2011/12/29

ཆེས་ཐ་མའི་མི་སྐད།

དགུ་པ།

ཨལྷྥུ་པལ་མར།(Alf Palmer 1891 – 1981)ནི་ཝ་རུང་གྷའི་སྐད་རིགས་སྨྲ་མཁན་ཐ་མ་དེ་རེད། ཁོང་ནི་ཨོ་སི་ཊོ་ལི་ཡའི་ཁུ་ཡེན་ལན་ཌི་(Queenland)སྟེ་རྒྱལ་མོའི་ས་ཆ་ཟེར་བའི་ཊོན་ཝིལ་ན་སྐྱེས་ཤིང་ཐ་མ་ས་གནས་དེ་ག་རང་དུ་གྲོངས་ཡོད་པ་དང་པར་རིས་ནང་གི་གཡོན་ཕྱོགས་སུ་བཞུགས་མཁན་དེ་ཡིན། ཁོང་ནི་ས་གནས་དེའི་ཡུལ་མི་ཡིན་སྟབས་རང་གི་ཕ་སྐད་སྨྲ་ཐུབ་པ་མ་ཟད། ཁོང་གིས་མི་ཚེའི་ནང་ཉི་ཧོང་དང་ཨོ་སི་ཊི་ལ་ཡིའི་ནང་ནས་སྐད་རིགས་ཉམས་གསོའི་བྱ་བར་འབད་བརྩོད་གང་ཐུབ་གནང་ཡོད།
གང་ལྟར་ད་ཆ་ངས་བཀོད་ཀྱིན་པའི་སྐད་རིགས་འདི་དག་ནི་ལོ་རྒྱུས་ནང་གི་ཟིན་ཐོ་ཙམ་ཞིག་དུ་གྱུར་ཟིན་པ་རེད། དེས་ན་ད་ལྟའི་ལྕགས་གཟེབ་ཏུ་བསྡམས་པ་འདྲ་བའི་ང་ཚོ་བོད་གངས་པའི་ཕ་སྐད་འདིའི་མ་འོངས་པའི་གནས་སྟངས་གང་འདྲ་ཡིན་ན་བསམ་བཞིན་ང་རྒྱུན་དུ་ཕངས་སེམས་དང་ཞེད་སྣང་གཉིས་ཀ་སྐྱེ་བཞིན་ཡོད། །

གདུང་སྲས་ཕྲིན་ལས་ནོར་བུ་མཆོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ།

Image result for dungse thinley norbuགདུང་སྲས་ཕྲིན་ལས་ནོར་བུ་མཆོག་ (1931-2011) ནི་དེང་སྐབས་བོད་ནང་པའི་ཆོས་རྒྱུད་ཀྱི་ནང་གསེས་སྔ་འགྱུར་རྙིང་མའི་དབུ་འཛིན་དམ་པ་དོན་གྱི་ཕྱིར་དུ་མཚན་ནས་བོས་ན་སྐྱབས་རྗེ་འཇིགས་བྲལ་བདུད་འཇོམ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག་(1835-1904)གི་རིགས་སྲས་ཀྱི་ཐུ་བོ་དང་། སྔ་འགྱུར་རིག་འཛིན་རྒྱུད་པའི་ཤིང་རྟ་ཆེན་པོ་ཀློང་ཆེན་རབ་འབྱམས་དཔལ་བཟང་པོའི་སྐྱེ་སྤྲུལ། དཔའ་སྔ་འགྱུར་བའི་ཟབ་ཆོས་མཐར་ཐུག་འོད་གསལ་སྙིང་ཐིག་གི་རྒྱུད་འཛིན་བླ་ན་མེད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཞིག་ཡིན། སྔར་བོད་ལ་དུས་འགྱུར་མ་བྱུང་བའི་ཡར་སྔོན་དུ་སྔ་འགྱུར་བའི་མ་དགོན་ཆེན་པོ་གྲྭ་ཕྱི་སྨིན་གྲོལ་གླིང་དུ་བགྲང་བྱ་དགུའི་རིང་ལ་དཔའ་རྙིང་མའི་མདོ་སྔགས་ཀྱི་གཞུང་ལུགས་ཁག་ལ་སློབ་གཉེར་མཐར་ཕྱིན་པ་གནང་ཡོད། རྗེས་སོར་བཙན་བྱོལ་ལ་ཕེབས་རྗེས་ད་བར་ནུབ་ཨ་རི་ལ་བཞུགས་ཏེ་ཕྲིན་མཛད་ཕྲིན་བླ་ན་མེད་པ་བསྐྱངས་ཡོད་པ་དང་། ད་ལོ་སྟེ་༢༠༡༡། སྤྱི་ཟླ་༡༢། ཚེས་ ༢༦ ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་ཚུལ་བསྟན་དུས་དགུང་གྲངས་ ༨༠ ཐམ་པ་ཏག་ཏག་བཞེས་ཡོད། །

2011/12/28

མེ་འཁོར་ལམ།


འཛམ་གླིང་ནང་གི་གནམ་ཐང་མཐོ་ཤོས་བོད་དུ་བཟོ་འཆར། ཤིན་ཧ་གསར་ཁང་ནས་གསལ་བསྒྲགས་གནང་དོན་ལ། ལོ་རྗེས་མར་བོད་བྱང་ཐང་ནག་ཆུ་ས་ཁུལ་དུ་འཛམ་གླིང་ནང་གི་གནམ་ཐང་མཐོ་ཤོས་དེ་གཟུགས་འཆར་ཡོད་ཅིང་དེའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲུ་ 4436 ཡོད་ཅིང་ད་ཡོད་གནམ་ཐང་མཐོ་ཤོས་ཆབ་མདོ་ས་ཁུལ་ཚ་བ་གུར་སྐྱེམས་ཐང་གི་གནམ་ཐང་ལས་སྤྱི་ཁྲུ་ 102 གཉིས་ལས་མཐོ་བ་ཡོང་གི་ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ཁྲུ་གྲུ་བཞི་མ་ 267 ཡིན་ཞིང་འགྲོ་གྲོན་ལ་རྒྱ་སྒོར་དུང་ཕྱུར་ 18 དམ་ཨ་སྒོར་ས་ཡ་ 280 བཏང་སྟེ་ལོ་གསུམ་གྱི་ནང་སྒོ་འབྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཚུལ་འདུག བྱང་ནག་ཆུ་གྲོང་བརྡལ་ནི་བོད་ཀྱི་རྒྱལ་ས་ལྷ་ས་ནས་སྤྱི་ལེ་ 250 ཙམ་གྱི་བར་ཐག་ཆོད་པའི་བྱང་ཤར་ཁུལ་དུ་ཡོད་ཅིང་གོར་མོ་ནས་ལྷ་སའི་དབར་གྱི་མེ་འཁོར་ལྕགས་ལམ་དེ་ཡང་ནག་ཆུ་ས་ཁུལ་དུ་འཁེལ་ཡོད་པ་རེད། 

2011/12/27

ཨ་ལེས་པེ་ཀོར།



ཨ་ལེས་པེ་ཀོར།
ནམ་ཞིག་མཐོང་ཡང་འཛུམ་མུ་ལེར། གང་དུ་ནེམ་ཡང་འབུལ་ཤིག་གེར། སུ་ཡིས་ཉོས་ཀྱང་སྤྲོ་སྣང་སྟེར་བའི་ཡིད་འོང་གི་ངའི་ཨ་ལེ་པེ་ཀོར། ཁྱེད་ནི་བྱིས་པ་ཆུང་ཆུང་དག་གི་སེམས་ཁོང་ནས་གཅེས་པའི་དགའ་རོགས་དང་རྩེ་རོགས། གྲོགས་མེད་ཁེར་རྐྱང་གི་སྡུག་རོགས་དང་སྐྱོ་རོགས་ཤིག་ཀྱང་རེད། 
ཡིན་ནའང་ངས་དགའ་བའི་སེམས་གཏམ་གླུ་དབྱངས་སུ་བླངས་ཤིང་བརྩེ་བའི་དུང་སེམས་མེ་ཏོག་རུ་བཞད་པ་དག་ཁྱེད་ཀྱིས་ནམ་ཡང་མ་གསན་མ་གཟིགས་པའི་ཚུལ་བཞུགས་དོན་གང་ཡིན་ན། སྙི་མོ་བལ་འཇམ་གྱིས་རྩེ་ཆས་ཆུང་ཆུང་ཁྱེད་ལ་མཁྲེག་པོ་ངར་ལྕགས་ཀྱི་སྲོག་སྙིང་སུས་བསྒྲིགས་སོང་ལགས། གསུངས་དང་། །

2011/12/24

ཨེ་རག


Bomb blasted སྙིང་རྗེ་མི་སྐྱེ་བའི་བྱེ་ཐང་ཞིག་ན། ཡོད་ཚད་ཐམས་ཅད་གནོད་སེམས་དང་ཕྲག་དོག འཁོན་འཛིན། འདོད་རྔམས་སོགས་མཉམ་གཅིག་ཏུ་བསྲེས་ཏེ་སྦྱར་བའི་རྫས་སྒྱོགས་དེ་གས་སོང་འདུག གཟིགས་དང་། དངོས་ཟོག་དང་ཁང་པ། མི་དང་དུད་འགྲོ་ཡོད་ཚད་མཉམ་གཅིག་ཏུ་བསྲེས་པའི་པའི་སླར་ཡང་སྡུག་བསྔལ་གྱི་འབར་རྫས་ཞིག་ཏུ་གྱུར་ནས་འདུག །

ཙ་རིའི་ཀྲད་པ་དང་ཨ་མའི་དད་པ། གཉིས་པ།

ཙ་རིའི་ཀྲད་པ་དང་ཨ་མའི་དད་པ། གཉིས་པ།
ད་ཚོད་དུམ་བུ་དང་པོའི་ལོ་རྒྱུས་དེ་བྱུང་ནས་མི་ལོ་སུམ་ཅུ་ལྷག་བརྒལ་ཟིན་ལ་ནོར་རྗེས་འདེད་མཁན་གྱི་བུ་ཆུང་སྣབ་འཛར་དེ་ད་ལྟ་དཔྲལ་བར་གཉེར་རིས་བབས་པའི་དལ་ཡོལ་ཞིག་དུ་གྱུར་འདུག་པས། དད་འདུན་ཟབ་པའི་ཨ་མ་ཁོང་ནི་རྣམ་པ་ཚོར་ཞུ་མི་དགོས་པར་སྐྲ་དཀར་གྱི་ཚར་ཞྭ་མནབ་པའི་བགྲེས་མོ་ལོ་ལོན་ཞིག་ཏུ་གྱུར་ལོས་ཡོད་ཨང་། སྟབས་ལེགས་པ་ཞིག་ལ་དེང་རབས་འཕྲུལ་རིག་གི་དཔལ་ཡོན་རབ་ཏུ་དར་བའི་གནས་སྟངས་བཟང་པོ་འདིའི་འོག་ནས་ཨ་མ་དངོས་སུ་མ་མཇལ་རུང་། རྒྱུན་དུ་དྲོད་ཁོལ་མ་ཡལ་བའི་ཞལ་གསུང་སྙན་མོ་དག་ལག་འཕྲིན་ནས་ཉན་ཆོག་ལ་མཚམས་རེ་་དྲྭ་ཐོག་མེ་ལོང་ནས་ཞལ་རས་ཡང་ཉི་མ་འདེ་འདེ་བྱེད་ཆོག

ཆེས་ཐ་མའི་མི་སྐད། ༡༠༽


༡༠། ཊེཝ་ཧྥིག་ཨེ་སེན།(Tevfik Esenç)༡༩༠༤ ནས་ ༡༩༩༢ ལོ་བར་བཞུགས། ཁོང་ནི་ཨུ་བྷཱུ་ཁུའི་སྐད་རིགས་སྨྲ་མཁན་ཐ་མ་དེ་ཡིན་པར་གྲགས། སྐད་རིགས་འདི་ནི་བྱང་ཁེའུ་ཁེ་ཤན་སྟེ་ཡོ་རོབ་ཤར་ཁུལ། མཚོ་ནག་པོའི་མཚོ་འགྲམ་ཁུལ་གྱི་ཤ་མདོག་དཀར་ལ་སྐྲ་སུ་ལུ་ཅན་གྱི་མི་རིགས་དག་གིས་སྨྲ་བའི་སྐད་རིགས་ཤིག་ཡིན་པར་བཤད། བར་སྐབས་ར་ཤི་ཡ་དྲག་པོས་དབང་བསྒྱུར་འོག་ཉམས་རྒུད་དུ་སོང་བ་འདྲ། གང་ལྟར་སྐད་རིགས་འདི་ཐ་མ་ཊོར་ཀས་ནང་དུ་གནས་ཤིང་དེ་ནས་རྦད་དེ་ཤི་བར་ཚར་བཤད། སྐུ་ཞབས་ཊེཝ་ཧྥིག་ཨེ་སེན་ལགས་ནི་རྣམ་དཔྱོད་གྲུང་ཞིང་སྐད་རིགས་ཁ་ཤས་མཁྱེན་མཁན་ཞིག་ཀྱང་ཡིན། སྤྱིར་ཁོང་གིས་སྐད་རིགས་སླར་གསོའི་བྱ་གཞག་ལ་ཆེ་མཐོང་གནང་ཞིང་། དམིགས་བསལ་ཨུ་བྷུ་ཁའི་སྐད་རིགས་སྨྲ་མཁན་ཆེས་ཐ་མ་དེ་ཁོང་རང་ཉིད་ཡིན་པ་འདུ་ཤེས་ཟབ་མོས་རང་གིས་འཇོན་ཚོད་ཀྱིས་ཟིན་བྲིས་དང་སྒྲ་འཇུག་སོགས་གང་ཐུབ་གནང་ཡོད་འདྲ། དེ་དག་ལས་ཁ་ཤས་ཡུ་ཊོབ་ནང་དུ་ཡང་གཟིགས་ཐུབ་ཀྱི་ཡོད། །  

2011/12/21

Christmas ཁ་རི་སི་མ་སི་དུས་སྟོན།


ཁ་རི་སི་མ་སི་དུས་སྟོན།  <སྟོན་པ་ཡེ་ཤུའི་འཁྲུངས་སྐར>

Image result for jesus animated gif


འགྲོ་བའི་དོན་དུ་བསམ་བཞིན་ཕེབས་ཀྱང་རུང་། །
ལས་ཉོན་དབང་གིས་འཁོར་བར་འཕངས་ཀྱང་ཆོག །
ཡ་རབས་དམ་པའི་ངང་ཚུལ་རྫོགས་རྒྱུར་པའི། །
 ཡབ་ཆེན་མ་ཤི་ཀ་(Jesus)ལ་གུས་པས་འདུད། །



ཝིར་ཇིན་མེ་རས་(Virgin Mary)མེ་ཏོག་གསར་པ་ཉིད། །
རྗོ་ས་ཧྥུ་(Joseph)ཡི་བག་མར་ཐོན་ཁ་མར། །
ཕ་མེད་ནལ་བུ་མངལ་དུ་འཁོར་འདུག་ཟེར། །
རྗེའུ་ལུགས་ལྟར་ན་རྡོ་རུབ་སྲོག་ཁྲིམས་ཡིན། །


རྗེ་ས་ཧྥུ་ཡང་ཚུལ་མིན་མིང་ཆད་དེར། །
ཞེ་ལོག་གཉེན་སྒྲིག་འདུན་པ་དོར་བའི་སྐབས། །
མར་རས་རྗེས་ཧྥུ་གཉིས་ཀའི་མནལ་ལམ་དུ། །
འདོད་རྒུར་དབང་སྒྱུར་ལྷ་ཡི་ཕོ་ཉ་ཡིས། །


ནལ་བུ་འདི་ཉིད་བྱིས་ཕྲུག་མ་ཡིན་ཏེ། །
བརྟན་གཡོའི་བྱེད་པོ་ལྷ་ཆེན་གྷོ་ཌི་(god)ཡིས། །
འགྲོ་བ་མི་དག་ཐར་ལམ་འཁྲིད་པའི་ཆེད། །
ལྷ་ཡིས་སྤྲུལ་པའི་མི་བུ་ཡིན་ལུང་བསྟན། །


སྤྱིར་ན་འགྲོ་བ་མི་དག་ལ་ལྷ་ལ་དགའ། །
དགོས་སུ་གནའ་མིའི་རེ་ལྟོས་ལྷ་ལ་འཆའ། །
རབ་རིབ་གཉིད་ལམ་ནང་གི་ལྷར་སྣང་དེས། །
དངོས་དོན་ཡེ་ཤུའི་མཛད་རྣམ་ཞལ་ཁ་ཕྱེས། །


མ་བརྟགས་མཛད་རྣམ་སྙན་པོའི་བུར་ཁུ་དེ། །
མི་ཤེས་བྱིས་པའི་རོ་འཛིན་མངར་མོད་ཀྱང་། །
མ་འཁྲུལ་རིགས་པས་བློ་སྒོ་ཅུང་ཕྱེས་ན། །
མི་བདེན་མཁྲིས་ཁུའི་རྒྱུ་རུ་ངང་གིས་གསལ། །


དོན་དུ་མར་རས་བློ་ཡིས་མ་ཐོངས་པར། །
རྒྱབ་ཏུ་བྱིས་ཕྲུག་ཁུར་ཡང་ལྟོས་མེད་ཀྱིས། །
ཁྱིམ་དུ་ཆུང་མར་བསུ་བའི་ཐབས་བྱུས་སུ། །
རྨི་ལམ་ལུང་བསྟན་འདི་འདྲ་བཤད་རྒྱུ་དྲན། །


རྗོ་སེས་མར་རས་ཆུང་མར་བསུས་པའི་རྗེས། །
པང་དུ་ཕ་མེད་བྱིས་པ་ཡེ་ཤུ་འཁྲུངས། །
བར་དུ་འཇིག་རྟེན་བྱེད་པོའི་ལྟ་གྲུབ་སྤེལ། །
ཐ་མ་རོ་མན་རྒྱལ་པོས་སྲོག་ཁྲིམས་བཅད། །

ད་ལྟ་འཇིག་རྟེན་ཟླུམ་པོའི་ཁྱོན་ཀུན་ན། །

ཁྲམ་རིས་ཅན་གྱི་བསྟན་པ་བླ་ན་མཐོ། །
རང་ཉིད་ནང་པའི་ཕྱོགས་སུ་མཁྲེགས་བཟུང་གིས། །
གཞན་ལུགས་ཡེ་ཤུའི་བསྟན་ལ་སྤྱོས་པ་མིན། །

2011/12/08

སྐྱོ།

 Image result for dusty evening
ཉི་མ་ནུབ་རིའི་མགོ་ཐོག་ཏུ་བབ་དུས། །
ཉི་འོད་ཡོད་ཚད་ཐལ་མདོག་ཏུ་གྱུར་འདུག །
ལྕང་སྡོང་ཁེར་སྐྱེས་སྟོན་མཇུག་ལ་ཐོན་དུས། །
ལོ་མ་སེར་པོའི་སློག་རུལ་དེ་འཛར་སོང་། །
དྭངས་གསལ་ཨ་སྔོན་མེ་ལོང་གི་ངོགས་སུ། །
ཁུག་སྣ་མོག་པའི་སེང་རས་ཞིག་བཀབ་སོང་། །
སེམས་པ་ཕྲ་མོའི་སེམས་རྟེན་གྱི་མེ་ཏོག །
དགུན་ལྷག་བཙན་པོས་བཙན་དབང་གིས་ཕྲོག་སོང་། །
ཟུང་ཁྲག་འཁྱགས་པའི་ཡ་ཆུང་གི་སྦུག་ནས། །
རྣམ་ཤེས་ཕྲ་མོ་གྲང་འདར་ལ་ཤོར་སོང་། །
འཆི་མ་མེད་པའི་མིག་ཟུང་གི་ངོགས་སུ། །
འཚོ་བ་ཟད་པོའི་སྐྱ་རིས་དག་བྲིས་སོང་། །

2011/12/07

སྐྱ་མ་བན།

དོན་ཡང་དག་ཆོས་དང་འཇིག་རྟེན་གཉིས་ཀྱི་བར་དུ་ཡང་དབུ་མ་ཞིག་ཡོད་དམ། དེང་སང་བོད་ནང་པའི་བླ་ཆེན་རྣམ་པས་མཚོན་ཏེ་ཕྱི་ཚུལ་ནས་༸གོང་ས་མཆོག་གི་ལུང་དུམ་རེ་ཁ་ལ་ཁྱེར་ཏེ་ཐམས་ཅད་ཡོད་ཚད་པོ་དབུ་མའི་ལམ་རྐྱང་རྐྱང་རེད། སྤྱིར་ཡར་མཐོ་ས་ལྷ་ཆོས་ནས་བཤད་ན་ཐབས་ཅན་སྟོང་པར་སྨྲ་བ་ཀླུ་སྒྲུབ་དང་གཞི་ལྔ་བདེན་གྲུབ་ཏུ་འདོད་པའི་བྱེ་སྨྲ་གཉིས་ཀྱང་མི་འགལ་ཚུལ་དང་།

བཙས་སྐར།

བཙས་སྟོན་འཁྲུངས་སྐར་མ་ཟེར། །
བསྒྲུབས་པའི་བྱ་གཞག་མེད་པར། །
ནམ་དང་ཉི་མ་ཤོར་ཏེ། །
ཨ་ཐང་ཆད་པའི་ཉིན་རེད། །
མདུན་ལ་སྤྲུ་ཐུད་བཤམ་སྟེ། །
མཆོད་མེ་ཕུས་ཡིས་བསད་མེད། །
རྒྱབ་ལ་གཟབ་འཆོར་སྤྲས་ཏེ། །
སྤྲོ་བས་དགའ་འབོད་བྱས་མེད། །
འཁོར་དུ་མཛའ་གཤེས་འདུས་ཏེ། །
བཀྲ་ཤིས་ཁ་གཡང་མི་འདུག །
ང་དང་ཁང་སྟོང་ངེད་གཉིས། །
གཅིག་ཡུས་གཅིག་འཕོ་བཞིན། །
ཞོ་ཁོག་བག་ལེག་གཉིས་ཀྱིས། །
གྲོད་པའི་བུ་ལོན་སོད་སོང་། །

2011/12/06

སློབ་ཕྲུག་ཡེ་ཤེས་རྡོ་རྗེ་ལགས།



བློ་དང་རིག་པ་ཉི་བཞིན་གསལ་ཀྱང་ཧོན་མ་འཐོར། །
གུས་ཞུམ་དཔྲལ་གོར་ས་ལ་ཕབ་ཀྱང་ངོར་མི་ལྟ། །

ཡིག་རྒྱུགས་ཨང་ཀི་གོ་དགུ་བླངས་ཀྱང་སྨོན་མི་འཆོར། །
ངོས་ལྐོག་གཉིས་ལ་ངོ་གདོང་གཅིག་པའི་རང་ཚུགས་དེར། །
བཅོས་མིན་སེམས་ཀྱི་དུང་ཁ་ཤོར་སོང་མེས་པོའི་ཚ་བོ་ཆུང་ཆུང་ལགས། །

ཡ་མ་ཟུང་གི་དེང་དུས་བོད་ཀྱི་གཞོན་སྐྱེས་ཚོ། །
མགོ་སྤུ་སེར་པོ་གནམ་དུ་ཀེར་བ་ཡར་ཐོན་རེད་དམ་བྱ་དེ་རེད། །
འཕོང་མགོའི་དོར་ཆབ་རྒྱིད་པར་ཕབ་པ་དེང་རབས་རེད་དམ་ངོ་ཚ་རེད། །
རྒྱུགས་རྭར་དྲི་ཤོག་སྦས་ཏེ་འཁྱེར་བ་འཇོན་པོ་རེད་དམ་འུ་ཐུག་རེད། །

ཁོ་བོས་དཔྱད་ན་སྔ་ཕྱི་གཉིས་ལས་ཕྱི་མ་ཕྱི་མ་རྐྱང་རྐྱང་དང་། །
བུ་ཆུང་ཡེ་རྡོར་ཕྱི་མ་དག་གི་ལྡོག་དང་འགལ་ཟླ་རྐྱང་རྐྱང་རེད། །
དབུ་ནག་བོད་ཀྱི་དབུ་སྐྲ་སྨུག་པོ་ཁྱེད་ཀྱི་དབུ་ན་ཤམ་མེར་ཡོད། །
དོར་ཆབ་དགོས་སའི་སྐེད་པའི་དཀྱིལ་དུ་མཐོ་དམན་རན་པར་ཁྲིགས་སེ་ཡོད། །

དྲི་ཤོག་མི་དགོས་སེམས་པའི་ནང་དུ་གང་དང་གང་དགོས་གསལ་ལེར་ཡོད། །
འགའ་རེས་ཟེར་ན་བསོད་ནམས་གྲུང་ཟེར་རྒྱུན་དུ་གཅེས་ཤིང་བརྩེ་བར་བྱེད། །
གཞན་གྱིས་གསུངས་ན་ལྷ་མོ་མཛེས་ཟེར་སེམས་ཀྱིས་གཏིང་ནས་དགའ་དུང་བྱེད། །
ཁོ་བོས་བྱས་ན་ཁྱེད་གཤིས་མ་བཅོས་དྲང་ཚུགས་འདི་ལ་གཞན་གྱིས་འགྲན་དུ་མི་བཟོད་སྙམ། །

ཆེས་མཐའ་མཇུག་གི་མི་སྐད།



༡༡། ནེཌ་མཌྜེལ། (Ned Maddrell )སྤྱི་ལོ་༡༨༧༨། ནས་༡༩༧༤ བཞུགས། ཤེས་རྟོགས་བྱུང་གསལ་ལྟར་ཁོང་ནི་མཐའ་མཇུག་གི་མནྶ་(Manx)སྐད་རིགས་སྨྲ་བ་པོ་ཡིན་ལ་གོང་གི་ཌོལ་ལས་ཕན་ཊརེ་ཐ་དང་དུས་མཉམ་ཡིན་པར་བཤད། འོན་ཀྱང་ནེཌ་མ་ཌྲེལ་གྱི་ཐད་ལ་ཡང་འདོད་ཚུལ་མི་འདྲ་བ་འགའ་རེ་ཡོད་པར་གྲགས། གང་ལྟར་ཁོང་ནི་སྐད་རིགས་གཅེས་སྲུང་གི་བགྱི་བ་ལྷུར་ལེན་ནུས་པའི་སྐྱེ་བོ་དམ་པ་ཞིག་ཡིན། སྤྱིར་ཁོ་རང་ཁ་རེག་ནེཤའི་(དབྱིན་ཇིའི་མཚོ་གླིང་ཞིག)ཉ་པ་ཞིག་དང་ཕྱོགས་གང་སར་འགྲུལ་བཞུད་གནང་མཁན་ཞིག་ཀྱང་ཡིན། མི་ཚེའི་མཐའ་མཇུག་གི་ལོ་རབས་ཁ་ཤས་ནང་དུ་ཨེསྶ་ལེའི་ན་གཞོན་སྐད་རིགས་བསྐྱར་གསོ་
བའི་དཔུང་ཁག་ལ་མནྶ་སྐད་རིགས་སློབ་འཁྲིད་དང་སྐད་གདངས་ཟིན་ཐོར་བཀོད་པ་སོགས་བྱས་ཏེ་སྐད་རིགས་ཉམས་གསོ་མི་དམན་པ་ཞིག་བྱས་ཡོད་སྟབས། ཁོང་རང་ཉིད་ཀྱི་བྱས་རྗེས་དག་ང་ཚོས་ཅིས་ཀྱང་བསམ་འོས་པ་ཞིག་ཡིན།  གང་ལྟང་ཁོང་གྲོངས་རྗེས་སྐད་རིགས་ཉམས་གསོའི་ཐད་དེ་གར་བྷནྶ་ཁོཡིལ་་གྷཱལ་གྷཱ་གྱི་(Bunscoill Ghaelgagh)ཞེས་པའི་སྔོན་འགྲོ་སློབ་གྲྭ་ཞིག་བཙུགས་ཏེ་མནྶ་ཁོ་ན་སློབ་འཁྲིད་བྱེད་ཀྱིན་ཡོད། །

2011/12/04

ནུས་མེད་སྐྱེ་བོའི་ཉི་མོ།


རྒྱལ་ཡོངས་ནུས་མེད་སྐྱེ་བོའི་ཉིན་མོའི་རྒྱབ་ལྗོངས།
རྒྱལ་ཡོངས་ནུས་མེད་སྐྱེ་བོའི་ཉིན་མོ་ནི་མཉམ་འབྲེལ་རྒྱལ་ཁབ་ཁག་གིས་མཉམ་ལས་ཀྱིས་འབད་བརྩོན་བརྒྱུད། ནུས་མེད་སྐྱེ་བོ་དག་ལ་ཡང་རང་རང་ལ་དཔོག་པའི་འཇོན་ནུས་རེ་ཡོད་པ་ཁོང་ཚོར་ཉམས་མྱོང་དང་ཤེས་རྟོགས་བྱུང་ཚུལ་གསལ་བསྒྲགས་དང་འབྲེལ་ཐོག་མའི་དུས་ཆེན་སྲུང་བརྩི་༡༩༩༢ ལོར་ཞུས་ཡོད། འདི་ནི་འཛམ་གླིང་ནང་གི་ནུས་མེད་སྐྱེ་བོ་དག་ལ་ཐུགས་ཁུར་ཆེ་བཞེས་ཀྱི་བྱ་གཞག་རླབས་ཆེན་ཞིག་དང་ནུས་མེད་སྐྱེ་བོ་དག་གི་ཐད་ལ་དོན་དངོས་ཀྱི་ཤེས་རྟོགས་གསར་པ་གོང་འཕེལ་དུ་གཏོང་ནུས་པ་སྟེ། དཔེར་ན་ནུས་མེད་ཀྱི་སྐྱེ་བོ་ནི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་སོགས་སྤྱི་ཚོགས་ཧྲིལ་པོའི་ནང་ཁྱབ་ནས་ཡོད་པ་རེད།
སྤྱིར་ན་འཛམ་གླིང་གི་མི་མང་ཕྲག་ཁྲིག་ཕྱེད་ལས་བརྒལ་བར་ནུས་མེད་ཀྱི་གནས་སྟངས་ཡོད་པ་སྟེ་སེམས་ཁམས་དང་། གཟུགས་ཁམས། ཚོར་ཤེས་མེད་པ་སོགས་ཀྱིས་མཚོན་ཡོད། ཁོང་ཅག་ས་ཕྱོགས་ཡུལ་གྲུ་གང་ཞིག་ཏུ་ཡོད་ཀྱང་རུང་ནུས་ཤུགས་ཀྱིས་མ་འདང་བ་འམ། སྤྱི་ཚོགས་ཀྱི་གཅད་མཚམས་འོག་ནས་འགུལ་ས་མེད་པའི་གནས་སྟངས་ཚབས་ཆེན་ཞིག་ཆགས་ཡོད། འོན་ཀྱང་འདས་པའི་ལོ་རབས་གཉིས་ཀྱི་རིང་ནུས་མེད་སྐྱེ་བོའི་ཐད་ལ་ལྟ་ཚུལ་གསར་པ་བྱུང་ཡོད་པ་སྟེ། གཅིག་
༡༩༨༡ ལོར་རྒྱལ་ཡོངས་ལོ་འཁོར་ནུས་མེད་ཀྱི་ལྷན་ཚོགས་ཚོགས་ཏེ་ཁྱབ་བསྒྲགས་བྱས་ཡོད། གཉིས། ༡༩༨༣ ནས་༡༩༩༢ བར་གྱི་རྒྱལ་ཡོངས་ལོ་རབས་ནུས་མེད་ལྷན་ཚོགས་འཚོགས་ཐོག་ནུས་མེད་སྐྱེ་བོ་དག་ལ་ཡང་སྤྱི་ཚོགས་ནང་ལས་གནས་སོགས་འདྲ་མཉམ་གྱི་ཐོབ་ཐང་དགོས་སྐོར་ཁྱབ་བསྒྲགས་བྱས་ཡོད། །
མདོ་དོན་ལོ་རེའི་ཕྱི་ཟླ་༡༢། ཚེས་༣ ཉིན་པོ་དུས་ཆེན་སྲུང་བརྩི་ཞུ་བཞིན་པ་ལྟར་ཁོ་བོས་ཀྱང་ང་ཚོ་བོད་ཡིག་ཀློག་མཁན་ཚོར་སྐལ་བ་མ་ཆད་ཙམ་དུས་བྲིས།

ཆེས་མཐའ་མཇུག་གི་མི་སྐད།

དེང་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གཞུང་དང་ཤེས་ཡོན་ཚན་པས་(UNESCO)འཛམ་གླིང་ཉེན་ལྡན་སྐད་རིགས་ཁག་གློག་རྡུལ་གཅད་ཁྲའི་ནང་དུ་བཏོན་གསལ། དེང་གི་སྐད་རིགས་ 6500 ནང་གི་ཕྱེད་ཀ་ཙམ་ཉེན་ལྡན་སྐད་རིགས་ཀྱི་གནས་སུ་གྱར་ཡོད་ཅིང་དེ་དག་རྒྱལ་ཁབ་མ་འཇིགས་པའི་སྔོན་ནས་སྐད་རིགས་བརླག་འགྲོ་རྒྱུའི་སྔོན་དཔག་གནང་ཡོད། སྤྱིར་སྐད་རིགས་ 100 ཙམ་རྦད་དེ་རྩ་མེད་སོང་ཚར་ཡོད་ལ་དེ་དག་ལས་ཁག་གཅིག་ལ་བརླགས་ཤུལ་གསལ་པོ་ཡང་མེད་མོད་ཁག་གཅིག་ལ་སྒྲ་འཇུག་དང། བརྙན་ཕབ། ཟིན་ཐོར་བཀོད་པ་སོགས་གཞི་བྱས་ཏེ་མཇུག་མཐའི་ཕ་སྐད་སྨྲ་བ་པོ་སུ་ཡིན་པ་ང་ཚོས་ཏན་ཏན་གསལ་པོ་ཤེས་ཐུབ་ཀྱི་ཡོད།

དེས་ན་ཤི་ཟིན་པའི་སྐད་རིགས་བརྒྱ་ཕྲག་ལས་མཇུག་མཐའི་ཕ་སྐད་སྨྲ་བ་པོ་བཅུ་གཉིས་རིམ་པ་བཞིན་ལུགས་ལྡོག་ཏུ་བཀོད་ན།

12. Dolly Pentreath ཌོལ་ལས་ཕེན་ཊརེ་ཐ། སྤྱི་ལོ་1777 ལོར་གཤེགས་ཟིན།
ཁོང་ནི་ཁོར་ནི་ཤིའི་(traditional Cornish)མཇུག་མཐའི་ཕ་སྐད་སྨྲ་བ་པོ་ཡིན་པ་དང་དུས་ཚོད་ཀྱང་ཁོང་མོའི་དུར་རྡོ་ལས་གསལ་ཞིང་དུར་རྡོ་ད་རུང་གནས་ཡོད། སྤྱིར་ཁོང་མོ་ན་གཞོན་སྐབས་གཞི་ནས་དབྱིན་ཇི་བསླབས་པ་ཡིན་ལ་ཁོང་གིས་རང་ཉིད་ཀྱི་ཕ་སྐད་ལ་དུང་ཞེན་ཆེ་བའི་ཆེས་མཐའ་མཇུག་གི་ཚིག་གཅིག་སྟེ་"མེ་་ནེ་་ཝིདན་་་སེའོ་སེལ་་་སའོཛ་ནེཀ་"“Me ne vidn cewsel Sawznek!” སྟེ། (ངས་དབྱིན་སྐད་བཤད་འདོད་མེད་)ཅེས་གསུངས་ཡོད། ཤེས་གསལ་ལྟར་ན་མོས་རྒྱུན་པར་གང་ཟག་ལས་དུ་བ་འཐེན་ཞིང་མ་རངས་པའི་སྐད་ཆ་བཤད་ཀྱི་ཡོད་སྟབས་ཁག་གཅིག་གིས་གདོན་འདྲེའི་རིགས་ཡིན་པར་བསམ་གྱི་ཡོད་ཟེར། ལོ་རྒྱུས་བཤད་སྲོལ་ལ་རྩོད་རྙོག་ཡོད་པ་སྟེ། འགའ་རེས་"ཁོར་ནི་ཤིའི་"མཇུག་མཐའི་ཕ་སྐད་སྨྲ་བ་པོ་སྐྱེས་མ་ཌོལ་ལས་འདི་ཉིད་ཡིན་ཚུལ་དང་། ཕྱོགས་གཞན་པས་1890 ལོར་གཤེགས་ཟིན་པའི་འཇོན་ཌ་ཝེས་(John David) ཡིན་པར་བརྩི་བ་དང་། ཡང་གཞན་པ་འགས་ནི་དོན་དངོས་ཐོག་"ཁོར་ནི་ཤིའི་"སྐད་རིགས་ད་རུང་རྦད་དེ་ཤི་མེད་པར་བཤད།

འོན་ཀྱང་ཕྱིས་སུ་སྐད་རིགས་བསྐྱར་གསོ་ལམ་ལྷོང་གང་འཚམས་བྱུང་ཏེ་ 2002 དང་ 2008 སོ་སོར་ཡོ་རོབ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ནང་དུ་ངོས་འཛིན་བྱས་ཡོད་ཟེར། གལ་ཏེ་སྐད་ཆ་འདི་དག་རིགས་ལམ་རྩོད་མཁན་ཞིག་ལ་བཤད་ན་གད་མོ་འཆོར་བ་ལས་གང་ཡང་མེད་མོད་དབྱིན་རྩོམ་ན་འདི་ལྟར་བྲིས་འདུག 

11. མུ་འགོད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

2011/11/29

གངས་རིའི་བླ་མ།

རི་བོ་གྲུ་འཛིན་གྱི་མཚོ་ངོགས་སུ་ཁུ་སིམ་པའི་ཤིང་ལོའི་སྤྱིལ་བུ་ཞིག་ཏུ། སྤྱན་སྟོང་སྦར་མཐིལ་དུ་བཙུམས། ཕྱག་སྟོང་པང་ཐོག་ཏུ་ཕབ་སྟེ། མཉམ་གཞག་གི་མཆོད་ཆང་ལ་རོལ་བཞིན་བཞུགས་ཡོད་པའི་སྤྱན་རས་གཟིགས་ལགས། ཁྱོད་རང་སྤྲ་མོ་གདོང་དམར་མའི་མག་པར་བྱོན་དུས་ཡབ་ཆེན་སྤེའུ་མཇུག་རིང་ལགས། འཛམ་གླིང་རྩེ་མོའི་ཡང་རྩེ་བསིལ་ལྡན་ར་བ་དཀར་པོའི་ཁྱོན་ན་མངལ་དབང་མཛད་སྐབས་སྟོབས་ཀྱི་མི་རྗེ་མེས་སྲོང་བཙན་སྒམ་པོ་ལགས། ཆེ་བཙན་ཇིན་གིར་ཚང་གི་མཆོད་གནས་སུ་ཕེབས་ཚེ་རྒྱལ་དབང་ཏཱ་ལའི་བླ་མ་ལགས། འཛམ་གླིང་གོ་ལ་ཟླུམ་པོའི་ཁྱོན་ན་ཆེ་བའི་གཟེངས་རྟགས་མཁའ་རུ་བཏེགས་རྗེས་འཛམ་གླིང་ཞི་བདེའི་དེད་དཔོན་དམ་པ་ལགས། དེང་སང་ཞབས་ཀྱི་པད་མོ་གང་ཞིག་ཏུ་བཀོད་ཅིང་ཞལ་གྱི་དགྱེས་འཛུམ་གྲོལ་བཞིན་ཡོད། ཞི་བདེའི་རོལ་དབྱངས་ཇི་ལྟ་བུ་ཞིག་འཁྲོལ་བཞིན་ཡོད། །

2011/11/28

དེ་རིང་།

ད་ལྟ་ངས་མངར་ཇ་དང་ཧེམ་བག་ཟ་བཞིན་ཡོད། ཚན་རིག་ནས་བཤད་ན་ཧེམ་བག་གིས་གཟུགས་ཁམས་ལ་ཧ་ཅང་གནོད་ཚབས་ཆེ་རབས་ཟེར་ཡང་ལེ་ལོ་ཅན་བདག་ལྟ་བུ་དག་ལ་སྟབས་བདེ་བའི་ཟ་མ་ཞིག་ཡིན་རྐྱེན་ངས་ཡང་སེ་ཟ་གི་ཡོད། ད་རུང་གསེར་མདོག་གི་ཉི་འོད་སེར་པོས་སྒེའུ་ཁུང་རྡུང་གིན་འདུག ངོ་མ་ཉི་འོད་ནི་ཅི་འདྲའི་མཛེས་ཤིང་སྡུག གལ་ཏེ་ཉི་འོད་མེད་ན་འཇིག་རྟེན་འདི་རིལ་པོ་མུན་ཁུང་གི་འཁྱམས་ཀླུང་སྡོག་པོ་ཞིག་ཡིན་ཁོ་ཐག གླེན་གཏམ་འདྲ་ཞིག་ཨེ་རེད། གཅིག་དེ་དགུན་གྱི་ནམ་ཟླར་ཉི་མ་མཁོ་ཆེ་སོང་བ་ཡང་ལོས་ཡིན་ཨ། 
འོ་རེད། ངའི་གྲོགས་པོ་ལྡི་ལི་ནས་སློབ་གྲྭའི་ཉེར་མཁོ་འགའ་ཞིག་བསྣམས་ཏེ་ད་ནང་ནམ་ལངས་མ་ཐག་ཐོན་སོང་། ཁོང་གི་ཁང་པའི་ལྡེ་མིག་ངའི་སར་ཡོད་སྟབས་ངའི་སྡོད་ཤག་ཏུ་འཛུལ། སྐབས་དེར་ཏག་ཏག་ང་ཁྲུས་ཁང་དུ་ངོ་འཁྲུད་ཀྱིན་ཡོད། ཁོང་གིས་དྲི་བ་ཞིག་དྲིས་བྱུང་བ་ནི་"ཁྱོད་ད་རུང་ཉལ་མེད་དམ་ཟེར།" ཧ་ཧ་ཧ་ཧ་ཧ། ངས་"མིན། ང་ལངས་བ་ཡིན"ཞེས་ལན་བཏབས་ཀྱང་ལན་དེ་ཁ་ནས་འདོན་བདེ་མོ་ཁྱོན་ནས་མ་རེད། །

ཉོབ་ཤོས།

མགོ་མེ་ཡིས་ཚིག་ཀྱང་འཕུར་ལོང་མི་འདུག
ཉིན་གང་ལ་རྩིས་འཕྲུལ་དང་འཐབ་འཐབ་ཀྱི་ཐ་མ་ང་ཕམ་སོང་། བཙལ་བཙལ་གྱིས་ཐ་མ་རྙེད་ཚར་བའི་བརྙན་ཕབ་གལ་ཆེན་ཞིག་སླར་ཡང་བོར་ཏེ་ཚུ་ཚོད་གཉིས་ཀྱི་རིང་ལ་རག་མ་སོང་། ངས་བརྙན་འཁོར་བཟོ་སྤྱད་མོ་ཝེ་ལའི་ཧྥི་མེག་ཀར་ནང་སྒྲིག་གིན་སྒྲིག་གིན་འཇལ་བཞིན་ཡལ་སོང་གདོན་དེ།
གདོན་གྱིས་ཁྱེར་སོང་བ་ཨེ་ཡིན་ན། C སྒམ་དང་ D ཌེ་སྒམ་གཉིས་ཀའི་ནང་དུ་མི་འདུག མཐའ་མ་དེར་འུ་ཐུག་སྟེ་ལོག་ནས་འོངས། དེ་རིང་གི་གཟའ་ཉི་མ་དེ་ཉོབ་ཤོས་ཤིག་ཆགས་སོང་། མ་གཞི་དེང་སང་ང་ལ་ཕྱག་སྟོང་སྤྱན་སྟོང་གི་སྤྲུལ་པ་ཞིག་ཡོད་ན་ནའང་ལས་ཉོག་ཚར་ས་མ་རེད། ལས་ཉོག་དེ་དག་རྣམ་པ་ཚོར་ཞུ་རྒྱུར། དོན་སྙིང་ལྡན་པའི་བྱ་བ་ཞིག་མ་རེད། ཙག་ཙིག་རང་རེད། ཡ། ཡ།མགྱོགས་ཐུག་ཤོག་ཁུག་ཅིག་སྦངས་ནས་དོ་དགོང་ནམ་བསྐྱལ་དགོས་པ་འདྲ། །

2011/11/23

ལྷག་དཀར།


དེ་རིང་ནི་ལྷག་པ་དཀར་པོ་རེད། 
རྩིས་ཡིག་རུལ་ཟད་ནས་བཤད་ན་ལྷག་པ་ནི་སྐྱེ་འགྲོའི་བླ་ལ་དབང་བའི་ལྷ་ཡིད་འོང་ཞིག་ཡིན་དང་འདྲེ་སྟོབས་ལྡན་ཞིག་ཀྱང་རེད། ཁོ་པས་གནམ་རིམ་པ་དགུ་ཡི་ཡང་སྟེང་ནས་སྐྱེ་འགྲོ་དག་ལ་དངོས་གྲུབ་ཆར་དུ་བསྙིལ་ཞིང་བར་ཆད་ཐོག་ལྟར་འབེབས་ཀྱིན་ཡོད་ཟེར། འོན་ཀྱང་མིང་ལ་ཨ་ལ་དང་གྷོ་ཌི་གཏན་ནས་མི་ཟེར། 
དབུ་སེར་ནག་གི་འགྲེང་མི་ཐུན་མོང་གི་སྙམ་ལམ་དུ། ལྷག་པ་ནི་ཕ་མཐའ་བྲལ་བའི་སྒྱུ་སྐར་གྱི་སྐོར་ལམ་རིང་མོ་ན། གོམ་འགྲོས་གཅིག་གིས་བཞུད་ཀྱིན་པའི་གོ་ལ་རིལ་རིལ་ཞིག་གི་གོམ་སྒྲ་རེད། གོམ་སྟབས་སུམ་བརྒྱ་དྲུག་ཅུའི་རྡོག་སྒྲ་རེད། རྡོག་སྒྲ་བདུན་ཕྲག་གཅིག་གི་གསུམ་པ་དེ་རེད་ལ། གཟའ་ཆེན་ལྷག་པས་རིགས་ཞེན་གྱིས་ལྭ་བ་དཀར་པོ་བཀླུབས་པའི་ཉིན་མོ་རེད།
ཡང་གཅིག་ལྷག་པ་དཀར་པོ་ནི། གཞིས་ན་སྐྱེས་ཤིང་བྱེས་སུ་འབྱོར་བའི་གསར་འགྱུར་བ་ཞིག་རེད་ལ།བྱེས་སུ་སྐྱེས་ཤིང་ནུབ་ཏུ་ཕྱིན་པའི་ཡང་འབྱོར་བ་ཞིག་ཀྱང་རེད། ལྷག་དཀར་ནི་མ་གི་བོད་ཀྱི་ཁྲོམ་སྲང་དུ་འཁྱར་བའི་སྤྲང་སློང་རེད་ལ། ཡར་གི་བླ་དཔོན་བཞུགས་གྲལ་ན་འཁོད་པའི་མི་དཔོན་རེད། ལྷག་དཀར་ནི་ཤོད་ཀྱི་ཁྲོམ་ས་ན་འཚོ་བའི་ཚོང་དཔོན་རེད་ལ། ཕུ་ཡི་རི་ལུང་ནས་བཞུགས་པའི་ཕྱུགས་རྫི་རེད། ལྷག་དཀར་ནི་ལྷ་དཀར་པོ་སྤྱན་རས་གཟིགས་ཀྱི་སྙིང་ཡིན་ཞིང་། སྔོན་པོ་ཕྱག་ན་རྡོ་རྗེའི་ནུས་མཐུ་རེད། ལྷག་དཀར་ནི་བཞུ་མི་ཐུབ་པའི་ལྷག་བསམ་ཀྱི་ཁ་བ་ཡིན་ལ། འཐོར་མི་སྲིད་པའི་ཆིག་སྒྲིལ་གྱི་ལག་རྡང་རིང་མོ་ཡིན། ད་རུང་ལྷག་དཀར་ནི་བྱང་འབྲོག་གི་འབྲོང་ཡིན་ཞིང་། རྩ་ཐང་གི་ནོར་ཡིན། ཕུག་གི་རྟེན་ཡིན་ལ་སྒོ་ཁའི་ཟོག་ཡིན། སྦྲང་དཀར་རྩམ་པ་ཡིན་ལ་འབྲུ་ཆང་སེར་མོ་ཡིན། འབྲི་མར་སེར་པོ་ཡིན་ལ་འབྲི་འོ་དཀར་མོ་ཡིན།
མདོར་ན་ལྷག་དཀར་ནི་ནམ་ཡང་དྲི་མས་མ་གོས་མི་གོས་གོས་པར་མི་འགྱུར་བའི་སྲིད་ན་རིང་བའི་ལྷ་རྫས་ཁ་བཏགས་དཀར་པོ་ཉག་གཅིག་ཡིན། །

2011/11/21

བསྟན་པར་དགྲ་ལན་གསུམ་བྱུང་ཚུལ།

བསྟན་པར་དགྲ་ལན་གསུམ་བྱུང་ཚུལ།
དང་པོ། སྟོན་པ་མྱ་ངན་ལས་འདས་ནས་ནང་པའི་གྲུབ་མཐའ་མང་པོ་ཞིག་བྱུང་སྟེ་དེ་དག་ཕན་ཚུན་མ་མཐུན་པར་གྱུར་ནས་བརྩད་པའི་དབང་གིས་སོ་སོར་གྱེས་ནས་ཡོད་ཐོག། བྲམ་ཟེ་རྒྱལ་གཤེས་ཀྱིས་རྒྱལསྲིད་འཛིན་སྐབས་ཁོའི་གཉེན་ཚན་རྒན་མོ་ཞིག་གིས་ནང་པའི་གཙུགས་ལག་ཁང་གི་གྷནྜི་བརྡུངས་བའི་སྒྲ་ཕཊ་ཊཱ་ཡ་སྟེ་མུ་སྟེགས་པའི་ཀླད་པ་འགེམས་ཞེས་པའི་དོན་དུ་གོ་བར་བསྙད་དེ་ནང་པའི་ཐོག་ཏུ་དམག་དྲངས། ཡུལ་དབུས་ནས་ཛ་ལན་དྷ་རའི་བར་གྱི་གཙུག་ལག་ཁང་མང་པོ་བསྲེགས་པ་དང་ཆབས་གཅིག་དགེ་སློང་རྣམས་བསད་པ་དང་ཡུལ་གཞན་དུ་བྲོས་དགོས་པ་བྱུང་ཡོད། དེ་རྗེས་བྷངྒ་ལའི་རྒྱལ་པོ་འཕེལ་བྱེད་ཀྱིས་ཆོས་གཞིས་ཉམས་གསོ་བྱས་པ་དང་གནས་བརྟན་བསམ་རྫོགས་ཀྱིས་མངྒ་དྷར་ཆོས་གཞི་དྲུག་བཅུ་བཙུགས་ཏེ་བསྟན་པ་སླར་གསོས་ཡོད། དེའི་ཚེ་རྒྱ་གར་ནུབ་ཕྱོགས་མོ་ཏཱ་ནའི་གྲོང་ཁྱེར་བཱ་ག་ད་ཟེར་བར་ཀླ་ཀློའི་ཆོས་ལ་དད་པའི་རྒྱལ་པོ་ཧལ་ལུ་ཞེས་པ་ཞིག་བྱུང་བ་ནི་རྒྱ་གར་དབུས་སུ་ཀླ་ཀློ་བྱུང་བའི་ཐོག་མ་ཡིན།

གཉིས་པ། རྒྱ་གར་དབུས་ཀྱི་རྒྱལ་པོ་དྷརྨ་ཙནྡྲ་དང་ཏ་ཟིག་གི་རྒྱལ་པོ་ཁུ་ནུ་མམ་པ་ཏ་གཉིས་མཚམས་རེ་མཐུན་ལ་སྐབས་རེ་འཁྲུག། སྐབས་ཤིག་རྒྱལ་པོ་དྷརྨ་མ་ཙནྡྲས་གོས་སྲུབ་མེད་པ་ཞིག་ཆེད་མདངས་ཏ་ཟིག་རྒྱལ་པོར་ཕུལ་བ་ན། ལྟས་དབང་གིས་གོས་དེའི་བྲང་ཐད་དུ་འཐག་རིས་ལ་རྐང་རྗེས་འདྲ་བ་ཞིག་བྱུང་བས་ངན་སྔགས་བྱས་པའི་ཐེ་ཚོམ་སྐྱེས། དེ་རྗེས་སླར་ཡང་ཤིང་ཏོག་མང་པོ་ཞིག་སྐྱེས་སུ་བསྐུར་སྐབས་སྟབས་མ་ལེགས་པར་བྲམ་ཟེའི་སྔགས་འཁོར་འཛུལ་བའི་ཤིང་འབྲས་ངང་ལག་ཞིག་སྐྱེས་ཀྱི་ནང་དུ་སོང་བ་ཏ་ཟིག་གི་རྒྱལ་པོས་མཐོང་ནས་ངན་སྔགས་བྱས་པར་སྙམ་ཏེ། དུ་རུ་ཀའི་དམག་དྲངས་ནས་མ་ག་ངྷའི་ཡུལ་བཅོམ་ཞིང་གཙུགས་ལག་ཁང་བཤིག ནཱ་ལེནྡྲ་ལ་ཡང་གནོན་སྐྱོན་ཚབས་ཆེན་བཏང་ངོ་། དེ་རྗེས་ཝཱ་རཱ་ཎ་སཱིའི་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱིས་རྒྱལ་པོ་གཞན་དང་མཐུན་ཐབས་ཀྱིས་གྲོགས་སུ་བཀུག་སྟེ་དུ་རུ་ཀའི་དམག་ཕམ་པར་བྱས་རྗེས་ནང་ཆོས་ཉམས་གསོ་བྱས་སོ། །

གསུམ་པ། ནཱ་ལེནྡྲའི་ལྷ་ཁང་དུས་སྟོན་ཞིག་གི་སྐབས་སུ་དགེ་ཚུལ་ཐ་ཤལ་བ་འགས་ཕྱི་རོལ་པའི་སྤྲང་པོ་གཉིས་ལ་ཁྲུས་ཁུ་གཏོར། སྒོ་གླེགས་ཀྱི་དབར་དུ་བཙིར། ཁྱི་རྦད་དེ་རྨུག་བཅུག་པར་དེ་གཉིས་རབ་ཏུ་ཁྲོས་ཏེ་ཉི་མ་བསྒྲུབས་ཏེ་ནང་ཆོས་རྩ་མེད་བཟོ་བར་ཐག་བཅད། གཅིག་གིས་འཚོ་བ་སྦྱར་ཏེ་གཞན་དེས་ཉི་མ་ལོ་བཅུ་གཉིས་ལ་འགྲུབ་སྟེ་ནཱ་ལེནྡྲ་སོགས་ནང་པའི་གཙུགས་ལག་ཁང་༨༤ པོ་ཐབས་ཅད་བསྲེགས་སོ། དེའི་རྐྱེན་པས་དེང་སང་ཐེག་ཆེན་གྱི་སྡེ་སྣོད་ཆ་བཅོ་ལྔ་ལས་གཅིག་ཙམ་ལས་མེད་པར་གྲགས། །

2011/11/19

ལྷ་ཡི་འཁྲུངས་ས།

རིན་པོ་ཆེ།
ལྷ་ཡུལ་ཡོ་རོབ་གླིང་ན། །
ལྷ་ལས་ལྷ་ཁང་གཡར་ཏེ། །
ལྷ་མོ་ཞིག་དང་ལྷན་དུ། །
ལྷ་ཁྱེད་འཁྲུངས་ས་བསྐྱོན་འདུག །



2011/11/17

ལོ་ན་རྒན་ཤོས་ཀྱི་མི།


ཨན་ཊི་ས་ཁཝིག་ཆ་ན་{Antisa Khvichava}ནི་རྗོར་རྗི་ཡའི་ནུབ་ཊབྷི་ལི་སི་ནས་སྤྱི་ལེ་༣༧༠ ཐམ་པའི་བར་ཐག་ཆོད་པའི་ས་ཆི་ནོ་ཞེས་པའི་གྲོང་གསེབ་ནས་ཡིན། ཁོང་མོ་༢༠༡༠ ལོར་མི་ལོ་ཧྲིལ་པོ་༡༣༠ ཐམ་པ་འཁོར་བའི་དགའ་སྤྲོའི་བཙས་སྟོན་མལ་ཁྲི་དྲོན་མོའི་སྟེང་དུ་ཞུས་ཡོད། ཨ་ཕྱི་ལགས་ཁོང་ནི་སའི་གོ་ལ་འདིའི་སྟེང་གི་འགྲོ་བ་མི་རིགས་ཀྱི་ལོ་ན་རྒན་ཤོས་དེ་ཡིན་འདུག་ཀྱང་། བར་ལམ་སྐྱེས་ཚེས་ལག་འཁྱེར་བོར་སྟོར་ཤོར་སྟབས་ལོ་ངོ་བཅུ་དྲུག་གི་རིང་ལ་ཁོང་མོའི་
སྐྱེས་ལོ་༡༨༨༠ ཡན་མན་ཡིན་པ་ཁ་གསལ་བྱུང་མེད། འོན་
ཀྱང་སོ་ཝེ་ཊིའི་(ར་ཤི་ཡིའི་དམར་པོའི་སྐབས་ཁྲིམས་བཟོ་ལྷན་ཚོགས་ཁག་)དུས་སྐབས་ཀྱི་ཡིག་ཆ་རྙིང་པའི་ཁྲོད་ནས་ཁོང་མོ་དུས་རབས་བཅུ་དགུ་པའི་ཕྱེད་ཕྱི་མའི་ནང་སྐྱེས་ཡོད་པ་ར་སྤྲོད་བྱུང་ཡོད། རྒྱུན་ལྡན་མ་ཡིན་པ་ཞིག་ལ་ད་ལྟ་ལོ་ན་༧༠ ལ་སོན་པའི་ཁོང་མོའི་བུ་རྒན་པ་དེ་སྐྱེ་སྐབས་མོ་རང་ལོ་ན་དྲུག་ཅུ་ཡོངས་སུ་ཟིན་ཚར་དགོས།
གང་ལྟར་ད་སྐབས་ཨ་ཕྱི་ཨན་ཊི་ས་ཁཝིག་ཆ་ན་ལ་ཁྱིམ་ཚང་ཆེན་པོ་ཞིག་ཆགས་ཡོད་པ་སྟེ་བུ་དང་། ཚ་བོ་༡༠། ཡང་ཚ་༡༢། ཡང་ཚའི་བུ་ཕྲུག་༦ བཅས་ཡོད་འདུག
མདོ་དོན་ཨ་ཕྱི་ཨན་ཊི་ས་ཁཝིག་ཆ་ན་ལགས་ནི་སྤྱི་ལོ་༡༨༨༠། ཟླ་བ་༧། ཚེས་༨ ལ་སྐྱེས་ཤིང་ཨ་ཕྱིས་གསུངས་ན་ཁོང་མོའི་མི་ཚེ་གང་པོ་བདེ་ཐང་ངང་བསྐྱལ་རྒྱུ་བྱུང་བ་དང་། མོ་རང་ལོ་ངོ་༨༥ མ་ཟིན་བར་ཨ་ཤོམ་གཏོག་སར་ལས་ཀ་བྱས་པ་ཡིན་གསུངས་ཡོད།
ཡིན་ནའང་དེང་སྐབས་རྒན་ཆོས་རིག་པའི་ལྷན་ཚོགས་
{The Gerontology Research Group }ཀྱིས་ལོ་ན་༡༡༤ ལོན་པའི་ཧྥརན་སིའི་ཨ་ཕྱི་ཨཱུ་རྗེན་ནཱས་བྷུ་ལེན་ཆར་ཌི་{Eugenie Blanchard}ལགས་ནི་ས་སྟེང་འདིའི་ལོ་ན་རྒན་ཤོས་དེ་ཡིན་པ་ངོས་འཛིན་བྱེད་ཀྱིན་ཡོད་འདུག །

སྒོ་ང་ཉོས་པ།

སྒོ་ང་ཉོས་པ།


བདག་མོས་རང་གི་ཁྱོ་བོར། "ཁྱེད་རང་ཁྲོམ་དུ་ཕེབས་ནས་ང་ལ་འོ་མ་སྒམ་གཅིག་ཉོ་རོགས།  གལ་ཏེ་ཁོང་ཚོར་སྒོ་ང་ཡོད་ན་དྲུག་བསྣམས་ཕེབས་དང་།"ཞེས་མངགས། 
ཁྱོ་བོས་ཡུན་རིང་མ་འགོར་བར་འོ་མ་སྒམ་དྲུག་ཁྱེར་ནས་ནང་དུ་སླེབས། ཆུང་མས། ''ཨ་་་་དཀོན་མཆོག་མཁྱེན། ག་རེ་བྱས་ནས་འོ་མ་སྒམ་དྲུག་ཉོས་ནས་ཡོང་བ་ཡིན།''ཞེས་དྲིས་པར། ཁྱོ་བོས། "ཁོང་ཚོ་ལ་སྒོ་ང་འདུག་གདའ་"ཞེས་ལན་བཏབ།།
                        

སྤྲུལ་སྐུ་ཁྲི་འདོན།
དགོན་པའི་ལས་བྱེད་མ་འབྱོར་བའི་སྔོན་དེར། ཨ་མས་བུ་བསྟན་འཛིན་ལ།''ཞྭ་མོ་སེར་མོ་དྲེག་པ་ཅན་དེ་ངའི་ཡིན་ལོབ་ཨ། ཤུག་ཏོག་གི་ཕྲེང་བ་ངའི་ཡིན་ལོབ། ད་རུང་ལྟོས་གདའ།  ང་མེད་ཤུལ་རིང་དགོན་པ་བདེ་འཚམས་ཡིན་པེ་དྲིས་ཨ། ཨ་མའི།''ཞེས་ཡང་ནས་ཡང་དུ་གདམས། ཅུང་མ་འགོར་བར་དགོན་པའི་ལས་སྣེ་བ་དག་ཕེབས་ཏེ་སྐུ་གོང་མའི་སྐུ་ཆས་འདྲ་མིན་སྣ་ཚོགས་སྤྲུལ་སྐུ་བསྟན་འཛིན་འཕགས་པའི་མདུན་དེར་བཀྲམ་བཞིན་པའི་སྐབས་སྤྲུལ་སྐུས་རང་འགུལ་གྱིས། '''ཨ་མས་ཞྭ་མོ་སེར་མོ་དྲེག་པ་ཅན་དེ་མོ་རང་གི་ཡིན་ལབ་སོང་། ཤུག་ཏོག་གི་ཕྲེང་བ་དེ་ཡང་མོ་རང་གི་ཡིན་ལབ་སོང་།ད་རུང་མོ་རང་མེད་ཤུལ་རིང་དགོན་པ་བདེ་འཚམས་ཡིན་་པེ་ཟེར་ལབ་རོགས་གྱིས་གསུངས་སོང་"ཞེས་ངག་སྐྱོར་མ་ཎི་བཏོན་པ་བཞིན་བྱས།།

2011/11/16

ལྷ་བབས་དུས་ཆེན།

ལྷ་བབས་དུས་ཆེན།
Image result for buddha descending from heaven gifཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་མོ་ནི། ཡུམ་སྒྱུ་མ་ལྷ་མཛེས་མ་ལྷ་ཡུལ་དུ་ལྷའི་བུ་མོ་ཞིག་ཏུ་སྐྱེ་བ་བཞེས་ཡོད་པ་དེར་དྲིན་ལན་གསབ་སླད་སྟོན་པ་ལྷ་གནས་སུ་ཕེབས་ཏེ་ཆོས་གསུང་བཞིན་དབྱར་གནས་ཀྱང་མཛད། སྐབས་དེར་མི་ཡུལ་ནས་རྒྱལ་པོ་གསལ་རྒྱལ་སྟོན་པ་མཆོག་མཇལ་བར་རིངས་ཏེ་མཽ་གལ་བུ་བརྒྱུད་དེ་རྒྱལ་བ་མི་ཡུལ་དུ་ཕྱིར་འབྱོན་པར་གསོལ་འདེབས་ནན་ཏན་ཞུས་དོན་བཞིན། རྒྱལ་བ་ལྷ་ལས་མི་ཡུལ་དུ་བབས་གནང་བའི་དུས་ཚེས་ཁྱད་པར་ཡིན་སྟབས་མཆོག་གསུམ་བླ་རུ་བཀུར་བའི་ནང་པའི་སྐྱེ་བོ་དག་གིས་ཉིན་འདིར་"ལྷ་བབས་དུས་ཆེན་"སྲུང་བརྩི་ཞུ་བཞིན་ཡོད། ང་ཚོ་བོད་མི་རིགས་ཀྱི་སྤྱི་ཚོགས་ལ་མཚོན་ན་དུས་རབས་བདུན་པ་བརྒྱད་པ་ནས་བཟུང་ནང་པའི་ཡུལ་གྲུ་ཞིག་ཏུ་ཆགས་ཟིན་ཡོད་གཤིས། ད་བར་སྤྱི་སྒེར་ཚང་མས་རང་རང་གི་འཁོས་ཀ་ལ་ལྟོས་པའི་དུས་ཆེན་སྲུང་བརྩི་མ་ཉམ་པར་ཞུ་བཞིན་ཡོད། 

2011/11/15

སྤུན་ཆུང་གྲགས་པའི་རྩོམ།



ལོ་མང་མི་ཡུལ་འགྲིམ་པའི་ཉམས་མྱོང་དེ་མ་བསགས། །
གནས་སྐབས་ཤེས་རིག་སྦྱོང་བའི་དུས་བཟང་དེ་མ་རག །
དགོས་ངེས་ཕ་མར་བྱམས་པའི་བརྩེ་བ་ཡང་མ་ཤེས། །
ངོ་མ་མི་ཡུལ་འགྲིམ་པའི་དོན་གོ་འདི་ཆུང་སོང་། །
ཡ་རབས་བོད་པའི་རིག་གཞུང་མི་གཙང་བཞིན་སྤངས་ནས། །
མཁོ་མེད་ཆང་རག་དུ་བ་བདུན་རྩི་བཞིན་ལེན་པ། །
དེང་སང་ཡིན་མདོག་ཅན་གྱི་ན་གཞོན་དག་མཐོང་དུས། །
དབང་མེད་སེམས་པའི་རི་མོ་ན་བུན་བཞིན་ཡལ་སོང་། །

ཡོན་ཏན་གྱི་གླེང་གཞིའི་ས་བོན་མེད་ཀྱང་དངོས་མཐོང་གི་གནས་ཚུལ་ཤོག་དཀར་ལ་ཕབ་དགོས།
གངས་འཛིན་པ་་་་ཡོན་ཏན་ཉི་མ་ནས། །

ཐོག་མ།
བོད་ཀྱི་ཞིང་ས་ཐོག་མ། ཟོ་དང་རིང་མོ།
རྒྱལ་པོ་ཐོག་མ། གཉའ་ཁྲི་བཙན་པོ།
སྐུ་མཁར་དང་པོ། ཡུན་བུ་བརླ་མཁར།
གྲོང་ཚོ་དང་པོ། འཕྱིང་དབར་སྟག་རྩེ།
ལོ་ཙཱ་བ་ཐོག་མ། ཐོན་མི་སྃ་བྷོ་ཊ།
ཆོས་དཔེ་དང་པོ། སྤང་སྐོང་ཕྱག་རྒྱ་པ།
ལྷ་ཁང་དང་པོ། ཁྲ་འབྲུག་ལྷ་ཁང་།
རྫོང་ཐོག་མ། སྣེའུ་གདོང་རྫོང་།
དགོན་པ་དང་པོ། བསམ་ཡས་དགོན་པ།
རབས་བྱུང་གི་ཐོག་མ། སད་མི་མི་བདུན།
དཀར་ཡོལ་དང་པོ། དར་ཚེ་ཡིན།

ཡོན་ཏན་ཉི་མས་བཏུས།

2011/11/14

བྱིས་པའི་ཉིན་མོ་ངོ་སྤྲོད།



དུས་ཆེན་ངོ་སྤྲོད།
བྱིས་པའི་དུས་ཆེན་ནི་
ན་གཞོན་བྱིས་པ་དག་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོ་ཞིག་ཡིན།
དང་པོ།  རྒྱལ་སྤྱིའི་བྱིས་པའི་ཉིན་མོ།
༡༩༢༥ ཟླ་༦། ཚེས་༡ ཉིན་མོར་འཛམ་གླིང་བྱིས་པའི་བདེ་འཇག་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་སུ་ཝེ་རྫར་ལན་ཌིའི་རྗེ་ནི་ཝར་ཚོགས་ཏེ། ཚོགས་དུས་དེ་དང་བསྟུན་ཏེ་ཟླ་བ་དྲུག་པའི་ཚེས་གཅིག་ཉིན་མོ་བྱིས་པའི་དུས་ཆེན་གཏན་འབེབས་གནང་ཡོད་ཀྱང་རྒྱུ་མཚན་གང་ཞིག་ལ་བརྟེན་ཏེ་གཏན་འབེབས་བྱས་པ་ཁ་གསལ་བྱུང་མེད།  དུས་ཆེན་ཉིན་མོར་བྱིས་པའི་ཐོབ་ཐང་དང་འབྲེལ་བའི་གཏམ་བཤད་དང་། བརྙན་འཕྲིན་ལེ་ཚན། གསོལ་སྟོན་སོགས་སྤྱི་འགྲོས་ལྟར་གནང་སྲོལ་ཡོད།

2011/11/13

ཆར་ལཱི་ལོ་རྒྱུས་དང་། ཧི་ནཱ་གཏམ་བརྗོད་ཀྱི་བྱུང་རིམ




 ཆར་ལཱི།    རྐང་ཐང་མ།
སྐྱེས་མིང་།    ཆར་ལཱི། སཕེན་གསར་་ཆཕིན།
སྐྱེས་ཚེས།
     ༡༨༨༩། ཟླ་བ་ ༤། ཚེས་༡༦།
སྐྱེ་ཡུལ།        དབྱིན་ཡུལ། ལོན་ཌོན། ཝོལ་ཝོ་ཐ།

གཤེགས་ཚེས།   དགུང་ལོ་༨༨ དང་༡༩༧༧། ཟླ་བ་༡༢། ཚེས་༢༥་ཉིན་སུཝེ་རྫར་ལན་ཌིར་ཝ་ཝེས་ཀྱི་རང་ཁྱིམ་དུ།
ལས་གནས།  བཞད་གད་ཟློས་གར་བ་ཆེས་སྙན་གྲགས་ཅན་ཞིག ༼གློག་བརྙན་འབྲིང་གྲས་དང་། རོལ་དབྱངས། ལད་ཟློས་བཞད་གད་སོགས།༽
ཆབ་འབངས།    དབྱིན་ཇི་བ།
བཟའ་ཟླ་དང་པོ།   མི་ཌལ་ཌི། གར་རིསཱ། (m. 1918–1921)
༼བྱིས་པ་༡༽
བཟའ་ཟླ་གཉིས་པ། ལི་ཊ། གྷ་རེས། (m. 1924–1927)
༼བྱིས་པ། ༢༽
བཟའ་ཟླ་གསུམ་པ།  ཕཱུལ་ལེ་ཊེ། གྷོ་ཌར་ཌི། (m. 1936–1942)
བཟའ་ཟླ་བཞི་པ།  ཨཽ་ན། ཨོ་ནེེལ། (m. 1943–1977)
                                                           ༼བྱིས་པ ༨།༽
                                                                 
                                                                               མཚན་རྟགས།  
འདིའི་སྔོན་གྱི་ཧི་ནཱ་བསྒྱུར་རྩོམ་ལ་རྒྱབ་ལྗོངས་ཁ་གསལ་མ་བྱུས་སྟབས་གྲོགས་པོ་དག་གིས་དྲན་གསོ་གནང་དོན་ལྟར་ཁོ་བོས་ཁ་སྣོན་ཅུང་བགྱི་བར་སྤྲོ་སོང།

2011/11/11

ཧེ་ནཱ་ལགས། གཟིགས་དང་།

ཆར་ལི་ཆབ་ལིན་གྱིས་དཔའ་བོ་ཨེ་ཌན་ནཽལ་ཌི་ཧེེན་ཀལ་དང་། སྒེར་སྤྱོད་པ་ཊོ་མ་ནི་ཡའི་གཏམ་བརྗོད་འཁྲབ་པ།
ངས་རེ་བར་་་་་་ངས་དགོངས་དག་ཞུ་གི་ཡིན། ཡིན་ནའང་་་ང་བླ་ན་མེད་པའི་བཙན་པོ་ཞིག་བྱ་འདོད་མེད། བྱ་བ་དེའི་རིགས་ངའི་བྱ་བ་མ་རེད། ངས་སྐྱེ་བོ་སུ་རུང་ལ་དབང་བསྒྱུར་དང་སྟངས་འཛིན་བྱ་འདོད་ཡེ་ནས་མེད། གལ་ཏེ་ངས་ཐུབ་ན་སྐྱེ་བོ་ཚང་མར་རོགས་ཕན་རེ་བྱ་འདོད་ཡོད། འཇུའུ་དང་འཇུའུ་མ་ཡིན་པ། མི་རིགས་དཀར་པོ་དང་ནག་པོ་སུ་ཡིན་ཀྱང་ཆོག ང་ཚོ་ཚང་མས་གཅིག་ཕན་གཅིག་གྲོགས་སུ་བསྟེན་དགོས། འགྲོ་བ་མི་ཟེར་ན་དེ་འདྲ་ཞིག་རེད། ང་ཚོ་ཕན་ཚུན་བདེ་སྐྱིད་ཀྱིས་འཚོ་བ་སྐྱེལ་འདོད་པ་ལས་སྡུག་བསྔལ་གྱིས་མི་ཚེ་སྐྱེལ་འདོད་སུ་ལ་ཡང་མེད་ཚོད་རེད།

2011/11/10

ཅན་ཤིའི་སློབ་མ།

ཀུན་སྤྱོད་ངན་ཞིང་སློབ་སྦྱོང་ལ་ཆེ་མཐོང་མེད་པའི་སློབ་མ།

༢༠༡༡། ཟླ་བ་༡༡། ཚེས་༨་ལ། རྒྱ་ནག་ཤར་ཁུལ་ཅན་ཤི་མངའ་སྡེའི་ཅན་ཤན་རྫོང་སློབ་འབྲིང་གི་སློབ་མ་ཚོ་འཛིན་ཁང་ཕྱིར་ཐོན་ཏེ་སྒོ་ཁྱམས་སུ་ཡིག་རྒྱུགས་གཏོང་གིན་འདུག་པའི་སྣང་ཚུལ་རེད། སྤྱིར་སློབ་མ་དག་སྒོ་ཕྱི་ཐོན་དགོས་དོན་མེད་པ་སྟེ་དེང་སྐབས་ས་གནས་དེ་གར་གནམ་གཤིས་ཚ་ཚད་བཅུ་གྲངས་ཆག་གཤིས། སློབ་མ་དག་གྲང་འདར་རྒྱག་པའི་སྒང་ཡིན་འདུག །

2011/11/09

ཨ་མ།

ཨ་མ་ལགས།
རི་བོ་དང་ཆུ་བོ་སྟོང་ཕྲག་བསྣོལ་བའི་ཕར་ནང་ནས། སྐྲ་ལོ་དང་སྐྱོ་སེམས་རླུང་བུས་བསྐྱོད་པའི་རི་སྒང་ནས། དྲན་སེམས་དང་དུང་སེམས་འབུམ་ཕྲག་འདྲེས་པའི་མདུད་མཚམས་ནས། གསོལ་འདེབས་དང་སྨོན་ལམ་ལྷ་ལ་བསྐུར་བའི་དབྱངས་རྟའི་ཁྲོད། བུ་རུལ་གྱི་བྱད་གཟུགས་གཟིགས་པར་རིངས་སམ་ཨ་མ་ལགས།

2011/11/08

ཞོགས་པ་དང་ཞོགས་ཇ།



གསེར་གྱི་ཉི་གཞོན་རི་རྩེ་ནས་བཞེངས་དུས། །
དགྱེས་པའི་འོད་འཛུམ་སྒེའུ་ཁང་ནས་སྐྱོང་འདུག །
དྲོ་ལ་འཇམ་པའི་ཉི་འོད་ཀྱིས་འཁྱུད་པའི། །
མཛེས་ཤིང་སྡུག་པའི་མི་ཡུལ་འདི་སྐྱིད་པ། །

བསིལ་ཞིང་དྭངས་བའི་མཁའ་དབུགས་རེ་འཐུང་དུས། །
དྲི་འཛིན་རྒྱལ་མོ་དགའ་སྤྲོ་ཡིས་མྱོས་སོང་། །
མ་བཀྲོལ་རང་བྱུང་བྱེའུའི་སྐད་ཀྱི་རོལ་མོས། །
སྒྲ་འཛིན་རྔ་ཆེན་དགའ་འབོད་ཀྱིས་འུར་སོང་། །

མངར་ཇ་དྲོད་མོ་ལྕེ་གཏིང་དུ་སྐྱིལ་དུས། །
ལྷུ་དྲུག་གཟུགས་གཞི་བྲོ་བཅུད་ཀྱིས་བཟི་སོང་། །
སྒོང་ཆུ་བྱུག་པའི་ཧེམ་བག་གི་གསོལ་བ། །
ལྷ་ཡི་ཞལ་ཟས་མ་འབད་ཀྱང་གྲུབ་འདུག །

2011/11/07

དམ་བཅའ་གཉིས་པ།

ངས་དམ་བཅའ་ཕལ་ཆེར་ཁྱེད་ཀྱི་ལྐོག་ན་འཇོག་ཅིང་ངའི་དམ་བཅའ་ཡོད་ཚད་ཁྱེད་ཀྱི་མདུན་དུ་འཇིག་འགྲོ་བ་འདི་རྒྱུན་ལྡན་ཞིག་རེད་ཨང་། 
ཁ་སང་ས་སྲོད་ཀྱི་བྱང་ཐང་ན་སྡང་བའི་བཙག་སེར་དང་འདྲ་བའི་ཁྱེད་ཀྱི་རྣམ་འགྱུར་རེ་རེ་མཐོང་དུས། ངས་ཡ་ཐོད་ལ་བབས་པའི་གཉེར་སུལ་དང་འགྲམ་རྩ་རུ་བཞད་པའི་སྐྲ་དཀར་ལ་ལེ་བདའ་སྟོང་ཚར་རེས་སྤྱོས་སྟེ་“ངས་ནམ་ཡང་ཁྱེད་སུན་དུ་མི་འཇུག” ཟེར་བའི་བརྗོད་ཚིག་གཅིག་པོ་འདིས་དམ་བཅའ་ཁྲི་ཕྲག་ལ་མཚན་རྟགས་རེ་རེ་བཞིན་བཀོད་ཡོད། འོན་ཀྱང་ད་རུང་ངས་ཁག་ཐེག་བྱ་མི་སྤོབས་པ་ནི། ཞོགས་འཚོགས་ཀྱི་གྲལ་རིམ་གོང་འོག་ནས་མངོན་ཆུང་ཟུར་མིག་གི་ཆོམ་རྐུན་འཇུག་པའི་ལང་ཤོར། བགྲོད་ལམ་གྱི་གར་སྟེགས་ནས་རྒྱབ་གཟུགས་ཀྱི་ཟློས་གར་ལ་ལྟ་རྒྱུའི་ལང་གོམས། ད་རུང་ཁྱེད་ཀྱིས་ཐེམ་སྐས་གོང་མ་ནས་ཕྱི་མིག་རེ་གཟིགས་དུས་ངས་ཏག་ཏག་སྐས་རྟིང་ནས་བསྒུགས་ཏེ་ཡོད་པའི་གོམས་གཤིས་འདི་དག་ངའི་ཀླད་ཆེན་གྱི་མ་དེབ་ནང་དུ་ཡོངས་སུ་བཀོད་ཟིན་སྟབས་གློ་བུར་དུ་མཚམས་ཇི་ལྟར་འཇོག་ཐུབ་བམ། ད་ནང་། ད་རུང་ཉི་འོད་འོད་ལས་འཚེར་བའི་ཁྱེད་ཀྱི་མཛུམ་ཞལ་དྭངས་མ་དེས་ངའི་དམ་བཅའི་བ་མོ་བཞུ་ལ་ཉེ་སོང་། རེ་བ་མེད་པའི་འདུན་པ་ཞིག་སྐྱེ་རུ་འཇུག་སོང་། །

2011/11/04

དགོང་མོ།

Related image

སྤྲིན་པ་ནག་པོ་རླུང་བུས་དཀྲུགས་སོང་། །
ལྗོན་ཤིང་སེར་པོའི་ལོ་མ་བྲུལ་སོང་། །
གྲང་རླུང་གཟེར་མོས་ངོ་གདོས་བྲབས་སོང་། །
སེམས་པ་སྐྱ་མོ་མུན་པར་བདས་སོང་། །

ཉི་མ་སེར་པོ་རྒྱང་དུ་བཞུད་རྗེས། །
ལེ་དབར་སྟོང་གི་ཕར་རོལ་ཞིག་ནས། །
མུན་པའི་ཁྲོད་ཀྱི་སྐར་མ་འོད་ཆེམ། །
ཡིད་ཐང་ཆད་པའི་སྐྱོ་རོགས་མིན་འགྲོ །

སྒེའུ་ཁུང་ནང་གི་ཡོལ་བ་ཟད་པོ། །
སྐོར་རླུང་འཚུབ་མའི་འགྲོས་དང་བསྟུན་ཏེ། །
དྲག་ཤུལ་ནུས་པས་རྡེག་ཐེངས་རེ་རེས། །
དྲན་པའི་གཏིང་ནས་ཟུག་གཅིག་བསླངས་སོང་། །

ཉེ་མ་རྒྱང་གི་རི་གྲོང་གསེང་ནས། །
ཁྱི་སྤྱང་ངུས་པའི་འོ་དོད་གཟན་མོས། །
རྣ་བའི་རྔ་ཆེན་ཐོལ་གྱིས་ཕུག་ཏེ། །
དྲན་པའི་ཁྲམ་མཚོ་ཤད་ཀྱི་བསྐྱམས་སོང་། །

2011/11/02

སྒེ་ཁུང་།

ལག་རིང་གནམ་དུ་མ་བསྙབ་དང་། །
དེ་ན་བླང་རྒྱུ་ཅི་ཡང་མེད། །
འཇོན་པོ་མེད་པའི་འཇོན་མདོག་དེ། །
རང་རྒྱུས་མི་ལ་ངོམ་རོགས་རེད། །

སྦ་ཁུང་སྟོང་པའི་བར་འཚང་དུ། །
ཚགས་ཤོག་རྒྱོང་བའི་ཐབས་ལམ་འདི། །
རང་མགོ་རང་གིས་གཡོགས་པ་ལས། །
གཞན་མགོ་སྐོར་བ་རྨི་ལམ་རེད། །

སྲན་མས་བརྡལ་བའི་གར་སྟེགས་སུ། །
རྐང་བྲོ་འགྱོགས་སོང་མ་དགོངས་དང་། །
ཨོང་ཤ་བརྡབས་པའི་བྲོ་བ་ཞིག །
མྱོང་གི་མེད་པ་སུ་ཡིས་ཤེས། །

ཐང་དཀར་ཐུ་ལུའི་བར་གསེང་ན། །
ཁྱེད་ནི་མཁའ་ལྡིང་ཁྱུང་ཆེན་རེད། །
རྒོ་བ་འདྲོགས་པའི་རྗེས་ཤུལ་ན། །
ཁྱེད་རང་ཤ་ཁྱི་དམར་པོ་རེད། །

མི་དཔོན་བླ་མའི་སྐུ་མདུན་དུ། །
ཁྱེད་ནི་ཉམས་ཆུང་ཁྱིའུ་ཞིག །
གཉོད་ཆུང་གྲོགས་ཀྱི་ཁ་སྔུན་ན། །
ཁྱེད་ནི་བརྗིད་པའི་སེང་གེ །

ཐམས་ཅད་འཛོམས་པའི་ཉིན་མོ་རུ། །
ཡོད་ཚད་བརྗེད་པར་འགྱུར་ཡང་སྲིད། །
ཐམས་ཆད་ཤོར་བའི་ཉིན་མོ་དེར། །
ཡོ་ཚད་དྲན་པ་ཁག་ཐེག་ཡིན། །

2011/10/31

ཕྱེ་མ་ལེབ།


animated butterfly
མཛེས་པའི་མེ་ཏོག་སྟེང་གི །
ཡིན་འོང་ཕྱེ་ལེབ་ཁྲ་མོ། །
རྩི་བཅུད་བཏུང་བས་མྱོས་ཏེ། །
ལྡེམ་འགྱུར་གར་ལ་རོལ་འགྲོ །
འོག་གི་མེ་ཏོག་བཀྲ་སོང་། །
སྟེང་གི་ཕྱེ་ལེབ་མཛེས་སོང་། །
ཟུར་གྱི་བུང་བས་བརྒྱན་སོང་། །
མཛེས་པས་ཡིན་དབང་ཕྲོག་སོང་། །
མ་རྙིད་མཛེས་པའི་མེ་ཏོག །
ཁྱེད་རང་ཡིན་ན་བསམ་སོང་། །
བཅུད་ལ་རོལ་བའི་ཕྱེ་ལེབ། །
ང་རང་ཡིན་ན་བསམ་སོང་། །
ཞིང་མངར་བཅུད་ཀྱི་ཉིང་ཁུ། །
རྫོགས་མཐའ་མེད་ན་བསམ་སོང་། །
བསྐལ་པ་མེས་ཡིས་ཚིག་ཀྱང་། །
ང་གཉིས་རྟག་ན་བསམ་སོང་། །
འཇིག་རྟེན་མགོ་རྟིང་ལོག་ཀྱང་། །
ང་གཉིས་བརྟན་ན་བསམ་སོང་། །

little hero

A real hero Tibetan little boy, who called Dolma kyab saved a child floated in lake.
 He's just 13 years old boy in midle school of Luchu county (Amdo). When he was going to school by Dawa lingkha (Moon gardern).

Suddenly He heard unclearly a child cried little far away. Immediately He rushed there and saw 2childern sadly cried and so nervously worried.

So, he realized there was happened something bad circumstances and He searched all surrounding. Exactly there was a child (5years) floated in the lake.

2011/10/30

རིག་འཛིན་སྒྲོལ་མ།

Image result for rigzin dolmaངས་སྔོན་ཆད་གླུ་མ་རིག་འཛིན་སྒྲོལ་མས་གཞས་''རི་མགོ་མཐོ་ལམ་བལྟས། །རི་དཔྱད་བཟང་ལ་བལྟས་ཡོད་''ཟེར་བའི་གཞས་དེ་གཏོང་སྐབས་མོ་རང་བུ་མོ་མདོག་ངན་ཞིག་ཏུ་བརྩིས་བཞག་པ་ཡིན། ཡིན་ནའང་འཇིག་རྟེན་འགྱུར་བའི་ཆོས་ཅན་ལ་བཤད་ཐག་ཆོད་པ་ཞིག་ག་ལ་ཡོད་དེ་རྨ་ཆུ་ཁུག་པའི་ལྷན་འཛོམས་སྐབས་སྔར་ལས་སུམ་འགྱུར་གྱིས་མཛེས་རུ་སོང་འདུག་པ་སྟེ། ནུ་འབུར་མངོན་དུ་ཆགས་ཤིང་ཕྲ་ལ་ལྡེམ་པའི་ལུས་གཟུགས་ཀྱི་ཆགས་ཉམས་ཀྱང་ཅུང་ཟད་བཞད་འདུག དེ་ལས་ཀྱང་རེབ་གོང་གསེར་མོ་ལྗོངས་སུ་ལྷན་འཛོམས་ཀྱི་གླུ་གཞས་སྙན་མོ་དེ་འགུགས་དུས། སྔར་གྱི་རིག་འཛིན་སྒྲོལ་མས་སྐྱེ་བ་གཞན་ཞིག་བརྗེས་ཚར་བའི་ཚོར་སྣང་ཞིང་སྟེར་ཞིང་ཁོ་མོའི་གཞས་དེ་བརྒྱ་ཚར་ནས་སྟོང་ཚར་བར་དུ་ཉན་ཡང་ངོམས་མི་ཤེས་པའི་དུང་ཞེན་ཞིག་ངང་གིས་སྐྱེས་སོང་། ཁ་སང་ངས་ཡུའུ་ཊུབ་ (youtube) ནས་རིག་འཛིན་སྒྲོལ་མའི་གླུ་གཞས་ཆེད་སྒྲིག་དང་«གངས་རིའི་སྐར་རྒྱན་»གྱི་དགོང་ཚོགས་མཛད་སྒོ་དེ་ཕར་ཆེར་ཆ་ཚང་བ་ཞིག ངལ་བར་མ་འཛེམས་པར་ཕབ་ལེན་བྱས་ཏེ་དགེ་སློབ་ལྷན་འཛོམས་ཐོག་ཚོགས་ཁང་དུ་སྟོན་རྒྱུའི་གོ་སྐབས་ཤིག་འདུ་བགྱིས། དུས་འདི་ནས་བཟུང་ངས་གླུ་མ་རིག་འཛིན་སྒྲོལ་མར་འདུ་ཤེས་འཛིན་སྟངས་འཛིན་གཞན་ཞིག་སྟེ་ངེས་པ་དོན་གྱི་མཛངས་མ་ཞིག་ཡིན་པའི་ངེས་ཤེས་རྙེད་སོང་།

2011/10/29

ཤར་དུང་རི་རྩོམ་པ་པོ།

རེ་གཟའ་མིག་དམར། 2011 ཟླ་བ་ 6 ཚེས་ 14 ཉིན་འོད་ཟེར་ལགས་ཀྱིས་སྤེལ་བའི་རྒྱ་རྩོམ་དབྱིན་བསྒྱུར་ཞིག་ལས་བསྒྱུར། །

དཔྱད་རྩོམ་འབྲི་མཁན་གྱི་བོད་པའི་རྩོམ་པ་པོ་དང་དགེ་རྒན་བཅུ་ཐམ་པ་སི་ཁྲོན་ས་གནས་སྲིད་གཞུང་གིས་བཙོན་དུ་བཀག་སྐྱིལ་དང་ཁྲིམས་ཐག་བཅད་"ཚུལ་འོད་ཟེར་ལགས་ཀྱིས་གསུངས་འདུག
དེའི་ནང་བཀྲ་ཤིས་རབ་བརྟན་གཅིག་ཡིན།


མིང་ 
– བཀྲ་ཤིས་རབ་བརྟན།
སྨྱུག་མིང་ 
– ཐེ་རང་།
ཕ་ཡུལ་ 
– སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་།
ཁྱད་ལས་
– རྩོམ་པ་པོ།
ཤེས་ཚད་ 
– ནུབ་བྱང་མི་རིགས་སློབ་ཆེན་ནས་ཐོན།
ད་ལྟ་ – བཙོན་པ། (ལོ་བཞིའི་རིང་)
འཛིན་དུས་ 2010
 ལོའི་ཟླ་བ་བཞི་པར།
ཉེས་མིང་ 
– རྒྱལ་ཁབ་བྲལ་གཏོང་བའི་རྩོམ་ཡིག་སྤེལ་བར་བསྙོན།
བརྩམ་ཆོས་ 
– ཤར་དུང་རི་། ཁྲག་ཡིག
བརྗོད་བྱ་ 
– ཁོང་གིས་ 2008ལོར་བོད་མིས་ཞི་བའི་ཁུ་ཚུར་གྱེན་དུ་བསླངས་ཏེ་རང་དབང་དགོས་པའི་རེ་འབོད་བྱས་པར་རྒྱ་གཞུང་གིས་མངོན་སུམ་མཛེམ་མེད་ཀྱིས་"བརྡུང་གཅོག་འཕྲོག་གསུམ་"བྱེད་མཁན་ཞེས་པའི་ཉེས་མིང་བཀལ་བ་དང་ཆབས་གཅིག མི་སྤྱོད་ལས་འདས་པའི་དྲག་པོ་མཚོན་གྱི་སོ་ཁ་བོད་པའི་བྲང་ཤ་རྗེན་པར་གཟས་ཏེ་"གསོད་བརྡུང་འཕྲོག་གསུམ་"བྱས་པའི་ངན་མཚང་དམར་རྗེན་དུ་བཏོན་པའི་"«ཤར་དུང་རི་»དང་«ཁྲག་ཡིག་»ཅེས་པའི་རྩོམ་ཡིག་གཉིས་རིན་ཆེན་ཚེ་སྲོག་གཏའ་མ་རུ་བཞག་སྟེ་འགྲེམ་སྤེལ་བྱས་པ་རེད། འཇིག་རྟེན་གྱི་ཁ་དཔེར་"མི་གནོང་ཡོད་དེ་ཁྲོ། རྟ་རྒྱབ་ཆད་དེ་འཕག"ཅེས་པ་ལྟར་མི་སྲུན་རྒྱ་མི་ཡིན་རུང་གཏམ་མཚང་ཐོག་ཏུ་ཕོག་ན་ཁ་མི་སྐྱེངས་བའི་ཐབས་ཅིག་ཞིག་མ་བྱུང་སྟེ་རྩོམ་པ་པོའི་བསམ་བརྗོད་རང་དབང་ཡོངས་སུ་ཕྲོགས་ཏེ་བཙོན་ཁང་དུ་ལོ་བཞི་ཐམ་པར་ཁྲིམས་ཐག་བཅད་ཡོད། །

2011/10/28

ཐ་ལན་ཌའི་ཆུ་ལོག

Bangkok residents sit in a truck as they drive away from a flooded area of the capital on 26 October 2011
2011 ཟླ་བ་11 ཚེས་ 27 ཉིན་མོར་ཐ་ལེན་ཌའི་རྒྱལ་ས་བྷེང་ཀོག་ལ་ཆུ་ལོག་གིས་གནོད་འཚེ་ཕོག་ཏེ་མི་མང་སྟོང་ཕྲག་མང་པོ་ཞིག་རྒྱལ་སའི་སྡོད་ཁྱིམ་གཡུགས་ཏེ་ཉེན་གཡོལ་དུ་འགྲོ་བཞིན་པ། 
ད་ལན་ཆུ་ལོག་འདི་ཤུགས་དྲག་ཧ་ཅང་ཚ་ཞིང་ཉེན་ཚབས་ཆེ་བའི་རང་བྱུང་གི་གོད་ཆག་ཆེན་པོ་ཞིག་ཡིན་སྟབས། ཉེན་གཡོལ་དུ་འགྲོ་མཁན་གྱི་མི་ཚོགས་མང་དྲགས་ཏེ་འཁོར་རིགས་བབ་ཚུགས་ལ་འཚང་ཁ་དང་གཞུང་ལམ་ཆེ་ཕྲ་ཕལ་ཆེར་འགག་སྟེ་དཀའ་ངལ་མི་ཆུང་བ་ཞིག་འཕྲད་ཡོད། དེ་མིན་ཆུས་བརྒྱ་ཆ་༩༠ ནུབ་སོང་བའི་བྱང་གི་རྫོང་ཁ་ཤས་ནང་གི་མི་དམངས་རྣམས་འཕྲལ་དུ་གནས་སྤོས་བྱས་ཡོད། ད་ལྟའི་ཆུ་ལོག་འདི་ལོ་བཅུའི་ནང་གི་ཚབས་ཆེ་ཤོས་དེ་ཆགས་ཡོད་ཅིང་རྐྱེན་ངན་འདིའི་ནང་དུ་མི་གྲངས་༣༦༠ ལས་བརྒལ་བ་རྐྱེན་ལམ་དུ་སོང་ཡོད། 

རྟགས། དམར་པོ། ཆུས་ཁྱབ་ཚད།
ནག་པོ། ཁྱབ་སྲིད་པའི་སྔོན་དཔག
དཀར་པོ། འགོག་སྲུང་བྱས་ཁག
Map

2011/10/27

དྷི་ཝ་ལི། Diwali

Related image
དྷི་ཝ་ལིའི་དུས་ཆེན་ངོ་སྤྲོད།
དེ་རིང་དུས་ཆེན་འདི་ཞུ་བཞིན་པ་དང་སྟབས་བསྟུན་ཏེ་ངོ་སྤྲོད་ཅུང་འབྲི་འདོད་སོང་། དེས་ན་དྷི་ཝ་ལི་ནི་སྒྲོན མེ་འབུལ་བའི་རྒྱ་གར་གྱི་དུས་ཆེན་གལ་ཆེན་ཞིག་ཡིན་ཞིང་སྤྱིར་རྒྱ་གར་ཙམ་མིན་པར་སིང་གྷ་ལ་སོགས་ལྷོ་ཨེ་ཤའི་མངའ་ཁུལ་གྱི་ཡུལ་གྲུ་མི་ཉུང་བ་ཞིག་གིས་དུས་ཆེན་འདི་སྲུང་བརྩི་ཞུ་སྲོལ་ཡོད།

2011/10/25

ཀྲུང་གོའི་མི་དམངས་ཀྱི་མིག་སྔར་འགྲོ་བ་མི།

སྐྱི་གཡའ་བའི་བརྙན་ཐག
གཟིགས་དང་ཀྲུང་གོའི་མི་དམངས་ཀྱི་མིག་སྔར་འགྲོ་བ་མི་ནི་སྲང་ལམ་གྱི་སྤྲང་ཁྱི་ཞིག་དང་ཁྱད་པར་མེད་པ་བརྙན་ཕབ་འདིས་ར་སྤྲོད་བྱས་འདུག ཁ་ལོ་བ་ཁྲམ་པ་འདིས་མི་བརྫིས་པར་གད་སྙིག་བརྫིས་པའི་མཐོང་ཡང་མི་འདུག་ལ། དེ་བས་ཡར་མར་གྱི་ལམ་འགྲོ་བ་དག་གི་མིག་ལམ་དུ་ཕྱི་རྒྱལ་བའི་སྲང་ལམ་ལ་ཤོག་འཛར་ཞིག་ལྷུང་བའི་མཐོང་ཡང་མི་འདུག ཀྱེེ་མ། རྗེ་མི་ལས་"སྤྱིར་དལ་འབྱོར་མི་ལུས་ཐོབ་དཀའ་ཡང་། །མི་ཁྱེད་འདྲ་མཐོང་ན་དཀའ་རྒྱུ་མེད།"ཅེས་པའི་སྡོམ་ཚིག་འདི་ཁྱི་ར་བ་མགོན་པོ་རྗེ་ལ་མི་ཤེས་ཏེ་"སྤྱིར་དལ་འབྱོར་མི་ལུས་ཐོབ་དཀའ་ཡང་། །རྒྱ་ཀྲུང་གོ་འདྲ་ན་དཀའ་རྒྱུ་མེད།"ཅེས་སྦྱར་བཞག་ན་ཏག་ཏག་རེད།

ང་ཚོས་ནམ་རྒྱུན་བོད་རིགས་ལ་སེམས་ཤུགས་མི་འདུག ལྷག་བསམ་མི་འདུག སྒེར་སེམས་ཆེ་འདུག སོགས་ཀྱིས་བཤེ་བཞིན་ཡོད་མོད་འདི་དག་ནི་"ནད་མཁྲིས་པའི་སྨན་ལ་མངར་མོ་མེད། ཤ་ཚ་བའི་གཏམ་ལ་སྙན་པོ་མེད།"ཅེས་པ་ལྟར་ཕྱོགས་འགའ་ཞིག་གི་མ་ལྡང་ས་དང་། ཞན་ཆ་བཙལ་ཏེ་སྤྱོས་བཞག་པ་ཙམ་ལས་དོན་དངོས་ཐོག་ང་ཚོའི་མི་རིགས་ལ་རང་བཞིན་ལྷན་སྐྱེས་ཀྱི་གསེར་དང་འདྲ་བའི་རིན་ཐང་ཞིག་གབ་ནས་ཡོད་པའི་འོད་མདངས་དག དེ་ལོ་རྒྱལ་ས་ལྷ་ས་ནས་ནམ་མཁར་ཁྱབ་སོང་ལ། ད་ལོ་མདོ་ཁམས་ཀྱི་ཡུལ་གྲུ་ནས་རབ་ཏུ་འཚེར་སོང་ཨང་། ཁོང་ཚོས་མི་ལུས་འགངས་ཆེན་ཡིན་པ་དང་། འཚོ་བ་བདེ་སྐྱིད་ཡིན་པ་མ་ཤེས་པ་མིན་ལ། ཁུ་སིམ་ན་དཀའ་རྙོག་མེད་པ་དང་། ཕར་རྒོལ་སྲོག་ན་ཉེན་ཡོད་པ། མེར་བསྲེགས་ན་གསོན་ཐབས་མེད་པ་མ་མཁྱེད་པ་དེ་བས་ག་ལ་ཡིན། 
འོན་ཀྱང་ང་དང་ང་ཚོ་ས་དྲུག་གི་སྤུན་ཟླ་ཚོའི་སླད་དུ། ལུས་བླ་སྲོག་གསུམ་མཆོད་མེ་རུ་སྦར་ཏེ་གངས་ཅན་བའི་མུན་ཁུང་གི་དུས་རབས་ཀྱི་འདི་བསལ་ན་དགོངས་པ་རེད། འཆི་ནད་ཀྱིས་གཟེར་བའི་སྐད་དང་རིག་གཞུང་ལ་སྲོག་དབུགས་ཐེངས་ཤིག་ཕུལ་ན་བསམ་པ་རེད། ཆེས་ངོ་མཚར་ཞིང་གཟི་བརྗིད་ཆེ་བའི་མཛད་སྤྱོད་འདི་དག་དྲི་མེད་ཀུན་ལྡན་གྱི་གནའ་གྲུང་སོགས་ན་སྦྲང་རྩི་བཞིན་དུ་འཁྱིལ་ནས་ཡོད་མོད། དངོས་ཡོད་ཀྱི་འཇིག་རྟེན་ཟླུམ་པོ་འདིར་མངོན་སུམ་མིག་སྔོན་གྱི་དགའ་སྟོན་དུ་འབུལ་མཁན་ནི་ཁྱེད་ཅག་ཁོ་ན་རེད། 
ངས་རྒྱུ་མཚན་འདི་དག་བཤད་དེ་"སྤྱན་རས་གཟིགས་ལ་མ་ཎིའི་ལུང་''ཕུལ་འདོད་པ་མིན་ཡང་། ང་ཚོའི་དཔའ་རྟུལ་ཚོས་རང་རིགས་ཀྱི་ཆེད་དུ་ལུས་སྲོག་ཡོངས་སུ་གཏོང་ཕོད་ལ་རྒྱ་མི་ཚོས་ལམ་སྟེང་ན་བརྫིས་ཡོད་པའི་བྱིས་པ་ཁེར་མ་ཞིག་བསྐྱབས་མི་ནུས་པའི་གནད་འགག་གང་ལ་ཐུགས་སོང་བ་རེད། ངས་བསམ་བཞིན་བསམ་བཞིན་རང་རིགས་ལ་དུང་ཞེན་དང་། སྤོབས་པའི་ཚེ་སྲོག་ལ་གསོན་ཤུགས་ཀྱི་འོད་མདངས་འཕར་མ་ཞིག་གིས་འཁྱུད་དེ་སོང་། །

འཁྲབ་མི་ཤེས་པའི་ང་།

ཁོ་བོ་ཆུང་དུས་རྒན་རབས་པ་དག་གིས་"མི་རྒྱུས་ཡོད་དེ་སྡུག ཟོག་རྒྱུས་ཡོད་དེ་བཟང་"ཟེར་བའི་གནའ་གཏམ་ཞིག་རྒྱུན་དུ་དྲངས་པ་ད་རུང་དྲན་སོས་ཀྱི་འདུག ངོ་མ་ཡིན་སྐད་ཆ་དེའི་ལྕི་ཚད་ལ་བཤད་ན་རྒྱ་མ་ ༡༠༠ ཐམ་པ་ཡོད་ཐག་ཆོད་རེད། གལ་ཏེ་མི་ལ་རྒྱུས་ཤོར་སོང་བ་ནི་རྒྱལ་མཚམས་ཀྱི་ས་ཐིག་འཆུགས་པ་ལྟར་ང་ཚོའི་གོམ་པ་གང་གི་རང་ས་ཤོར་ཚར་བ་སྟེ་གོམ་སྟབས་གཉིས་པར་"སྤྲང་པོས་ཁྱི་རྒྱུས་ལོན་ན་བེར་ག་ཀླད་ལ་འཕྱར་"ལུགས་འདི་ཕར་ཆེར་འབྱུང་གི་ཡོད་ཨང་། 
དེས་ན་ང་ཚོས་རྒྱུན་དུ་སྦམ་རྫུ་དགོས་ལ་ཆེ་འགྱིང་དགོས། ཡོད་མདོག་གི་ལྷ་སྒྲུང་བཤད་དགོས་ལ། མེད་མདོག་གི་འདྲེ་སྒྲུང་ཀྱང་བཤད་དགོས་པ་རེད། གང་ཟག་ཁག་གཅིག་ལ་མཚོན་སོང་ན་གོམས་གཤིག་འདི་དག་རང་བཞིན་ལྷན་སྐྱེས་སུ་གྲུབ་ཅིང་བྱ་བྱེད་ལ་ངང་གིས་འཇུག་འགྲོ་མོད། 
ཁོ་བོར་ལས་ཀ་འདིའི་རིགས་འབག་མགོ་འཐུག་པོ་ཞིག་གྱོན་ནས་ཁྲོམ་སར་འགྲོ་དགོས་པ་དང་གཅིག་མཚུངས་ཡིན་སྟབས། བརྒྱ་ཡིས་མཐོང་ཆུང་བྱས་ཀྱང་རུང་ལ། སྟོང་གི་བརྙས་བཅོས་བྱས་ཀྱང་ཆོག ཁྲ་ཁྲ་ཟིང་ཟིང་གི་སྤྱི་ཚོགས་རྙོག་པོའི་གར་སྟེགས་ཐོག་ཡ་མ་ཟུང་གི་ཟློས་གར་འདི་དག་ངས་ཁྱོན་ནས་འཁྲབ་མི་ཤེས་ལ། བརྒྱ་ལ་འཁྲབ་འདོད་ཀྱང་འཇོན་ཐང་དེ་མེད་པར་རང་ཐག་རང་གིས་ཆོད་སོང་བས། རྒྱུན་དུ་རང་མདོག་སྐྱ་མོ་དེ་སྟོན་ཅིང་སྤྱི་ཚོགས་ཀྱི་འདམ་རྫབ་གཤོག་གིན་ཡོད་ལ། ངོ་ཤ་རྗེན་པ་འདི་བསྟན་ནས་སྤྱི་ཚོགས་ཀྱི་སྦྲང་ཚང་བསྔོགས་དགོས་སོང་།
ཆོས་ཕྱོགས་ནས་བཤད་ན་འཇིག་རྟེན་འདིའི་བདེ་སྡུག་ཐམས་ཅད་སྔར་བསགས་ལས་ལ་རག་ལུས་འདུག་པས་ད་ལྟའི་དཀའ་རྙོག་ག་ཚོད་ཡོད་ཀྱང་མ་མཐར། སྐྱེ་བ་སྔོན་མའི་ལེ་ལན་འཇལ་ཐུབ་སོང་བའི་ལས་འགན་གཅིག་འགྲུབས་སོང་བར་བརྩིས་ཏེ་"བསམ་བློའི་གུ་ཡང་"ཞིག་འཚོལ་ཐུབ་ཀྱི་ཡོད་ཚོད་འདུག་ཀྱང་། དྲང་མོར་བཤད་ན་ངས་དེ་ཡང་ཚུལ་བཞིན་དུ་བསྒྲུབ་དཀའ་འདུག
འོ་ན་ཁྱོད་ལ་ཐབས་ཤེས་ཤིག་མེད་དམ་ཟེར་ན་ང་ལ་གསེར་རྡོག་ལྟ་བུའི་འགངས་ཆེན་ཞིག་དང་། མེ་ཏོག་ལྟ་བའི་མཛེས་སྡུག་ཅིག་བསྟན་རྒྱུ་མེད་ཀྱང་། ངས་རྒྱུན་དུ་མི་དེ་ཚོའི་རིགས་ལ་གལ་ཏེ་ང་མིན་གཞན་ཞིག་དང་ཐུག་ན་"ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ཏེ། །རིལ་རིལ་དབུ་ལ་འོ་བརྒྱལ་ཉོ་མཁན་གྱི་བྱབ་ཆུང་ཞིག་རེད་འདུག་ཨ་བསམ་ནས་བློ་ལྷོད་ལ་འབབ་ཐབས་བྱེད་ཀྱི་ཡོད། 
དྲང་མོར་བཤད་ན་ཐབས་ལམ་འདི་ནི་རང་སེམས་གསོ་བྱེད་ཙམ་ལས་ཕ་རོལ་པོར་རྒོལ་ལན་སློག་པའི་ནུས་པ་མེད་ཅིང་ད་རུང་བག་འཁུམ་གྱི་རང་བཞིན་གང་ཆེ་ཡོད་མོད། མཁྲིས་པའི་ནད་ལ་དོམ་མཁྲིས་དང་། ཚ་བའི་ནད་ལ་བོང་ང་བྲིན་པ་བཞིན་ང་ལ་སྨན་པའི་བསམ་པའི་འཁྱེར་སོ་འདི་ཉིད་ལས་ལྷག་པ་མི་འདུག །

2011/10/23

གྱེན་ལོག་པ་དམར་བསད།

༢༠༡༡། ༡༠། ༢༢།
ཊུར་ཀའི་གྱེན་ལོག་པ་ ༤༩ དམར་གསོད་བཏང་བ།
ཨི་རན་རྒྱལ་མཚམས་ཉེ་ས་ཞིག་ཏུ་ཊུར་ཀའི་དྲག་པོའི་དཔུང་སྡེ་དང་ཀུར་ཌེའི་(ཨི་རན་གྱི་མི་རིགས་)དྲག་པོའི་གྱེན་པ་གདོང་ཐུག་བྱུང་སྟེ་ཉིན་གཉིས་རིང་གཡུལ་བཀྱེས་དེ་ཉུར་མཐར་གྱེན་ལོག་པ་༤༩ བསད་ཡོད་ཚུལ་གཞུང་གི་དཔུང་སྡེས་འགྲེལ་བརྗོད་བྱས་ཡོད། །གྱེན་ལོག་པ་དག་ཊུར་ཀེའི་མངའ་སྡེ་ཧག་ཀར་རིའི་ཀ་རྫེན་རྫོང་གི་ཁུལ་དུ་བསད་ཡོད་ཀྱང་། ཁོང་ཅག་གང་ཞིག་ཏུ་གནས་འཆའ་བཞིན་པ་ད་རུང་གསལ་རྟོགས་བྱུང་མེད།
ཨི་རགྑེའི་རྒྱལ་མཚམས་ཉེ་ས་ཞིག་ཏུ་ཉིན་གཅིག་རང་ལ་ཊུར་ཀའི་དམག་མི་ཉེར་བཞིའི་སྲོག་ཤོར་བ་འདི་ནི་༡༩༩༠ ཙམ་ནས་ཉིན་གཅིག་གི་དམག་མི་ཤི་གྲངས་མང་ཤོས་དེ་ཆགས་ཡོད་ཅིང་དེ་འཕྲལ་རེས་གཟའ་ལྷག་པའི་ཉིན་ཊུར་ཀེའི་དཔུང་སྡེས་གྱེན་ལོག་པར་ཕར་རྒོག་ཚ་ནན་བྱས་ཡོད་འདུག
ད་ཆ་ཐ་མའི་དྲག་སྤྱོད་དེ་ཀུ་ཀུར་རའི་གྲོང་བརྡལ་དུ་བྱུང་ཡོད་ལ་གཞུང་གི་དྲ་རྒྱ་ལས་''ཉིན་གཉིས་རིང་འཇིགས་སྐུལ་པ་༤༩ རྩ་མེད་བཏང་ཡོད་ཅེས་དང་། དུ་རུང་མུ་མཐུད་དེ་བྱ་ཐབས་སྤེལ་གྱི་ཡིན་''ཞེས་བཤད་ཡོད་འདུག།" དཔུང་སྡེ་ ༢༢ སམ་དམག་མི་ ༡༠༠༠༠ ཐམ་པས་གྱེན་ལོག་པར་འགོག་རྒོལ་གྱི་ལས་འགན་སྒྲུབ་ཀྱིན་ཡོད་"ཅེས་ཨན་ཀ་རར་བཤད་ཡོད། །
སྤྱིར་གྱེན་ལོག་པ་དག་གིས་བོད་དང་འདྲ་བར་ཚད་མཐོའི་རང་སྲིད་རང་སྐྱོང་རྩོད་གི་ཡོད་ཀྱང་མི་འདྲ་ས་ནི་ཐབས་ལམ་ཞི་བ་དང་དྲག་པོ་གཉིས་ཀྱི་ཁྱད་པར་ལ་ཐུག་ཡོད། ཁོང་ཚོས་རང་སྲོང་བློས་བཏང་གིས་གཡུལ་བཀྱེས་ཏེ་རང་བཙན་ལེན་འདོད་པ་དང་། ང་ཚོས་བདེན་དོན་བཤད་དེ་རང་སྲིད་རང་སྐྱོང་ལེན་འདོད་པ་རེད། འོན་ཀྱང་ཤ་ཁྲག་གི་འགྲོ་སྒོ་གང་མང་ཞིག་གཏོང་དགོས་པ་ལ་གཅིག་ཏུ་མཚུངས་ཤིང་བདེན་པ་མངོན་དུ་འགྱུར་དཀའ་བ་ལ་དེ་བས་མཚུངས་ཡོད་པར་འདོད།
ད་བར་སྤྱི་ ༡༩༨༤ ལོ་ནས་བཟུང་འཁྲུག་འཛིང་གི་ཁྲོད་དུ་མི་ཁྲི་ཙམ་རྐྱེན་འདས་སུ་སོང་ཡོད་འདུག
རེས་གཟའ་པ་སངས་ཉིན་མོར་ཨི་རན་དང་ཊུར་ཀས་མཉམ་འབྲེལ་ཐོག་ཁ་བྲལ་རིང་ལུགས་པ་དག་རྩ་གཏོར་གཏང་རྒྱུའི་གྲོས་ཆོད་དམ་བཅའ་བཞག་ཡོད་འདུག ཀུར་ཌི་དྲག་སྤྱོད་པའི་དཀའ་རྙོག་ནི་ང་ཚོ་ཨི་རན་དང་ཊུར་ཀེའི་"ཐུན་མོང་གི་རེད་''ཅེས་ཨི་རན་ཕྱི་སྲིད་བློན་ཆེན་ཨ་ལི་ཨག་བྷར་ས་ལེ་ཧིས་གསུངས་ཡོད་འདུག །