2011/10/31

ཕྱེ་མ་ལེབ།


animated butterfly
མཛེས་པའི་མེ་ཏོག་སྟེང་གི །
ཡིན་འོང་ཕྱེ་ལེབ་ཁྲ་མོ། །
རྩི་བཅུད་བཏུང་བས་མྱོས་ཏེ། །
ལྡེམ་འགྱུར་གར་ལ་རོལ་འགྲོ །
འོག་གི་མེ་ཏོག་བཀྲ་སོང་། །
སྟེང་གི་ཕྱེ་ལེབ་མཛེས་སོང་། །
ཟུར་གྱི་བུང་བས་བརྒྱན་སོང་། །
མཛེས་པས་ཡིན་དབང་ཕྲོག་སོང་། །
མ་རྙིད་མཛེས་པའི་མེ་ཏོག །
ཁྱེད་རང་ཡིན་ན་བསམ་སོང་། །
བཅུད་ལ་རོལ་བའི་ཕྱེ་ལེབ། །
ང་རང་ཡིན་ན་བསམ་སོང་། །
ཞིང་མངར་བཅུད་ཀྱི་ཉིང་ཁུ། །
རྫོགས་མཐའ་མེད་ན་བསམ་སོང་། །
བསྐལ་པ་མེས་ཡིས་ཚིག་ཀྱང་། །
ང་གཉིས་རྟག་ན་བསམ་སོང་། །
འཇིག་རྟེན་མགོ་རྟིང་ལོག་ཀྱང་། །
ང་གཉིས་བརྟན་ན་བསམ་སོང་། །

little hero

A real hero Tibetan little boy, who called Dolma kyab saved a child floated in lake.
 He's just 13 years old boy in midle school of Luchu county (Amdo). When he was going to school by Dawa lingkha (Moon gardern).

Suddenly He heard unclearly a child cried little far away. Immediately He rushed there and saw 2childern sadly cried and so nervously worried.

So, he realized there was happened something bad circumstances and He searched all surrounding. Exactly there was a child (5years) floated in the lake.

2011/10/30

རིག་འཛིན་སྒྲོལ་མ།

Image result for rigzin dolmaངས་སྔོན་ཆད་གླུ་མ་རིག་འཛིན་སྒྲོལ་མས་གཞས་''རི་མགོ་མཐོ་ལམ་བལྟས། །རི་དཔྱད་བཟང་ལ་བལྟས་ཡོད་''ཟེར་བའི་གཞས་དེ་གཏོང་སྐབས་མོ་རང་བུ་མོ་མདོག་ངན་ཞིག་ཏུ་བརྩིས་བཞག་པ་ཡིན། ཡིན་ནའང་འཇིག་རྟེན་འགྱུར་བའི་ཆོས་ཅན་ལ་བཤད་ཐག་ཆོད་པ་ཞིག་ག་ལ་ཡོད་དེ་རྨ་ཆུ་ཁུག་པའི་ལྷན་འཛོམས་སྐབས་སྔར་ལས་སུམ་འགྱུར་གྱིས་མཛེས་རུ་སོང་འདུག་པ་སྟེ། ནུ་འབུར་མངོན་དུ་ཆགས་ཤིང་ཕྲ་ལ་ལྡེམ་པའི་ལུས་གཟུགས་ཀྱི་ཆགས་ཉམས་ཀྱང་ཅུང་ཟད་བཞད་འདུག དེ་ལས་ཀྱང་རེབ་གོང་གསེར་མོ་ལྗོངས་སུ་ལྷན་འཛོམས་ཀྱི་གླུ་གཞས་སྙན་མོ་དེ་འགུགས་དུས། སྔར་གྱི་རིག་འཛིན་སྒྲོལ་མས་སྐྱེ་བ་གཞན་ཞིག་བརྗེས་ཚར་བའི་ཚོར་སྣང་ཞིང་སྟེར་ཞིང་ཁོ་མོའི་གཞས་དེ་བརྒྱ་ཚར་ནས་སྟོང་ཚར་བར་དུ་ཉན་ཡང་ངོམས་མི་ཤེས་པའི་དུང་ཞེན་ཞིག་ངང་གིས་སྐྱེས་སོང་། ཁ་སང་ངས་ཡུའུ་ཊུབ་ (youtube) ནས་རིག་འཛིན་སྒྲོལ་མའི་གླུ་གཞས་ཆེད་སྒྲིག་དང་«གངས་རིའི་སྐར་རྒྱན་»གྱི་དགོང་ཚོགས་མཛད་སྒོ་དེ་ཕར་ཆེར་ཆ་ཚང་བ་ཞིག ངལ་བར་མ་འཛེམས་པར་ཕབ་ལེན་བྱས་ཏེ་དགེ་སློབ་ལྷན་འཛོམས་ཐོག་ཚོགས་ཁང་དུ་སྟོན་རྒྱུའི་གོ་སྐབས་ཤིག་འདུ་བགྱིས། དུས་འདི་ནས་བཟུང་ངས་གླུ་མ་རིག་འཛིན་སྒྲོལ་མར་འདུ་ཤེས་འཛིན་སྟངས་འཛིན་གཞན་ཞིག་སྟེ་ངེས་པ་དོན་གྱི་མཛངས་མ་ཞིག་ཡིན་པའི་ངེས་ཤེས་རྙེད་སོང་།

2011/10/29

ཤར་དུང་རི་རྩོམ་པ་པོ།

རེ་གཟའ་མིག་དམར། 2011 ཟླ་བ་ 6 ཚེས་ 14 ཉིན་འོད་ཟེར་ལགས་ཀྱིས་སྤེལ་བའི་རྒྱ་རྩོམ་དབྱིན་བསྒྱུར་ཞིག་ལས་བསྒྱུར། །

དཔྱད་རྩོམ་འབྲི་མཁན་གྱི་བོད་པའི་རྩོམ་པ་པོ་དང་དགེ་རྒན་བཅུ་ཐམ་པ་སི་ཁྲོན་ས་གནས་སྲིད་གཞུང་གིས་བཙོན་དུ་བཀག་སྐྱིལ་དང་ཁྲིམས་ཐག་བཅད་"ཚུལ་འོད་ཟེར་ལགས་ཀྱིས་གསུངས་འདུག
དེའི་ནང་བཀྲ་ཤིས་རབ་བརྟན་གཅིག་ཡིན།


མིང་ 
– བཀྲ་ཤིས་རབ་བརྟན།
སྨྱུག་མིང་ 
– ཐེ་རང་།
ཕ་ཡུལ་ 
– སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་།
ཁྱད་ལས་
– རྩོམ་པ་པོ།
ཤེས་ཚད་ 
– ནུབ་བྱང་མི་རིགས་སློབ་ཆེན་ནས་ཐོན།
ད་ལྟ་ – བཙོན་པ། (ལོ་བཞིའི་རིང་)
འཛིན་དུས་ 2010
 ལོའི་ཟླ་བ་བཞི་པར།
ཉེས་མིང་ 
– རྒྱལ་ཁབ་བྲལ་གཏོང་བའི་རྩོམ་ཡིག་སྤེལ་བར་བསྙོན།
བརྩམ་ཆོས་ 
– ཤར་དུང་རི་། ཁྲག་ཡིག
བརྗོད་བྱ་ 
– ཁོང་གིས་ 2008ལོར་བོད་མིས་ཞི་བའི་ཁུ་ཚུར་གྱེན་དུ་བསླངས་ཏེ་རང་དབང་དགོས་པའི་རེ་འབོད་བྱས་པར་རྒྱ་གཞུང་གིས་མངོན་སུམ་མཛེམ་མེད་ཀྱིས་"བརྡུང་གཅོག་འཕྲོག་གསུམ་"བྱེད་མཁན་ཞེས་པའི་ཉེས་མིང་བཀལ་བ་དང་ཆབས་གཅིག མི་སྤྱོད་ལས་འདས་པའི་དྲག་པོ་མཚོན་གྱི་སོ་ཁ་བོད་པའི་བྲང་ཤ་རྗེན་པར་གཟས་ཏེ་"གསོད་བརྡུང་འཕྲོག་གསུམ་"བྱས་པའི་ངན་མཚང་དམར་རྗེན་དུ་བཏོན་པའི་"«ཤར་དུང་རི་»དང་«ཁྲག་ཡིག་»ཅེས་པའི་རྩོམ་ཡིག་གཉིས་རིན་ཆེན་ཚེ་སྲོག་གཏའ་མ་རུ་བཞག་སྟེ་འགྲེམ་སྤེལ་བྱས་པ་རེད། འཇིག་རྟེན་གྱི་ཁ་དཔེར་"མི་གནོང་ཡོད་དེ་ཁྲོ། རྟ་རྒྱབ་ཆད་དེ་འཕག"ཅེས་པ་ལྟར་མི་སྲུན་རྒྱ་མི་ཡིན་རུང་གཏམ་མཚང་ཐོག་ཏུ་ཕོག་ན་ཁ་མི་སྐྱེངས་བའི་ཐབས་ཅིག་ཞིག་མ་བྱུང་སྟེ་རྩོམ་པ་པོའི་བསམ་བརྗོད་རང་དབང་ཡོངས་སུ་ཕྲོགས་ཏེ་བཙོན་ཁང་དུ་ལོ་བཞི་ཐམ་པར་ཁྲིམས་ཐག་བཅད་ཡོད། །

2011/10/28

ཐ་ལན་ཌའི་ཆུ་ལོག

Bangkok residents sit in a truck as they drive away from a flooded area of the capital on 26 October 2011
2011 ཟླ་བ་11 ཚེས་ 27 ཉིན་མོར་ཐ་ལེན་ཌའི་རྒྱལ་ས་བྷེང་ཀོག་ལ་ཆུ་ལོག་གིས་གནོད་འཚེ་ཕོག་ཏེ་མི་མང་སྟོང་ཕྲག་མང་པོ་ཞིག་རྒྱལ་སའི་སྡོད་ཁྱིམ་གཡུགས་ཏེ་ཉེན་གཡོལ་དུ་འགྲོ་བཞིན་པ། 
ད་ལན་ཆུ་ལོག་འདི་ཤུགས་དྲག་ཧ་ཅང་ཚ་ཞིང་ཉེན་ཚབས་ཆེ་བའི་རང་བྱུང་གི་གོད་ཆག་ཆེན་པོ་ཞིག་ཡིན་སྟབས། ཉེན་གཡོལ་དུ་འགྲོ་མཁན་གྱི་མི་ཚོགས་མང་དྲགས་ཏེ་འཁོར་རིགས་བབ་ཚུགས་ལ་འཚང་ཁ་དང་གཞུང་ལམ་ཆེ་ཕྲ་ཕལ་ཆེར་འགག་སྟེ་དཀའ་ངལ་མི་ཆུང་བ་ཞིག་འཕྲད་ཡོད། དེ་མིན་ཆུས་བརྒྱ་ཆ་༩༠ ནུབ་སོང་བའི་བྱང་གི་རྫོང་ཁ་ཤས་ནང་གི་མི་དམངས་རྣམས་འཕྲལ་དུ་གནས་སྤོས་བྱས་ཡོད། ད་ལྟའི་ཆུ་ལོག་འདི་ལོ་བཅུའི་ནང་གི་ཚབས་ཆེ་ཤོས་དེ་ཆགས་ཡོད་ཅིང་རྐྱེན་ངན་འདིའི་ནང་དུ་མི་གྲངས་༣༦༠ ལས་བརྒལ་བ་རྐྱེན་ལམ་དུ་སོང་ཡོད། 

རྟགས། དམར་པོ། ཆུས་ཁྱབ་ཚད།
ནག་པོ། ཁྱབ་སྲིད་པའི་སྔོན་དཔག
དཀར་པོ། འགོག་སྲུང་བྱས་ཁག
Map

2011/10/27

དྷི་ཝ་ལི། Diwali

Related image
དྷི་ཝ་ལིའི་དུས་ཆེན་ངོ་སྤྲོད།
དེ་རིང་དུས་ཆེན་འདི་ཞུ་བཞིན་པ་དང་སྟབས་བསྟུན་ཏེ་ངོ་སྤྲོད་ཅུང་འབྲི་འདོད་སོང་། དེས་ན་དྷི་ཝ་ལི་ནི་སྒྲོན མེ་འབུལ་བའི་རྒྱ་གར་གྱི་དུས་ཆེན་གལ་ཆེན་ཞིག་ཡིན་ཞིང་སྤྱིར་རྒྱ་གར་ཙམ་མིན་པར་སིང་གྷ་ལ་སོགས་ལྷོ་ཨེ་ཤའི་མངའ་ཁུལ་གྱི་ཡུལ་གྲུ་མི་ཉུང་བ་ཞིག་གིས་དུས་ཆེན་འདི་སྲུང་བརྩི་ཞུ་སྲོལ་ཡོད།

2011/10/25

ཀྲུང་གོའི་མི་དམངས་ཀྱི་མིག་སྔར་འགྲོ་བ་མི།

སྐྱི་གཡའ་བའི་བརྙན་ཐག
གཟིགས་དང་ཀྲུང་གོའི་མི་དམངས་ཀྱི་མིག་སྔར་འགྲོ་བ་མི་ནི་སྲང་ལམ་གྱི་སྤྲང་ཁྱི་ཞིག་དང་ཁྱད་པར་མེད་པ་བརྙན་ཕབ་འདིས་ར་སྤྲོད་བྱས་འདུག ཁ་ལོ་བ་ཁྲམ་པ་འདིས་མི་བརྫིས་པར་གད་སྙིག་བརྫིས་པའི་མཐོང་ཡང་མི་འདུག་ལ། དེ་བས་ཡར་མར་གྱི་ལམ་འགྲོ་བ་དག་གི་མིག་ལམ་དུ་ཕྱི་རྒྱལ་བའི་སྲང་ལམ་ལ་ཤོག་འཛར་ཞིག་ལྷུང་བའི་མཐོང་ཡང་མི་འདུག ཀྱེེ་མ། རྗེ་མི་ལས་"སྤྱིར་དལ་འབྱོར་མི་ལུས་ཐོབ་དཀའ་ཡང་། །མི་ཁྱེད་འདྲ་མཐོང་ན་དཀའ་རྒྱུ་མེད།"ཅེས་པའི་སྡོམ་ཚིག་འདི་ཁྱི་ར་བ་མགོན་པོ་རྗེ་ལ་མི་ཤེས་ཏེ་"སྤྱིར་དལ་འབྱོར་མི་ལུས་ཐོབ་དཀའ་ཡང་། །རྒྱ་ཀྲུང་གོ་འདྲ་ན་དཀའ་རྒྱུ་མེད།"ཅེས་སྦྱར་བཞག་ན་ཏག་ཏག་རེད།

ང་ཚོས་ནམ་རྒྱུན་བོད་རིགས་ལ་སེམས་ཤུགས་མི་འདུག ལྷག་བསམ་མི་འདུག སྒེར་སེམས་ཆེ་འདུག སོགས་ཀྱིས་བཤེ་བཞིན་ཡོད་མོད་འདི་དག་ནི་"ནད་མཁྲིས་པའི་སྨན་ལ་མངར་མོ་མེད། ཤ་ཚ་བའི་གཏམ་ལ་སྙན་པོ་མེད།"ཅེས་པ་ལྟར་ཕྱོགས་འགའ་ཞིག་གི་མ་ལྡང་ས་དང་། ཞན་ཆ་བཙལ་ཏེ་སྤྱོས་བཞག་པ་ཙམ་ལས་དོན་དངོས་ཐོག་ང་ཚོའི་མི་རིགས་ལ་རང་བཞིན་ལྷན་སྐྱེས་ཀྱི་གསེར་དང་འདྲ་བའི་རིན་ཐང་ཞིག་གབ་ནས་ཡོད་པའི་འོད་མདངས་དག དེ་ལོ་རྒྱལ་ས་ལྷ་ས་ནས་ནམ་མཁར་ཁྱབ་སོང་ལ། ད་ལོ་མདོ་ཁམས་ཀྱི་ཡུལ་གྲུ་ནས་རབ་ཏུ་འཚེར་སོང་ཨང་། ཁོང་ཚོས་མི་ལུས་འགངས་ཆེན་ཡིན་པ་དང་། འཚོ་བ་བདེ་སྐྱིད་ཡིན་པ་མ་ཤེས་པ་མིན་ལ། ཁུ་སིམ་ན་དཀའ་རྙོག་མེད་པ་དང་། ཕར་རྒོལ་སྲོག་ན་ཉེན་ཡོད་པ། མེར་བསྲེགས་ན་གསོན་ཐབས་མེད་པ་མ་མཁྱེད་པ་དེ་བས་ག་ལ་ཡིན། 
འོན་ཀྱང་ང་དང་ང་ཚོ་ས་དྲུག་གི་སྤུན་ཟླ་ཚོའི་སླད་དུ། ལུས་བླ་སྲོག་གསུམ་མཆོད་མེ་རུ་སྦར་ཏེ་གངས་ཅན་བའི་མུན་ཁུང་གི་དུས་རབས་ཀྱི་འདི་བསལ་ན་དགོངས་པ་རེད། འཆི་ནད་ཀྱིས་གཟེར་བའི་སྐད་དང་རིག་གཞུང་ལ་སྲོག་དབུགས་ཐེངས་ཤིག་ཕུལ་ན་བསམ་པ་རེད། ཆེས་ངོ་མཚར་ཞིང་གཟི་བརྗིད་ཆེ་བའི་མཛད་སྤྱོད་འདི་དག་དྲི་མེད་ཀུན་ལྡན་གྱི་གནའ་གྲུང་སོགས་ན་སྦྲང་རྩི་བཞིན་དུ་འཁྱིལ་ནས་ཡོད་མོད། དངོས་ཡོད་ཀྱི་འཇིག་རྟེན་ཟླུམ་པོ་འདིར་མངོན་སུམ་མིག་སྔོན་གྱི་དགའ་སྟོན་དུ་འབུལ་མཁན་ནི་ཁྱེད་ཅག་ཁོ་ན་རེད། 
ངས་རྒྱུ་མཚན་འདི་དག་བཤད་དེ་"སྤྱན་རས་གཟིགས་ལ་མ་ཎིའི་ལུང་''ཕུལ་འདོད་པ་མིན་ཡང་། ང་ཚོའི་དཔའ་རྟུལ་ཚོས་རང་རིགས་ཀྱི་ཆེད་དུ་ལུས་སྲོག་ཡོངས་སུ་གཏོང་ཕོད་ལ་རྒྱ་མི་ཚོས་ལམ་སྟེང་ན་བརྫིས་ཡོད་པའི་བྱིས་པ་ཁེར་མ་ཞིག་བསྐྱབས་མི་ནུས་པའི་གནད་འགག་གང་ལ་ཐུགས་སོང་བ་རེད། ངས་བསམ་བཞིན་བསམ་བཞིན་རང་རིགས་ལ་དུང་ཞེན་དང་། སྤོབས་པའི་ཚེ་སྲོག་ལ་གསོན་ཤུགས་ཀྱི་འོད་མདངས་འཕར་མ་ཞིག་གིས་འཁྱུད་དེ་སོང་། །

འཁྲབ་མི་ཤེས་པའི་ང་།

ཁོ་བོ་ཆུང་དུས་རྒན་རབས་པ་དག་གིས་"མི་རྒྱུས་ཡོད་དེ་སྡུག ཟོག་རྒྱུས་ཡོད་དེ་བཟང་"ཟེར་བའི་གནའ་གཏམ་ཞིག་རྒྱུན་དུ་དྲངས་པ་ད་རུང་དྲན་སོས་ཀྱི་འདུག ངོ་མ་ཡིན་སྐད་ཆ་དེའི་ལྕི་ཚད་ལ་བཤད་ན་རྒྱ་མ་ ༡༠༠ ཐམ་པ་ཡོད་ཐག་ཆོད་རེད། གལ་ཏེ་མི་ལ་རྒྱུས་ཤོར་སོང་བ་ནི་རྒྱལ་མཚམས་ཀྱི་ས་ཐིག་འཆུགས་པ་ལྟར་ང་ཚོའི་གོམ་པ་གང་གི་རང་ས་ཤོར་ཚར་བ་སྟེ་གོམ་སྟབས་གཉིས་པར་"སྤྲང་པོས་ཁྱི་རྒྱུས་ལོན་ན་བེར་ག་ཀླད་ལ་འཕྱར་"ལུགས་འདི་ཕར་ཆེར་འབྱུང་གི་ཡོད་ཨང་། 
དེས་ན་ང་ཚོས་རྒྱུན་དུ་སྦམ་རྫུ་དགོས་ལ་ཆེ་འགྱིང་དགོས། ཡོད་མདོག་གི་ལྷ་སྒྲུང་བཤད་དགོས་ལ། མེད་མདོག་གི་འདྲེ་སྒྲུང་ཀྱང་བཤད་དགོས་པ་རེད། གང་ཟག་ཁག་གཅིག་ལ་མཚོན་སོང་ན་གོམས་གཤིག་འདི་དག་རང་བཞིན་ལྷན་སྐྱེས་སུ་གྲུབ་ཅིང་བྱ་བྱེད་ལ་ངང་གིས་འཇུག་འགྲོ་མོད། 
ཁོ་བོར་ལས་ཀ་འདིའི་རིགས་འབག་མགོ་འཐུག་པོ་ཞིག་གྱོན་ནས་ཁྲོམ་སར་འགྲོ་དགོས་པ་དང་གཅིག་མཚུངས་ཡིན་སྟབས། བརྒྱ་ཡིས་མཐོང་ཆུང་བྱས་ཀྱང་རུང་ལ། སྟོང་གི་བརྙས་བཅོས་བྱས་ཀྱང་ཆོག ཁྲ་ཁྲ་ཟིང་ཟིང་གི་སྤྱི་ཚོགས་རྙོག་པོའི་གར་སྟེགས་ཐོག་ཡ་མ་ཟུང་གི་ཟློས་གར་འདི་དག་ངས་ཁྱོན་ནས་འཁྲབ་མི་ཤེས་ལ། བརྒྱ་ལ་འཁྲབ་འདོད་ཀྱང་འཇོན་ཐང་དེ་མེད་པར་རང་ཐག་རང་གིས་ཆོད་སོང་བས། རྒྱུན་དུ་རང་མདོག་སྐྱ་མོ་དེ་སྟོན་ཅིང་སྤྱི་ཚོགས་ཀྱི་འདམ་རྫབ་གཤོག་གིན་ཡོད་ལ། ངོ་ཤ་རྗེན་པ་འདི་བསྟན་ནས་སྤྱི་ཚོགས་ཀྱི་སྦྲང་ཚང་བསྔོགས་དགོས་སོང་།
ཆོས་ཕྱོགས་ནས་བཤད་ན་འཇིག་རྟེན་འདིའི་བདེ་སྡུག་ཐམས་ཅད་སྔར་བསགས་ལས་ལ་རག་ལུས་འདུག་པས་ད་ལྟའི་དཀའ་རྙོག་ག་ཚོད་ཡོད་ཀྱང་མ་མཐར། སྐྱེ་བ་སྔོན་མའི་ལེ་ལན་འཇལ་ཐུབ་སོང་བའི་ལས་འགན་གཅིག་འགྲུབས་སོང་བར་བརྩིས་ཏེ་"བསམ་བློའི་གུ་ཡང་"ཞིག་འཚོལ་ཐུབ་ཀྱི་ཡོད་ཚོད་འདུག་ཀྱང་། དྲང་མོར་བཤད་ན་ངས་དེ་ཡང་ཚུལ་བཞིན་དུ་བསྒྲུབ་དཀའ་འདུག
འོ་ན་ཁྱོད་ལ་ཐབས་ཤེས་ཤིག་མེད་དམ་ཟེར་ན་ང་ལ་གསེར་རྡོག་ལྟ་བུའི་འགངས་ཆེན་ཞིག་དང་། མེ་ཏོག་ལྟ་བའི་མཛེས་སྡུག་ཅིག་བསྟན་རྒྱུ་མེད་ཀྱང་། ངས་རྒྱུན་དུ་མི་དེ་ཚོའི་རིགས་ལ་གལ་ཏེ་ང་མིན་གཞན་ཞིག་དང་ཐུག་ན་"ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ཏེ། །རིལ་རིལ་དབུ་ལ་འོ་བརྒྱལ་ཉོ་མཁན་གྱི་བྱབ་ཆུང་ཞིག་རེད་འདུག་ཨ་བསམ་ནས་བློ་ལྷོད་ལ་འབབ་ཐབས་བྱེད་ཀྱི་ཡོད། 
དྲང་མོར་བཤད་ན་ཐབས་ལམ་འདི་ནི་རང་སེམས་གསོ་བྱེད་ཙམ་ལས་ཕ་རོལ་པོར་རྒོལ་ལན་སློག་པའི་ནུས་པ་མེད་ཅིང་ད་རུང་བག་འཁུམ་གྱི་རང་བཞིན་གང་ཆེ་ཡོད་མོད། མཁྲིས་པའི་ནད་ལ་དོམ་མཁྲིས་དང་། ཚ་བའི་ནད་ལ་བོང་ང་བྲིན་པ་བཞིན་ང་ལ་སྨན་པའི་བསམ་པའི་འཁྱེར་སོ་འདི་ཉིད་ལས་ལྷག་པ་མི་འདུག །

2011/10/23

གྱེན་ལོག་པ་དམར་བསད།

༢༠༡༡། ༡༠། ༢༢།
ཊུར་ཀའི་གྱེན་ལོག་པ་ ༤༩ དམར་གསོད་བཏང་བ།
ཨི་རན་རྒྱལ་མཚམས་ཉེ་ས་ཞིག་ཏུ་ཊུར་ཀའི་དྲག་པོའི་དཔུང་སྡེ་དང་ཀུར་ཌེའི་(ཨི་རན་གྱི་མི་རིགས་)དྲག་པོའི་གྱེན་པ་གདོང་ཐུག་བྱུང་སྟེ་ཉིན་གཉིས་རིང་གཡུལ་བཀྱེས་དེ་ཉུར་མཐར་གྱེན་ལོག་པ་༤༩ བསད་ཡོད་ཚུལ་གཞུང་གི་དཔུང་སྡེས་འགྲེལ་བརྗོད་བྱས་ཡོད། །གྱེན་ལོག་པ་དག་ཊུར་ཀེའི་མངའ་སྡེ་ཧག་ཀར་རིའི་ཀ་རྫེན་རྫོང་གི་ཁུལ་དུ་བསད་ཡོད་ཀྱང་། ཁོང་ཅག་གང་ཞིག་ཏུ་གནས་འཆའ་བཞིན་པ་ད་རུང་གསལ་རྟོགས་བྱུང་མེད།
ཨི་རགྑེའི་རྒྱལ་མཚམས་ཉེ་ས་ཞིག་ཏུ་ཉིན་གཅིག་རང་ལ་ཊུར་ཀའི་དམག་མི་ཉེར་བཞིའི་སྲོག་ཤོར་བ་འདི་ནི་༡༩༩༠ ཙམ་ནས་ཉིན་གཅིག་གི་དམག་མི་ཤི་གྲངས་མང་ཤོས་དེ་ཆགས་ཡོད་ཅིང་དེ་འཕྲལ་རེས་གཟའ་ལྷག་པའི་ཉིན་ཊུར་ཀེའི་དཔུང་སྡེས་གྱེན་ལོག་པར་ཕར་རྒོག་ཚ་ནན་བྱས་ཡོད་འདུག
ད་ཆ་ཐ་མའི་དྲག་སྤྱོད་དེ་ཀུ་ཀུར་རའི་གྲོང་བརྡལ་དུ་བྱུང་ཡོད་ལ་གཞུང་གི་དྲ་རྒྱ་ལས་''ཉིན་གཉིས་རིང་འཇིགས་སྐུལ་པ་༤༩ རྩ་མེད་བཏང་ཡོད་ཅེས་དང་། དུ་རུང་མུ་མཐུད་དེ་བྱ་ཐབས་སྤེལ་གྱི་ཡིན་''ཞེས་བཤད་ཡོད་འདུག།" དཔུང་སྡེ་ ༢༢ སམ་དམག་མི་ ༡༠༠༠༠ ཐམ་པས་གྱེན་ལོག་པར་འགོག་རྒོལ་གྱི་ལས་འགན་སྒྲུབ་ཀྱིན་ཡོད་"ཅེས་ཨན་ཀ་རར་བཤད་ཡོད། །
སྤྱིར་གྱེན་ལོག་པ་དག་གིས་བོད་དང་འདྲ་བར་ཚད་མཐོའི་རང་སྲིད་རང་སྐྱོང་རྩོད་གི་ཡོད་ཀྱང་མི་འདྲ་ས་ནི་ཐབས་ལམ་ཞི་བ་དང་དྲག་པོ་གཉིས་ཀྱི་ཁྱད་པར་ལ་ཐུག་ཡོད། ཁོང་ཚོས་རང་སྲོང་བློས་བཏང་གིས་གཡུལ་བཀྱེས་ཏེ་རང་བཙན་ལེན་འདོད་པ་དང་། ང་ཚོས་བདེན་དོན་བཤད་དེ་རང་སྲིད་རང་སྐྱོང་ལེན་འདོད་པ་རེད། འོན་ཀྱང་ཤ་ཁྲག་གི་འགྲོ་སྒོ་གང་མང་ཞིག་གཏོང་དགོས་པ་ལ་གཅིག་ཏུ་མཚུངས་ཤིང་བདེན་པ་མངོན་དུ་འགྱུར་དཀའ་བ་ལ་དེ་བས་མཚུངས་ཡོད་པར་འདོད།
ད་བར་སྤྱི་ ༡༩༨༤ ལོ་ནས་བཟུང་འཁྲུག་འཛིང་གི་ཁྲོད་དུ་མི་ཁྲི་ཙམ་རྐྱེན་འདས་སུ་སོང་ཡོད་འདུག
རེས་གཟའ་པ་སངས་ཉིན་མོར་ཨི་རན་དང་ཊུར་ཀས་མཉམ་འབྲེལ་ཐོག་ཁ་བྲལ་རིང་ལུགས་པ་དག་རྩ་གཏོར་གཏང་རྒྱུའི་གྲོས་ཆོད་དམ་བཅའ་བཞག་ཡོད་འདུག ཀུར་ཌི་དྲག་སྤྱོད་པའི་དཀའ་རྙོག་ནི་ང་ཚོ་ཨི་རན་དང་ཊུར་ཀེའི་"ཐུན་མོང་གི་རེད་''ཅེས་ཨི་རན་ཕྱི་སྲིད་བློན་ཆེན་ཨ་ལི་ཨག་བྷར་ས་ལེ་ཧིས་གསུངས་ཡོད་འདུག །

སྐད་རིགས་༼ཀ་རོ་༽གསར་རྙེད།

རྒྱང་རིང་མཐའ་མཚམས་ནས་རི་བྲག་པའི་སྐད་རིགས་ཀ་རོ་ཟེར་བ་ཞིག་གསར་དུ་རྙེད་དེ་ཡུལ་སྐད་དེ་ཉིད་ནག་ཁུང་གི་གྲངས་སུ་བཞག་པ། ཕར་ཆེར་ཡིག་གེ་མེད་རྐྱེན་སྦྱོང་དཀའ་སྟབས་མིང་དེ་ལྟར་བཏགས་པ་འདྲ།

བརྙན་ཕབ་ལ་གཟིགས། 

རྒྱ་གར་བྱང་ཤར་མཐའ་མཚམས་ཀྱི་རི་སུལ་ནས་རི་བྲག་པའི་སྐད་རིགས་ཀ་རོ་ཟེར་བ་ཞིག་གསར་དུ་རྙེད་རྗེས་དེ་ནི་སྦྱང་དཀའ་བའི་སྐད་རིགས་ནག་ཁུང་རང་རྐྱ་བ་ཞིག་ཡིན་པ་སྐད་རིགས་ཁྱད་མཁས་དག་གིས་གཏན་ལ་ཕབ་ཏེ་གསལ་བསྒྲགས་བྱས་ཡོད། ། ཀ་རོའི་ཡུལ་སྐད་ནི་བོད་དང་བྷར་མའི་སྐད་གཉིས་འདུས་པ་ལས་གྲུབ་ཀྱང་སྐད་རིགས་རང་རྐྱ་བ་ཞིག་སྟེ། བོད་དང་བྷར་མའི་སྐད་རིགས་ 400 ཙམ་གྱི་ནང་གི་ 150 ཙམ་དེང་སང་རྒྱ་མཐའ་མཚམས་ཧི་མ་ལ་ཡའི་རི་སུལ་ནས་ཤབ་ཤུབ་ཏུ་སྨྲ་བཞིན་པ་དག་ལས་ཐ་དད་ཡིན་པ་སྐད་རིགས་ཁྱད་མཁས་པདག་གིས་ར་སྤྲོད་བྱུང་ཚུལ་གསུངས་ཡོད། །
སྐད་རིགས་ཁྱད་མཁས་པས་ས་ཁུལ་དེ་ཤེད་ཀྱི་རྫོང་ཆུང་ངུ་ཞིག་གི་ནང་དུ་ཨ་ཀ་དང་མི་ཇི་ཟེར་བའི་སྐད་རིགས་ཐེབས་ཆག་གཉིས་ཀྱི་གདངས་ལ་ཞིབ་བསྡུར་བྱས་ཏེ་ཀ་རོ་ནི་སྐད་རིགས་གསུམ་པ་ཞིག་ཡིན་པར་ཐག་བཅད་ཡོད་པ་དང་། ད་རུང་ཀ་རོ་"ནི་གཏན་འབེབས་མ་བྱུང་བ་དང་། ཟིན་ཐོར་མ་འཁོད་པ། ཐ་ན་ངོས་འཛིན་མ་ཐུབ་པར་ལྷག་ཡོད་པའི་སྐད་རིགས་ཤིག་ཡིན་པ་ག་རེ་གྷོ་རེས་་ཨན་ཌར་སོན་གྱིས་གསུངས་ཡོད།
ད་བར་ཡུལ་སྐད་འདི་འཚོ་བཞིན་ཡོད་ཀྱང་། ཡིད་ཕངས་བ་ཞིག་ལ་ཀ་རོ་སྨྲ་མཁན་གྱི་མི་འབོར་ 800 ཙམ་ལས་མེད་ཅིང་དེ་དག་ཀྱང་ཕལ་མོ་ཆེ་ལོ་ན་ 20 བརྒལ་ཟིན་པ་དང་གཅིག སྐད་རིགས་འདིར་ཡི་གེ་མེད་པ་དང་རྒྱུ་རྐྱེན་གཉིས་ལ་བརྟེན་ཏེ་འཇིགས་ཉེན་ཧ་ཅང་ཆེ་བའི་གནས་སུ་ལྷུང་ཡོད། དེས་ན་ང་ཚོ་གངས་ཅན་པའི་ཕ་སྐད་འདི་ཡང་ཀྲུང་གོ་ཚང་གིས་འདི་ལྟ་བུ་ཞིག་བཟོ་དགོས་བསམ་ནས་བསྒུགས་ཏེ་ཡོད་ན་རྒྱ་མིའི་རེ་སྒུག་དེ་ནམ་ཡང་ང་ཚོས་འགྲུབ་ཏུ་བཅུག་མི་རུང་། གངས་ཅན་པ་དག །

2011/10/22

མ་ཡུམ་ཊེ་རི་ས།

MOTHER TERESA"ང་ཚོས་གཏན་གཏན་རང་ཉིད་ལས་གཞན་ཞིག་གི་བཀྲེས་སྐོམ་གྱི་དཀའ་སྡུག་དག་གང་འདྲ་ཡིན་པ་མྱོང་ཚོར་མི་ཐུབ་པ་ངས་ཤེས་ཀྱི་ཡོད། ཡིན་ནའང་ངས་ཉིན་ཞིག་ཉམ་ཐག་པའི་བྱིས་པ་ཆུང་ངུ་ཞིག་ལས་མྱོང་ཚོར་ངེས་ཅན་ཞིག་བྱུང་བ་སྟེ། སྲང་ལམ་དུ་ངས་བྱིས་པ་ཆུང་ངུ་ཞིག་མཐོང་ཞིང་སྐད་ཆ་དྲིས་མ་དགོས་པར་བྱིས་པའི་ངོ་གདོང་ལས་བརྗོད་དཀའ་བའི་བཀྲེས་སྐོམ་གྱི་སྡུག་བསྔལ་ཅི་འདྲའི་ཆེ་བ་མཐོང་ཐུབ་སོང་། ངས་བྱིས་པར་བག་ལེབ་དུམ་བུ་ཞིག་བྱིན་ཡང་བྱིས་པས་བག་ལེབ་དེའི་ཆག་གྲུམ་ཞིབ་མོ་དག་ཟ་ཞིང་འདུག་པ་མཐོང་། ངས་དེ་འཕྲལ་"བག་ལེབ་ཟོ་ཤིག་"བྱས་པར་བྱིས་པས་ང་ལ་ཚུར་བལྟས་ཏེ་''ང་སྐྲག་གི་འདུག གང་ཡིན་ཟེར་བག་ལེག་ཟད་འགྲོ་བསམ་སྟེ། གལ་ཏེ་བག་ལེབ་རྫོགས་སོང་ན་ང་སླར་ཡང་བཀྲེས་སྐམ་གྱི་གནས་སུ་ལྷུང་འགྲོ་བས་ན། 
━━ མ་ཡུམ་ཊེ་རེ་སས། །

None of us, I am sure, knows what is the pain of hunger, but one day I learned it from a little child. I found the child in the street and I saw in her face that terrible hunger that I have seen in many eyes. Without questioning her, I gave her a piece of bread, and then I saw that the little child was eating the bread crumb by crumb. And I said to her: 'Eat the bread.' And that little one looked at me and said; 'I am afraid because when the bread is finished, I will be hungry again."

━━━ MOTHER TERESA.

2011/10/21

དོན་གྱི་དཔའ་མོ།

Tenzin Wangmo, 17 October 2011དྲག་པོའི་མདའ་མཚོན་གཟས་ཀྱང་མ་འཇིགས་ཤིང་། །
དལ་འབྱོར་མི་ལུས་ཡིན་ཀྱང་མ་ཕངས་ཏེ། །

རང་རིགས་ས་ཡ་དྲུག་གི་བདེན་དོན་ཆེད། །
གཅེས་སྲོག་མཆོད་མེར་ཕུལ་བ་ངོ་མཚར་རྨད། །


ང་དང་ང་འདྲའི་བོད་མི་ཕལ་པ་དག །
བྱ་དཀའི་ལུས་སྲོག་གཏོང་བ་ཕར་ཞོག་དང་། །
དྲོ་གཅིག་སྙུང་བར་གནས་ཀྱང་ལྟོག་སྣང་གིས། །
ཞིམ་དགུའི་ཟ་མ་དྲན་ཞིང་འགྲམ་ཆུ་ལྡང་། །

ཁྱེད་ཉིད་ལུས་སྲོག་གཏོང་ལ་མ་ཞུམ་ཞིང་། །
ང་ཚོས་ཟས་གཅིག་བསྙུངས་བར་འཚེར་སྣང་གཉིས། །
ཆོས་ཀྱི་རྒྱལ་པོས་བཀའ་བཅད་མ་ཡིན་ཏེ། །
རིན་ཆེན་མི་ཡི་རིན་ཐང་མངོན་ཚུལ་རེད། །

བརྫིད་ཆགས་ཕོ་བྲང་དམར་པོའི་གཞལ་ཡས་ནས། །
མི་ཤིག་རྟག་བརྟན་བཙན་པོའི་བླ་སྲོག་གིས། །
གཅེས་སྲོག་ལེགས་སྐྱེས་འབུལ་བར་མི་དངངས་བའི། །
དཔའ་མོ་ཁྱེད་ལ་ནམ་ཡང་འཛུམ་རྒྱུར་ཅིག །

2011/10/19

བསྔོ་སྨོན་ཚོགས།

སྤྱི་ལོ་ 2011 ཟླ་བ་ 10 ཚེས་ 19 ཉིན་མོ་སྟེ་དེ་རིང་། རྡ་སའི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཏུ། ཉེ་ཆར་བོད་ནས་རང་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་གཤེགས་ཟིན་པ་དང་། དེ་བཞིན་མནར་གཅོད་མྱོང་བཞིན་པ་རྣམས་ཀྱི་ཆེད་དུ་༸གོང་ས་མཆོག་གིས་དབུས་པའི། དཔལ་རྒྱལ་བ་ཀརྨ་པ་མཆོག་དང་། བཀའ་ཁྲི་བློ་བཟང་སེང་གེ་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཆེ་ཕྲ་ཡོངས་དང་། རྡ་སའི་ཉེ་འཁོར་གྱི་དགོན་སྡེ་དང་སློབ་གྲྭ་ཁག་གི་སློབ་ཕྲུག་བཅས་སྐྱ་སེར་ 5000 ལྷག་གིས་སྨོན་ལམ་མཆོད་འབུལ་དང་ཟས་བཅད་སྨྱུང་གནས་གནང་ཡོད།

2011/10/18

རྒྱལ་གཅེས་དཔའ་མོ་བསྟན་འཛིན་དབང་མོ།

བཅུ་པ། BBC ལ་གཟིགས།
Tenzin Wangmo2011.10.17 ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༡ཡོལ་ཙམ་ལ་བོད་ཨ་མདོ་རྔ་པ་རྫོང་བྱ་སྐོར་མའི་ཉི་ཚེ་ཚང་གི་རང་ལོ་༢༠ ཡས་མས་ཡིན་པའི་མ་མའི་བཙུན་དགོན་གྱི་རྒྱལ་གཅེས་དཔའ་མོ་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱིས་རྔ་པ་རྫོང་མཁར་དང་བར་ཐག་སྤྱི་ལེ་གསུམ་ཙམ་ཡོད་པའི་བཙུན་དགོན་ཞོལ་གྱི་བསུ་མདོའི་ཟམ་ཁ་རུ། "༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་ཆོས་དད་རང་དབང་དགོས ” ཞེས་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེགས་བཏང་ཏེ་རྒྱ་གཞུང་ལ་ངོ་རྒོལ་གནང་ཞིང་གཟི་བརྗིད་ལྡན་པའི་ངང་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག ས་གནས་དེར་ཉེན་རྟོག་པ་སོགས་དུས་ཐོག་ལྟར་འབྱོར་མེད་སྟབས་ཁོ་མོས་དུས་ཡུན་སྐར་མ་ ༧ ནས་༨ བར་ངོ་རྒོལ་གནང་མཐར་སྐུ་ལུས་ཕལ་ཆེར་ཚིག་ཟིན་པའི་ཤུལ་གྱི་ཕུང་པོ་མ་མའི་བཙུན་དགོན་གྱི་བཙུན་མ་རྣམས་ཀྱིས་བདག་གཉེར་གནང་ཡོད་འདུག །

2011/10/17

བོད་ཀྱི་དཔའ་བོའི་མེ་ལྕེ།

ཉེ་ཆར་མི་ལུས་རིན་ཆེན་དཔའ་འབར་དུ་བཏེགས་ཏེ་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་ལེགས་སྐྱེས་འབུལ་མཁན་གྱི་དཔའ་བོ་རྣམ་པ།

དགུ་པ། BBC ལ་གཟིགས།
Norbu Damdrul
ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ཉིན་གྱི་བོད་ནང་གི་སྔ་དྲོའི་དུས་ཚོད་ ༡༡།༥༠ ཙམ་ལ་རྔ་པ་རྫོང་ཆོས་རྗེ་ཞང་སོ་རུ་མའི་པདྨ་ཚང་གི་བུ་རྒྱལ་གཅེས་དཔའ་བོ་ནོར་བུ་དགྲ་འདུལ། རང་ལོ་ ༡༩ ཙམ་ཡིན་པ་ཁོང་གིས་རྔ་པའི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་མེར་སྲེག་བཏང་ཞིང་"བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་"ཞེས་འབོད་སྐད་སྒྲོག་སྐབས་རྒྱ་མིས་ཉེན་རྟོག་པས་བཟུང་ཡོད་འདུག་ལ་སྐབས་དེར་ཁོང་སྐུ་གཤེགས་མེད།

2011/10/15

སླར་མི་དྲན་པའི་དམ་བཅའ།

སླར་མི་དྲན་པའི་དམ་བཅའ་དང་པོ། 
ང་ཆེས་ཐོག་མར་སློབ་གྲྭ་འདིར་འབྱོར་དུས་ཏག་ཏག་བོད་ཀྱི་ལོ་གསར་ཁེལ་འདུག་ལ་སློབ་གླིང་འདིར་ང་ལོ་གསར་ཇ་མགྲོན་དུ་བསུ་མཁན་དང་པོ་དེ་ཁྱེད་རང་ཡིན་ལ་གཉིས་པ་ཞིག་ཕལ་ཆེར་བྱུང་མེད་སྙམ། སྐབས་དེར་ངས་ཁྱེད་རང་སྤྱིར་བཏང་བོད་ཀྱི་བུ་མོ་གཤིས་བཟང་མ་ཞིག་དང་ད་རུང་ཆོས་དད་ཆེན་པོ་ཞིག་ཡིན་ཚོད་འདུག་བསམ་པའི་ཚོད་དཔག་ཀྱང་བྱས་མྱོང་། 
དེ་ནས་བཟུང་ཉིན་ཞག་དང་ལོ་ཟླའི་འཁོར་བགྲོད་རིང་མོའི་ཁྲོད་དུ་དཔུང་སྡང་མཉམ་གཤིབ་ཀྱིས་སློབ་གྲྭའི་བྱེད་སྒོ་ཆེ་ཕྲའི་ལན་འགན་ནང་དུ་སྐབས་"གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁར་ཁྱབ་"པའི་དཔེ་ལྟར་ཁྱེད་ཀྱིས་འགྲོ་ལ་ཕན་ཕྱིར་ཀྱི་འབག་མ་གྱོན་ཞིང་ངོ་ལྐོག་ཕྱི་ནང་གི་གཡོ་མ་འཁྲབ་ལ། སྒྱིད་ལུག་ངན་པས་ཕྱིར་མ་བཤོལ་བའི་གཟབ་གཟབ་ནན་ཏན་གྱིས་འགན་འཁྲི་ཁུར་སྟངས་འདི་མཐོང་གིན་མཐོང་གིན། ངའི་སེམས་ཁོངས་ན་ལོ་གསུམ་ཐན་པས་གདུང་ཡང་སྐམ་མི་ནུས་ཤིང་སྤུ་གྲི་རྣོན་པོས་བཅད་ཀྱང་རྨས་མི་ཐུབ་པའི་གུས་བརྩིའི་མེ་ཏོག་ཅིག་ངང་གིས་བཞད་སོང་།
དུས་དེ་ནས་བཟུང་སྟེ་ངས་རིམ་པས་ལམ་ཞོར་དང་ལས་ཞོར། འགྲོ་ཞོར་དང་འདུག་ཞོར། ཟ་ཞོར་དང་འཐུང་ཀུན་ཏུ་ཁྱེད་རང་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་སོང་ཞིང་། དོ་སྣང་བྱས་རིམ་བཞིན་འོད་དུ་འཚེར་བའི་མུ་ཏིག་གི་མཛེས་རྒྱན་ནམ་ཐོ་རེངས་ཀྱི་སྐར་ཆེན་ཞིག་དང་འདྲ་བར་ཁྱེད་ཀྱི་མཛེས་པའི་ལང་ཚོ་དང་། དྲང་ཚུགས་བརྟན་ལྷིང་གི་གཤིས་བཟང་དག་དྲན་འཛིན་མེ་ལོང་གི་ངོས་སུ་ནམ་ཡང་འོད་དུ་འཚེར་འོང་།
དེས་ན་ངས་སེམས་ཁོངས་ནས་འདི་ལྟར་གུས་བརྩི་ཞུ་དོན་དང་དོ་སྣང་བྱེད་དོན་གང་ཞིག་རེད། བརྩེ་དུང་གི་མྱུ་གུ་འབུས་སོང་བ་ཨེ་ཡིན་ན། ངས་དོ་སྣང་འདི་ལྟར་བྱས་ན་འགྲིག་གམ།
ངས་དྲི་བ་འདི་རང་ལ་དྲིས་ཅིང་གལ་ཏེ་མུ་མཐུད་དེ་དོ་སྣང་འདི་ལྟར་ཤོར་ན་མཇུག་འབྲས་གང་ཞིག་འཐོབ་སྲིད་དམ། དེ་ནི་ཕལ་ཆེར་ཕྱོགས་གཅིག་གི་བརྩེ་དུང་ཁེར་རྐྱང་མ་ཞིག་སྟེ་རང་སྡུག་རང་གིས་ཉོས་པ་ལས་ཅི། དེ་བས་ངས་ཉི་མ་དེ་རིང་ནས་བཟུང་སྟེ་ཁྱེད་རང་སླར་མི་དྲན་པའི་དམ་བཅའ་བྱ། ཡིན་ནའང་ཤུགས་དྲག་གིས་དྲན་བཞིན་པའི་དངོས་པོ་ཞིག་བཙན་བཙན་གྱིས་དགག་དགོས་ན་ལས་སླ་པོ་ག་ལ་ཡིན། ལས་སླ་པོ་ཞིག་ཁྱོན་ནས་མིན། །

འབྲུག་རྒྱལ་གཉེན་སྟོན།

King of Bhutan's Luxury Wedding2011.10.13 ཉིན་མོར་པུ་ན་ཁ་རྫོང་དུ། དགུང་གྲངས་ལོ་ 31 ལ་སོན་པའི་འབྲུག་རྒྱལ་བོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་། འབྲུག་ཡུལ་ཐིམ་ཕུ་ནས་དགུང་གྲངས་ 21 ལ་སོན་པའི་བུ་མོ་རྗེ་བཙུན་པད་མ་རྣམ་གཉིས་ཀྱིས་འབྲུག་གི་སྲོལ་རྒྱུན་ལྟར་འཇིག་རྟེན་མཐུན་འཇུག་གཉེན་སྒྲིག་གི་བྱེད་སྒོ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད། བཤད་སྲོལ་ལྟར་ན་བུ་མོ་རྗེ་བཙུན་པད་མའི་མ་རྒྱུད་བོད་ཁམས་རིགས་ཤིག་ཡིན་ཚུལ་འདུག

2011/10/11

འདི་ནི་སྨན་ཞིག་རེད།

ལེ་དབར་འབུམ་གྱིས་ཆོད་པའི་ཕ་རོལ་ནས། །
ཆེམ་ཆེམ་འོད་མདངས་མཚེར་བའི་སྐར་ཆེན་ལགས། །
ཧམ་པའི་ལག་རིང་བསྙབས་པར་མ་ཕོད་ཀྱང་། །
འགོག་མེད་མིག་ཟུར་ཤོར་སོང་དགོངས་ཡང་གནོངས། །

དཀར་དམར་མཛེས་པའི་རྒྱ་སེ་མེ་ཏོག་གི། །
ཡུ་བ་དུག་གི་ཚེར་མས་དཀྲིས་གྱུར་ཏེ། །
ལག་ཟུང་གྱ་ཚོམ་རེག་པའི་ནག་ཉེས་སུ། །
སྙིང་ལ་ན་ཟུག་བྱིན་ཡང་བློ་འགྱོད་ཅི། །

2011/10/06

ལྷ་སྐད་དང་མི་སྐད།

ངས་ནམ་རྒྱུན་ནས་བོད་སྐད་འདི་ལྷ་ཡི་སྐད་ཞིག་ལས་མི་ཡི་སྐད་མ་རེད་ཅེས་བཤད་མྱོང་།
ལྷ་ཡི་སྐད་འདིའི་ལམ་ནས་ཐར་པ་དང་ཐམས་ཅད་མཁྱེན་པ། བདེན་གཉིས་དང་སྐུ་གཉིས། ཉན་ཐོས་དང་རང་རྒྱལ། བྱང་སེམས་དང་སངས་རྒྱས། ཀུན་རྫོབ་དང་དོན་དམ། སྣང་ཚུལ་དང་གནས་ལུགས། ཞི་གནས་དང་ལྷག་མཐོང་། དཔྱད་སྒོམ་དང་འཇོག་སྒོམ། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ། མདོ་ལུགས་དང་སྔགས་ལུགས་སོགས་བཤད་སྐབས་དོན་འདུས་ལ་ཚིག་གསལ་བ། སྒྲ་གཙང་ལ་སྒྲོས་གཙང་བ། གྲ་རྒྱས་ལ་གྲུ་མ་ཉམ་པའི་སྐད་ཆ་རེ་སེང་གེ་གླལ་བའི་ཟོལ་དང་ཅོ་ག་སྒྲོགས་པའི་དབྱངས་ཀྱིས་བཤད་ཀྱི་འདུག་མོད། 

འཇིག་རྟེན་མི་སྐད་དེ་རྩིས་རིག་དང་དངོས་ཁམས་རིག་པ། རྫས་འགྱུར་དང་སྐྱེ་དངོས་རིག་པ། གནམ་རིག་དང་ས་གཤིས་རིག་པ་སོགས་བཤད་ཐུབ་རྒྱུ་ཕར་ཞོག་
ཐ་ན་རྐང་གྲུག་རྩེ་མོ་རྩེས་ཚུལ་གྱི་གསར་འགྱུར་ཞིག་འབྲི་དགོས་ཀྱང་ལྷ་སྐད་འདིའི་ལམ་ནས་བཤད་མི་ཐུབ་པའི་བྱུ་བ་བརྒྱ་ལས་དཔེ་མཚོན་གཅིག་སྟེ། དུས་བབ་ལས་" རུ་ཁག་དེ་གཉིས་ཀྱིས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་བརྟེན། མཐར་རྩེད་འགྲན་པ་མི་ལྔ་རེ་བྱས་ཏེ་མི་རེ་རེ་བཞིན་སྤོ་ལོ་བླུགས་སྐབས་གྷོ་ལཱ་ཐཱ་ལཱ་རུ་ཁག་གིས་སྤོ་ལོ་ ༤ བླུགས་ཏེ་ཨང་དང་པོ་ཐོབ "ཟེར་བའི་རྩོམ་འདི་ཙམ་གྱིས་ཤེས་ཐུབ།  
མ་གཞི་ཁག་ཅི་ཞིག་ཡོད་དེ་བོད་ཡིག་གསར་གཏོད་མཛད་པ་པོ་ཡང་ཐོན་མི་སྃ་བྷོ་ཊ་ནི་ལྷ་འཇམ་དཔལ་དབྱངས་མི་རུ་བརྫུས་ཏེ་འཇབས་ནས་ཡོང་བ་ལས་མི་ཞིག་གཏན་ནས་མིན་པས་མི་སྐད་ག་ལ་བཤད།

2011/10/02

རྐང་གྲུག football

༄༅། འུ་ཚོའི་མི་ཚེའི་ལོངས་སྤྱོད་ནང་དུ་ཟས་གོས་གཉིས་ཙམ་མ་ཡིན་པའི་འདོད་པའི་ལོངས་སྤྱོད་ཀྱི་རྣམ་གྲངས་ཇི་སྙེད་ཅིག་ཡོད་པ་དག་ལས་ངོ་མཚར་མིག་གི་དགའ་སྟོན་ཏེ། རྐང་རྩེད་པོ་ལོའམ་རྐང་གྲུག་རྩེ་འགྲན་ནི་བལྟས་ན་མིག་ཏུ་སྡུག་ཅིང་རྩེས་ན་ལུས་སྨན་པའི་འཛམ་གླིང་ནང་གི་ཆེས་སྙན་གྲགས་ཆེ་བའི་རྩེད་མོ་ཞིག་ཡིན། Argentina's Lionel Messi receives the trophy from the hands of FIFA president Joseph S. Blatter after he was awarded FIFA Men's World Player of the Year
དེང་དུས་རྐང་གྲུག་རྩེ་མོའི་ཆེས་ཕུལ་ཏུ་བྱུང་བའི་སྒྱུ་རྩལ་བ་(ལེ་ནལ་མེ་གསི། lionelMessi)   ཨར་རྗེན་ཊིན་ནའི་མི།