2017/11/15

ཨ་མ་དྲན་པའི་གདུང་ཚིག

ཨ་མའི་འཛུམ་ཞལ་ཁ་བའི་ལྗོངས་སུ་ལུས།།
ས་མཐའི་སེམས་པ་ཚ་བའི་འོབས་སུ་ལྷུང་།།
བཅུ་ཕྲག་གཉིས་ལྷག་ཀྱག་ཀྱོག་མི་ཚེ་འདིར།།
བསམ་བཞིན་བསམ་དུས་སྙིང་ནས་འཆི་མ་ཤོར།།

ཕ་དང་ཁུ་བོས་ལྔ་པའི་ལམ་ཆེན་བསྙེགས།།
གཅེན་མོ་དབང་མེད་རྒྱ་ཡུལ་ལོ་མང་འགྲིམས།།
ལྷག་ལུས་བུ་ཕྲུག་ཨ་མའི་གདོང་ལ་ཅེར།།
བསམ་བཞིན་བསམ་དུས་སྙིང་ནས་འཆི་མ་ཤོར།།

འཛུམ་པའི་ཞལ་ལ་རྒས་པའི་གཉེར་རིས་བརྩེཌ།།
སྨུག་པོའི་སྐྲ་ལོར་ཁ་བའི་མེ་ཏོག་བཞད།།
ད་དུང་བུ་ཕྲུག་སྐྱོང་བའི་དཀའ་སྡུག་ལ།།
བསམ་བཞིན་བསམ་དུས་སྙིང་ནས་འཆི་མ་ཤོར།།

ཐམས་ཅད་ལས་ཀྱི་ཕྲོགས་པའི་ཁྱེད་ཉིད་ལ།།
སྐྱོབ་པའི་གཉེན་མེད་བྱམས་པའི་གྲོཌ་ཀྱང་མེད།།
དཀའ་སྡུག་ཀློང་དུ་འགྲེངས་པའི་སྐྱེས་མ་ལ།།
བསམ་བཞིན་བསམ་དུས་སྙིང་ནས་འཆི་མ་ཤོར།།

ཡུན་རིང་ས་མཐར་གྱར་བུའི་ཕྲུག་ལ།།
དྲན་པའི་མིག་ཆུ་བརྩེ་བའི་སེམས་ཀྱི་ཁུར།།
བགྲང་གིས་མི་ལང་སེམས་ཀྱི་རྨ་ཁ་འདིར།།
བསམ་བཞིན་བསམ་དུས་སྙིང་ནས་འཆི་མ་ཤོར།།

རེ་བའི་མིག་ཟུང་སླར་འཛོམས་དུས་ལ་ཅེར།།
བྱམས་པའི་ལག་ཟུང་མཆོག་གསུམ་མདུན་དུ་བཏུད།།
བགྲང་བྱའི་རེ་སྒུག་སེམས་ཀྱི་ཁོངས་སུ་སྦས།།
བསམ་བཞིན་བསམ་དུས་སྙིང་ནས་འཆི་མ་ཤོར།།

འཇིག་རྟེན་འདི་ཡི་སྡུག་བསྔལ་སྣ་ཚོགས་པ།།
ཐམས་ཅད་རང་གི་ལས་ལས་འབྱུང་མོད་ཀྱང་།།
ལས་འདིས་ཁྱེད་ལ་བརྙས་བཅོས་ཆེ་དྲག་པས།།
བསམ་བཞིན་བསམ་དུས་སྙིང་ནས་འཆི་མ་ཤོར།།

— ཨ་བུ་ལོ་ལོས།