2020/04/04

ཁ་འབྲལ་མི་ཐུབ་པའི་བཟའ་ཚང་གཉིས།


ཨོ་རྒྱན་རིག་འཛིན།
Adrian and Stuart Baker were married for more than 51 years, and their family called them inseparable. On March 29, they both died of complications due to Covid-19 -- just six minutes apart.
ལྕམ་ཨ་ཌི་རན་ (Adrian) དང་སྐུ་ཞབས་སུ་ཏྲུཊ་བྷེ་ཀར་ (Stuart Baker) གཉིས་གཉེན་བསྒྲིགས་ནས་ལོ་ངོ་ང་གཅིག་འཁོར་ཡོད་པ་དང་། ནང་མི་ཚོས་ཁོང་གཉིས་ལ་ཁ་འབྲལ་མི་ཐུབ་པའི་བཟའ་ཟླ་གཉིས་ཞེས་འབོད་སྲོལ་ཡོད་སྐད། ད་ལན་ 2020 ཟླ་བ་གསུམ་པའི་ཚེས་ 29 ཉིན་ཁོང་གཉིས་ཆ་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་སྐར་མ་དྲུག་གི་ནང་གཉིས་ཆ་འདས་གྲོངས་སུ་གྱུར་ཡོད་པ་རེད། 

(CNN) གཉེན་སྒྲིག་བྱས་ཏེ་མི་ལོ་ 51 ལོན་ཞིང་ཕན་ཚུན་ཁ་འབྲལ་མི་ཤེས་པའི་བཟའ་ཚང་འདི་གཉིས་ཨ་རིའི་ཧྥི་་ལོ་རི་ཌའི་ (Florida) ཁོང་གཏོགས་བྷོ་ཡན་ཊོན་་བྷི་ཆི་ (Boynton Beach) ལ་ལས་ཡོལ་གནང་སྟེ་བསྡད་ཡོད་ཅིང་བདུན་ཕྲག་འགའི་སྔོན་བར་ཁོང་གཉིས་གཟུགས་གཞི་ཧ་ཅང་བདེ་ཐང་ཡིན་འདུག ད་ལན་སྤྱི་ཟླ་གསུམ་པའི་ཟླ་དཀྱིལ་ཙམ་ནས་ན་འགོ་ཚུགས་ཤིང་ཟླ་དེའི་རེས་གཟའ་ཉི་མའི་ཉིན་ཁོང་གཉིས་ཆ་ཏོག་དབྱིབས་ནད་དུག་གི་རྐྱེན་པས་སྐར་མ་དྲུག་གི་སྔ་ཕྱིའི་ནང་འདས་གྲོངས་སུ་གྱུར་ཚུལ་ཁོང་གཉིས་པོའི་བུ་བྷུ་ཌས་བྷེ་ཀར་ (Buddy Baker) གྱིས་འགྲེལ་བརྗོད་བྱས་ཡོད།  འདི་ལོ་སྐུ་ཞབས་སི་ཏྲུར་ཊི་་བྷེ་ཀར་ (Stuart Baker) རང་ལོ་ 74 དང་ཆུང་ཨ་ཌི་རན་་བྷེ་ཀར་ (Adrian Baker) རང་ལོ་ 72 ཡིན་པ་རེད། 

  • ཐོག་མར་དྲག་སྐྱེད་ཡོང་བའི་རེ་བ།
ཁོང་གཉིས་གཟུགས་གཞི་མ་བདེ་བ་བྱུང་ནས་ཞག་ཤས་སོང་ཡང་དྲག་སྐྱེད་མ་བྱུང་བས་སྨན་པའི་བསམ་འཆར་ལྟར་སྨན་ཁང་ལ་བསྟེན་པ་དང་སྨན་ཁང་ནས་ཁོང་གཉིས་དྲག་སྐྱེད་མ་བྱུང་བར་རང་ཁྱིམ་དུ་ཟུར་འགོག་བྱ་དགོས་པར་གདམས།
བུ་བྷེ་ཀར་གྱིས་བཤད་རྒྱུར། ཁོས་དུས་རྒྱུན་ཤེས་རྟོགས་ཡོང་ཆེད་ཕ་མར་ཁ་པར་གཏོང་གི་ཡོད་མོད་ཁོང་གཉིས་ཕལ་ཆེར་ཇེ་དྲག་སྐྱེད་སོང་མེད་པ་འདྲ། ཉིན་གཅིག་ལ་ཅུང་བདེ་བའི་རྣམ་པ་བྱུང་ཡང་ཉིན་གཉིས་པར་ཡང་བསྐྱར་སྡུག་ཏུ་ཕྱིན་སོང་།
ཉིན་འགའི་རྗེས་སུ་སྟེ་སྤྱི་ཟླ་གསུམ་པའི་ཚེས་ 19 ཉིན་ཁོང་གཉིས་སྨན་ཁང་ལ་ཕྱིར་འབྱོར་སྐབས། བུ་བྷེ་ཀར་གྱི་ཕ་རྒན་ལ་ཚ་བ་དང་དབུགས་འཚང་གི་ནད་རྟགས་བྱུང་ཡོད་མོད་ཁོང་གི་མ་རྒན་ལ་ད་རུང་ཚ་བ་སོགས་ནད་རྟགས་གང་ཡང་མངོན་མེད། 
དེ་ནས་ཆུ་ཚོད་ 48 ཙམ་སོང་རྗེས་ཁོང་གི་ཕ་རྒན་ཚབས་ཆེན་ནད་པ་ལྟ་སྐྱོང་ཁང་དུ་སྐྱེལ་དགོས་ཁེལ་མོད་ནང་མི་ཚོས་སྔར་བཞིན་དྲག་སྐྱེད་ཡོང་རེ་བྱས། ཕ་རྒན་སུ་ཏྲུཊ་་བྷེ་ཀར་ལ་དབྱང་རླུང་ 60% ནས་ 50% བར་འཕར་བས་དྲག་སྐྱེད་ཀྱི་རྣམ་པ་ཡང་ཅུང་བྱུང་།

  • ནད་གཞི་སྡུག་ཏུ་སོང་སྟེ་གྲོངས་པ།
དེ་སྐབས་ཁོ་དང་སྲིང་མོ་གཉིས་ཨ་མ་ལ་ལྟ་བར་ཉིན་གཅིག་ལ་ཐེངས་འགའ་སོང་བ་དང་སྐབས་དེར་ཁོང་གཉིས་རླངས་འཁོར་འཇོག་ཁང་གི་ཕྱིར་དང་ཨ་མ་ནང་དུ་བསྡད་ནས་ཐུག་འཕྲད་བྱས། དེ་ནས་ཟླ་བ་གསུམ་པའི་ཚེས་ 24 ཉིན་སྨན་ཁང་ནས་ཁ་པར་ཞིག་འབྱོར་ཏེ་ཁོང་ཚོའི་ཕ་རྒན་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་དང་། ཁོང་དྲག་སྐྱེད་ཡོང་བའི་རེ་བ་དེ་ཙམ་མི་འདུག་ཅེས་འཕྲིན་ངན་ཞིག་འབྱོར།
ཁོང་གི་མ་རྒན་ཁྱིན་དུ་ཡོད་སྐབས་ཚ་བ་དང་སེམས་འཚབ་ཀྱི་མངོན་རྟགས་གང་ཡང་མེད་ཀྱང་ཁྱོ་གའི་གནས་ཚུལ་ཤེས་རྗེས་སེམས་ངལ་ཆེན་པོར་གྱུར། དེ་ནི་རྒྱུན་དུ་བྱུང་མ་མྱོང་པའི་གནས་ཚུལ་ཏེ་ཁྱོ་ག་དང་ཁ་བྲལ་ནས་ཞག་ལྔ་ཙམ་སོང་བ་དེས་ཡིན་པར་སྙམ།
གང་ལྟར་གནས་ཚུལ་དེས་ཨ་མ་ལ་བློ་ཕམ་མི་འབྱུང་བའི་ཆེད་དང་ཏོག་དབྱིབས་ནད་དུག་ཡོད་མེད་ལྟ་བར་སྨན་ཁང་ལ་བརྟག་དཔྱད་བྱེད་དུ་འཁྲིད་རྒྱུར་ཁོང་མིང་སྲིང་གཉིས་པོས་ཐག་བཅད། དེ་སྐབས་ཀྱང་ཨ་མ་ལ་ཚ་བ་དང་འབྲེལ་བའི་ནད་རྟགས་གང་ཡང་མངོན་མེད་པས་ཁོང་གཉིས་ཀྱི་ཨ་མ་ལ་སྐྱོན་ཆག་མི་ཡོང་བར་སྙམ།
དེ་འཕྲལ་ཨ་མར་བརྟག་དཔྱད་བྱས་པའི་རྒྱུད་རིམ་སྐར་མ་ཞེ་ལྔའི་ནང་སྨན་པས་བཤད་རྒྱུར་ཨ་མའི་སྲོག་རླུང་ཚད་གཞི་ཧ་ཅང་དམའ་བས་མོ་ཡང་ནད་ལས་ཐར་དཀའ་བར་བཤད།
Adrian and Stuart Baker, at the time of their marriage.
Adrian and Stuart Baker, 
at the time of their marriage.
དེ་ནས་རིམ་པས་ཕ་མ་གཉིས་པོའི་དབང་པོ་ཉམས་རྒུད་དུ་སོང་བས་བྷེ་ཀར་དང་ཁོང་གི་སྲིང་མོས་ཆེད་ལས་སྨན་བཅོས་མི་སྣའི་བསམ་འཆར་ལྟར་ཕ་མ་གཉིས་ཚེ་མཇུག་གི་གཟིགས་སྐྱོང་ལྟེ་གནས་སུ་སྤོ་རྒྱུ་བྱས། ཕ་མ་གཉིས་ཀ་ཁང་པ་གཅིག་གི་ནང་དུ་སྤོས་ནས་མཐའ་མཇུག་གི་ངལ་གསོའི་ཆེད་དུ་དབུགས་རྔུབ་ཆས་ཀྱང་བླངས་ཏེ། ཁོང་གཉིས་སྐར་མ་འགའི་ཡུན་དུ་མི་ཚེ་གཅིག་གི་ཆེས་མཐའ་མཇུག་གི་ལྷན་འཛོམས་བྱས་ཏེ་འདས་གྲོངས་སུ་གྱུར་ཡོད་པ་རེད། 
ཁོང་གཉིས་ནི་གོ་ལ་འདིའི་ཐོག་གི་མཛའ་བརྩེ་ཧ་ཅང་ཟབ་ཅིང་ལུས་དང་གྲིབ་མ་བཞིན་དུ་ཁ་འབྲལ་མི་གཏུབ་པའི་འགྲོ་བ་མི་གཉིས་དང་གཉེན་སྒྲིག་མི་ཚེ་འཐའ་འཁྱོལ་བྱུང་བའི་བཟའ་ཚང་ཆ་གཅིག་ཡིན་པ་རེད།