དང་པོ། «གསེར་འོད་དམ་པ»བཀླགས་པའི་ཟིན་ཐོ།
ངས་དེ་རིང«འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་»ཞེས་པའི་གསུང་རབ་གྲགས་ཆེན་དེ་ཞིབ་མོར་བཀླགས་པ་ཡིན། སྤོས་དང་མར་མེ་སྦར། བཆོད་པ་བདུན་ཚར་བསྒྲིགས། དེ་ནས“བྱ་རྒོད་ཕུང་པོ་ཆོས་ཀྱི་དབྱིངས། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་ན། །དེ་བཞིན་གཤེགས་པ་བཞུགས་ནས་ནི། །དག་ཅིང་རྡུལ་རྣམས་མེད་པ་ཡི། །བྱང་ཆུབ་སེམས་དཔའ་མཆོག་རྣམས་ལ། །མདོ་སྡེའི་དབང་པོའི་རྒྱལ་པོ་སྟེ། །མཉན་ན་ཤིན་ཏུ་ཟབ་པ་དང་། །ཡོངས་སུ་བརྟགས་ན་ཟབ་པ་ཉིད། །གསེར་འོད་དམ་པ་འདི་འཆད་དོ། །”ཞེས་སོགས་དབྱངས་ཀྱི་རྟ་ལ་དྲངས་ཏེ། བློ་ཡོངས་སུ་གཏད་ལ། དྲན་པ་མངོན་དུ་བཞག་ནས་བཏོན་པ་ཡིན།
དཔེ་ཆ་འདི་བོད་ཀྱི་བཀའ་འགྱུར་ཁྲོད་ནས་མཁོ་རྒྱུག་ཆེ་ཤོས་སུ་གྱུར་པའི་ཐེག་པ་ཆེན་པོའི་མདོ་སྡེ་ཞིག་ཡིན་པ་ནི་ཚང་མས་ཤེས་གསལ་ལྟར་ཡིན་ལ། «གསེར་འོད་དམ་པ་»ཞེས་པའི་མདོ་སྡེ་འདི་ལ་རྒྱས་བསྡུས་མི་འདྲ་གསུམ་ཐམ་པ་བཞུགས། དེའི་ནང་གི«གསེར་འོད་བམ་ལྔ་མ་»འདི་ལ་ལེའུ་ཉི་ཤུ་རྩ་གཅིག་གདའ། «གསེར་འོད»ཅེས་སུ་གྲགས་པའི་མདོ་སྡེ་འདི་དག་ནི་གཟུངས་སྔགས་དང་བསྒྲུབ་པའི་ཆོ་ག །བྲིས་སྐུའི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག་སོགས་བསྟན་པས། སྔགས་བྱ་རྒྱུད་ཀྱི་ཁོངས་སུ་འཐད་པའི་ཕྱིར་ན་མདོ་གྲས་སུ་མ་བཀོད་པར། སྡེ་དགེ་བཀའ་འགྱུར་གྱི་རྒྱུད་འབུམ༼པ༽དང་༼ཕ༽རྟགས་ཅན་དུ་བཞག་འདུག། བུ་སྟོན་གྱིས་ཀྱང་། «རྒྱུད་སྡེ་སྤྱི་རྣམ་»དུ་«གསེར་འོད་»རྒྱུད་དུ་འཐད་པའི་ལུང་རིགས་གཉིས་ཀ་བཀོད་ནས་བཤད།
ངའི་ཕ་ཡུལ་གྱི་དད་འབངས་ཁྲོད་ན་དར་སྲོལ་ཤིན་ཏུ་ཆེ་བའི«ལྷ་མོ་དཔལ་གྱི་གཡང་སྐྱབས་»ཟེར་བ་དེ་ཡང་། «གསེར་འོད་»ཀྱི་ལེའུ་བརྒྱད་པ་དབྱངས་ཅན་གྱི་ལེའུ་དང་། དགུ་པ་ལྷ་མོ་ཆེན་མོ་དཔལ་གྱི་ལེའུ་སོགས་ལ་གཞི་བཅོལ་ཞིང་། གནའ་བོའི་བོད་རང་གི་བོན་ལུགས་གཏོ་གླུད་དང་། གཡང་འགུག། ལྷ་བསང་གི་ཆོ་གའི་རིམ་པས་རྒྱན་གྱིས་སྤྲས་ཏེ་བརྩམས་གནང་བ་ཞིག་ཡིན་པ་ཚོར་བྱུང་།
«གསེར་འོད་དམ་པ་»འདིའི་ལེའུ་བཅུ་བདུན་པ། ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་ཉ་བཏུལ་བ་སྔོན་བྱུང་གི་གཏམ་བརྒྱུད་དེ་ནི་མདོ་སྡེ་འདིའི་བརྗོད་བྱ་གལ་ཆེན་ཡིན་ན་ཡང་། ཀུན་ལ་ཆ་རྒྱུས་ཆེ་བས་འདིར་མི་གླེང་། ངེས་པར་དུ་གླེང་ན་འདོད་པ་ནི་ལེའུ་བཅོ་བརྒྱད་པ་སྟག་མོ་ལུས་སྦྱིན་གྱི་གཏམ་གྱི་འཕྲོས་གཞི་དེ་ཡིན། དེ་ཡང“བཅོམ་ལྡན་འདས་དགེ་སློང་སྟོང་གིས་ཡོངས་སུ་བསྐོར་ཏེ། ཡུལ་ལྔ་ལེན་གྱི་ལྗོངས་སུ་ལྗོངས་རྒྱུ་ཞིང་གཤེགས་ནས་ནགས་ཚོགས་ཞིག་ཏུ་བྱོན་པ་དང་། དེར་དེས་སྔོ་ཞིང་འཇམ་ལ་མཐིང་གར་འདུག་པའི་སྤང་གི་ངོས་མེ་ཏོག་གི་དྲི་ཞིམ་པ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པའི་ས་ཕྱོགས་ཞིག་གཟིགས་སོ། །གཟིགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ས་ཕྱོགས་འདི་ནི་མཛེས་པ་སྟེ། འདི་ན་གཏམ་གྱི་གནས་ཀྱི་མཚན་མ་ཡོད་ཀྱིས་ད་དེ་བཞིན་གཤེགས་པའི་གདན་ཐིངས་ཤིག”ཅེས་གསུང་ཞིང་། “དེ་ནས་བཅོམ་ལྡན་འདས་གདན་དེ་ལ་བཞུགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱོད་བྱ་དཀའ་བའི་ལས་བྱེད་པའི་བྱང་ཆུབ་སེམས་དཔའི་རུས་པ་རྣམས་བལྟ་བར་འདོད་དམ། དེ་སྐད་ཅེས་བཀའ་སྩལ་པ་དང་།”དེར་བཞུགས་ཀྱི་དགེ་སློང་དག་གིས་ཀྱང་། ཡོན་ཏན་དཔག་མེད་ཅན་གྱི་སེམས་ཅན་དེའི་རུས་པ་ལ་བལྟ་འདོད་ཡོད་ཚུལ་ཞུས་འདུག། དེ་ནས་བཅོམ་ལྡན་འདས་ཀྱིས་ས་ཆ་དེ་ག་རང་ནས་ནོར་བུ་དང་གསེར་དང་དངུལ་ལས་བྱས་པའི་མཆོད་རྟེན་ཞིག་ཐོལ་བྱུང་གི་ཚུལ་གྱིས་སྤྱན་དྲངས་འདུག། (དེ་ལ་གཏེར་ནས་བཏོན་ཟེར་ཡང་ཆོག་ངེས།) མཆོད་རྟེན་དེའི་ནང་དུ་གསེར་གྱི་ཟ་མ་ཏོག་ཅིག། ཟ་མ་ཏོག་དེའི་ནང་དུ་རུས་པ་དཀར་པོ་ཁ་བའི་མདངས་ཅན་ཞིག་ཡོད། དེ་ནས་ཀུན་དགའ་བོས་རུས་པ་དེའི་ཚུལ་ཇི་ལྟར་ཡིན་པ་བཅོན་ལྡན་འདས་ལ་བཀའ་འདྲི་ཞུས་པ་ན། བཅོམ་ལྡན་འདས་ཀྱིས། “ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་ཤིང་རྟ་ཆེན་པོ་ཞེས་བྱ་བ་བཞོན་པ་དང་སྟོབས་དུ་མ་དང་ལྡན་པ་ཐོགས་པ་མེད་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་ཞིག་བྱུང་སྟེ” ཞེས་སོགས་གསུང་ནས་སྟག་མོ་ལུས་སྦྱིན་གྱི་ལེའུ་དེ་ཞིབ་རྒྱས་ཀྱི་སྒོ་ནས་གསུང་ཡོད། སྟག་མོ་ལུས་སྦྱིན་གྱི་མཛད་པ་རྣམ་ཐར་འདི་ཤིན་ཏུ་གྲགས་ཆེ་བས་ན་ང་ཚོ་སུས་ཀྱང་ཤར་ཤར་འཆད་ཤེས་པ་དེ་མ་ཡིན་ནམ། འོན་ཀྱང་ལེའུ་བཅོ་བརྒྱད་པ་འདིའི་ནང་གི་སངས་རྒྱས་ཀྱིས་གཏེར་ཁ་བཞེས་མཛད་པའི་ཚུལ་འདིས། སྔ་འགྱུར་རྙིང་མ་བའི་གཏེར་སྟོན་གྲུབ་པའི་རིག་འཛིན་དག་གིས་མཛད་པའི་ཚུལ་དག་དྲན་པར་བྱེད་ཅིང་། ཐེག་པ་ཆེན་པོའི་མདོ་སྡེ་འདི་དག་ལས་བྱུང་བའི་སངས་རྒྱས་ཀྱིས་རྫས་གཏེར་བཞེས་ཚུལ་ཁུངས་སུ་བཅོལ་ནས་རྙིང་མ་བས་གཏེར་ཁ་ར་སྤྲོད་དག་འབུད་བྱེད་སྲོལ་ག་ཚད་ཡོད་དམ་སྙམ་པ་བྱུང་།
«གསེར་འོད་བམ་ལྔ་མ་»འདི་ལ་འགྱུར་བྱང་མི་སྣང་ཡང་། འདི་དང་ཁ་བྱང་གཅིག་པ་གཅིག་རྐྱང་ཡིན་པའི་«གསེར་འོད་བམ་བཅུ་»མའི་མཇུག་ཏུ། “པཎྜི་ཏ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་གཏན་ལ་ཕབ།”ཅེས་འཁོད་འདུག། ཁ་བྱང་ཅུང་ཟད་མི་འདྲ་བའི་དཔེ་«འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ཐེག་པ་ཆེན་པོའི་མདོ་»ཞེས་པ་དེའི་མཇུག་ཏུ། “ཞུ་ཆེན་གྱི་མཁན་པོ་དང་། ལོ་ཙྪ་བ་བཅོམ་ལྡན་འདས་ཀྱིས་རིང་ལུགས་བནྡེ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།” ཅེས་གསལ་ཞིང་། འདི་ལ་ལེའུ་སུམ་ཅུ་སོ་གཅིག་ཡོད་པས་ན། «གསེར་འོད་»མི་འདྲ་བ་གསུམ་ལས་འདི་རྒྱས་ཤོས་དེ་རེད།
ངས་དེ་རིང་ཚིགས་སུ་བཅད་པ་དག་དབྱངས་སུ་གྱེར་ཏེ། “སེམས་ཅན་ཐམས་ཅད་དག་ནི་རྨི་ལམ་རང་བཞིན་ཏེ། །ནམ་མཁའ་འདྲ་ཞིང་ནམ་མཁའི་ངོ་བོ་ཉིད་ཀྱང་ལགས། །སྒྱུ་མ་སྨིག་རྒྱུ་དང་ནི་ཆུ་ཡི་ཟླ་བ་འདྲ། །འདྲེན་པ་ཁྱོད་ཀྱིས་སྟོང་པ་ཚེ་དང་ལྡན་པ་ལགས། །” ཞེས་ཆ་ཚང་བར་རྟ་ལ་དྲངས་ཏེ་བླངས་སོ།། དེ་ནས་མཇུག་ཏུ«གསུར་བསྔོ་རྐྱེན་ངན་ཀུན་གྲོལ»ཡང་དབྱངས་སུ་གྱེར་ནས་བཏོན། སླར་ཡང་སྤོས་སྤར། མཆོད་ཁ་གསོས། འཕགས་པ་ས་ཡི་སྙིང་པོའི་མཆོད་བསྟོད་དང་མཚན་གཟུངས་ལ་ཁེན་ནས«གཡང་འགུགས་ལྷ་རྫས་ལྕགས་ཀྱུ་»རྟ་ལ་དྲངས་ཤིང་དབྱངས་སུ་གྱེར། དྲིལ་བུ་འཁྲོལ་ཞོར་མདའ་དར་གཡབ། གཡང་སྒྱེའི་ནང་དུ་འབྲུ་སྣ་ཡང་བསྣན། བན་བོན་བསྲེས་ཤིང་སྦྱིན་བདག་གི་རེ་བ་སྐོང་བར་བྱས་སོ། །ངས་ད་ནས་བཟུང་སྟེ་དཔེ་ཆ་བརྒྱ་ཀློག་དགོས་ཤིང་། ཟིན་ཐོ་ཡང་བརྒྱ་འབྲི་དགོས། འདི་ནི་དཔེ་ཀློག་ཟིན་ཐོ་དང་པོ་དེ་ཡིན།