ཤའི་ཐང་འདྲ་ཟེར།།
ངས་ནི་འདི་ད་སྲན་ཁུ་ཡིན་གྲགས་བྱས།།
དེ་ནུབ་ཨར་འདམ་ཞལ་བཅལ་སྟེང་དུ་ཉལ།།
དུག་སྦྲང་མོད་ཅིང་ཚ་བ་ཆེ་ནའང་།།
ངལ་དུབ་ཆེ་བས་གཉིད་རྒྱུར་སྐྱོན་མ་བྱུང་།།
ཕྱི་ཉིན་འགྲུལ་འཁོར་ཞིག་ཏུ་བརྫངས་ནས་ཡོང་།།
དགོང་མོ་ཚ་འབོག་སྐབས་སུ་ཟ་ཟུར་ནས།།
ཡི་དྭགས་བཞིན་དུ་བསྒུགས་ནས་སྡོད་དགོས་བྱུང་།།
ཕྱི་ནང་སྔ་དྲོ་ཐང་གུ་ལ་རུ་འབྱོར།།
ཉེན་རྟོག་འགལ་རེ་འགྲུག་འཁོར་བསྔོག་ཏུ་བྱུང་།།
བོད་གོས་བྱོན་ཁར་མཁུར་ཚོས་དམར་བ་ཡི།།
བུ་མོ་དེ་ཚོ་ངོ་རྟགས་ཆོད་སླ་བས།།
འགྲུལ་འཁོར་སྟོད་སྨད་བར་གསུམ་སོ་སོར་བཀྲམ།།
ཉེན་རྟོག་པ་ལ་དོགས་སྣང་གང་མ་བྱུང་།།
བདག་ནི་རྒྱབ་ཏུ་བཀལ་པའི་ཁུར་ཆེན་ཞིག།
ས་ལ་ཕོག་པའི་གོ་སྐབས་བྱུང་བ་བཞིན་དུ།།
སེམས་ལ་བརྗོད་མི་ཤེས་པའི་བདེ་སྣང་བྱུང་།།
འོན་ཏེ་སྐབས་དེར་ལྟོགས་ནས་འཆི་གྲབས་ཡོད།།
དེ་ནས་ཆུ་ཚོད་གཉིས་ཙམ་སོང་བའི་་རྗེས།།
བལ་ཡུལ་འཕགས་པ་ཤིན་ཀུན་ཐད་དུ་འབྱོར།།
ད་རུང་སྐྲག་པའི་སྣང་བ་ཡལ་མ་གྱུར།།
ཐ་མ་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར།།