2019/12/12

ལྷ་རྗེ་ཀརྨ་དོན་ལྡན་གྱི་རྣམ་ཐར་ཉུང་བསྡུས།

དཔོན་ལྷ་ (ལྷ་རྗེ་) ཀརྨ་དོན་ལྡན་གྱི་རྣམ་ཐར་ཉུང་བསྡུས།

1. འཁྲུངས་ཡུལ་སོགས་ཀྱི་སྐོར།

(ལྷ་རྗེ་ཀརྨ་མ་དོན་ལྡན།)
ལྷ་རྗེ་ཀརྨ་དོན་ལྡན་ནི་རབ་བྱུང་བཅོ་ལྔ་པའི་ཤིང་གླང་སྤྱི་ལོར་ ༡༩༢༥ བོད་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་གྱང་སྔོན་ཤང་ (乡) རོམ་ཐང་ཚུན་ (村) རོང་ཐང་གྲོང་ཚོའི་ (组) མོང་ཧུག་ [= མང་ཕུག] ནང་དུ་སྐུ་འཁྲུངས། རྟེན་རབ་བྱུང་ (དགེ་ཚུལ་) དང་ཆོས་རྒྱུད་སྔགས་རྙིང་མ་འཇའ་ཚོན་གཏེར་མའི་རིང་ལུགས་འཛིན་པའི་རོམ་ཐང་གནས་ཁྲ་མོ་དགོན་པའི་ཁོངས་སུ་གཏོགས། ཁོང་སྐུ་གཟུགས་སྟོབས་ཆེ་ཞིང་གཟུགས་བྱད་ཅུང་ལེགས་པ། གཤིས་རྒྱུད་དྲང་ཞིང་གཞན་ལ་འཁོན་འཛིན་སོགས་ཕལ་ཆེར་མི་གནང་། ཆུང་སྐབས་ཡི་གེ་ཀློག་དུས་མིག་དང་ཡི་གེའི་བར་ཐག་ཉེ་དྲག་པའི་རྐྱེན་གྱིས་རེད་གསུངས། གང་ལྟར་རྒྱང་མིག་དེ་ཙམ་མི་གསལ། རྒྱུན་མར་«དཀོན་མཆོག་སྤྱི་འདུས་»དང་«ཕུར་སྒྲུབ་རྣམ་རོལ་སྙིང་པོ་»སོགས་ཆོས་སྤྱོད་ཉམས་ལེན་གྱི་རིམ་པ་ཆག་མེད་མཛད། རང་ཉིད་ཀྱི་གྲུབ་མཐའ་རྙིང་མའི་ཁོངས་སུ་གཏོགས་ཀྱང་གསར་རྙིང་གི་ཕྱོགས་རིས་དེ་འདྲ་མི་གནང་། ཡུལ་མི་ཚོས་ཁོང་སྨན་པ་དང་རྟེན་རབ་ཏུ་བྱུང་བ་ཡིན་པའི་དད་འདུན་ཙམ་མིན་པར་མི་གཤིས་དྲང་ཚུགས་དང་ཚུལ་མཐུན་ལ་དགའ་མོས་དང་བརྩི་བཀུར་བྱེད་མཁན་གང་འཚམ་མང་། ཁྱད་པར་དུ་ཉེ་བའི་ལོ་རབས་ནང་ཡུལ་འདིར་སྨན་ལ་ཤིན་ཏུ་མཁས་ཤིང་སྙན་གྲགས་དང་བྱས་རྗེས་ཆེ་བའི་རྒན་བཀྲ་ཤིས་ལགས་ ⁽༡༩༤༡–༢༠༡༧⁾ ཀྱིས་ཀྱང་དགེ་རྒན་དང་བླ་མ་གཅིག་ལྕོགས་ལྟ་བུར་བརྩི་ཞིང་དད་མོས་ཤུགས་ཆེར་གནང་། སྤྱིར་ཁོང་ནི་རྩ་རིག་རྣོ་བས་སྦྲུམ་མའི་མངལ་གྱི་ཕྲུ་གུ་ཕོ་མོ་ཚུད་ཆད་མ་ནོར་བར་ངོས་འཛིན་ཐུབ། བཅོས་དཀའི་གཅོང་ཅན་ནད་པ་དུ་མ་ཞིག་སྨན་པ་གཞན་གྱིས་མཚམས་སྦྱོར་གནང་སྟེ་ཁོང་གིས་སྨན་བཅོས་གནང་ནས་དྲག་སྐྱེད་བྱུང་བའང་དུ་མ་ཡོད། སྨན་དཔྱད་རྣམས་ལས་ཚུག་དང་། འཇིབ་རུ། ཁྲག་གཏར་བ་རྣམས་ཅུང་མང་ཞིང་མེ་བཙའ་དང་། མེ་བུམ། ཚ་ཐུར་རྒྱག་རྒྱུ་སོགས་དེ་ཙམ་མི་གནང་། མཚམས་རེར་སྨན་མར་བསྐོལ་བ་དང་ལུམས་བཅོས་སོགས་ཀྱང་གནང་། དམིགས་བསལ་དུ་མཐོང་བ་ཆུ་བརྟག་སྐབས་ལྕེ་ཡིས་བྲོ་བ་མྱོང་རྒྱུ་དེ་དཀའ་མོ་ཡིན་ཡང་ཁོང་གིས་སྣང་དོགས་མེད་པར་གནང་། དེ་མིན་བོད་ཀྱི་སྨན་པའི་སྲོལ་རྒྱུན་ལྟར་སྨན་རིན་ཡོད་མེད་ལ་མ་ལྟོས་པར་སྨན་སྦྱིན་ཞིང་སྨན་བཅོས་གནང་སྲོལ་ཡོད་པ་བཞིན། ཁོང་གིས་ཀྱང་སྐུ་ཚེ་གང་པོར་སྨན་ཡོན་གཏན་འབེབས་གནང་ཏེ་རིན་འབབ་བླངས་མ་མྱོང་།

2. ཡབ་ཡུམ་སྤུན་མཆེད་སྐོར།

ཁོང་གིས་ཉར་ཚགས་གནང་བའི་སྨན་ཁུང་དཔེ་རྙིང་།ཁོང་གི་ཡབ་ཚེ་རིང་ཆོས་འཕེལ་ནི་དཔོན་ཡོ་འཕགས་ཚེ་ [?] དང་ཡུམ་ཟླ་ནག་བཟའ་གཉིས་ཀྱི་བུ་ཡིན་ཞིང་ཡབ་གཞིས་དཔོན་ཡོ་ཚང་ནི་ཁྱུང་པོ་རྨེ་རུ་ཤོག་གསུམ་གྱི་དཔོན་ཁག་ཆེ་བཞི་ལས་སྤྱི་ཁྱབ་དཔོན་ཚང་ཡིན། ཁོང་ལ་སྤུན་མཆེད་དཀོན་མཆོག་དང་། བློ་གྲོས། བློ་ལྡན་བཅས་བུ་སྤུན་བཞི་དང་། དཀོན་མཆོག་མཚོ་དང་བུ་མོ་ཨ་ཉག་བཅས་སྲིང་མོ་གཉིས་ཡོད་པར་གྲགས། ཁོང་ལ་བཟའ་ཟླ་སྔ་ཕྱི་གཉིས་ལས་སྔ་མ་གནས་ལྕགས་བཟའ་ལས་རྨེ་རུ་ཤོག་གསུམ་གྱི་དཔོན་ཆེན་དང་གཏེར་ཆེན་གནམ་ལྕགས་རྩ་གསུམ་གླིང་པ་སྐུ་ཕྲེང་དྲུག་པ་འཕགས་པ་རྒྱ་མཚོའི་ b.༡༨༥༠⁾ ཡབ་ཆེན་དཔོན་ཡོ་རྣམ་རྣམ་ [?] འཁྲུངས་པ་དང་། བཟའ་ཟླ་ཕྱི་མ་བཀྲ་ཤིས་ལྷ་མོ་ལ་བུ་རྒྱུད་གསུམ་བྱུང་སྐོར་འོག་ཏུ་འཆད། སྟབས་མ་ལེགས་པར་བར་སྐབས་ནས་ཁོང་ལ་འབམ་ནད་ཐེབས་ཏེ་མཐར་ཞ་བོར་གྱུར། དེའི་སྟབས་ཀྱིས་ཁྱིམ་གཞིས་བསྐྱངས་ཤིང་དཔོན་རྒྱུད་བཟུང་མ་ཐུབ་པར་བརྟེན་མོང་ཧུག་ [= མང་ཕུག] བྲག་ཕུག་ཏུ་གནས་སྤོས། དེ་གར་བཞུགས་པའི་གཏེར་ཆེན་གནམ་ལྕགས་རྩ་གསུམ་གླིང་པའི་སྐུ་ཕྲེང་ལྔ་པ་གནམ་ལྕགས་བཟོད་པ་རབ་བརྟན་མདུན་ནས་གསོ་བ་རིག་པ་ལ་སྦྱང་བ་མི་དམན་པར་ཐོབ། ཁྱད་པར་དུ་རི་བོ་ཆེའི་སྟག་ལུང་དགོན་གྱི་དབུ་བླ་དང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་རྩ་བའི་བླ་མར་གྱུར་པ་རྗེ་དྲུང་བདུན་པ་ཕྲིན་ལས་བྱམས་པའི་འབྱུང་གནས་ ⁽༡༨༥༦༡༨༢༢⁾ བསྟེན་ཏེ་ནང་ཆོས་ཀྱི་དབང་ལུང་མན་ངག་དང་། ལྷག་དོན་དུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལག་ལེན་དང་བཅས་པ་སྦྱངས། མདོར་ན་ཁོང་ཉིད་ཀྱི་སྐུ་ཚེའི་མཇུག་བར་ཡུལ་འདིའི་སྐྱེ་བོ་ནད་པ་དུ་མ་ཞིག་ལ་སྨན་དཔྱད་དང་སྨན་སྦྱིན་གྱི་འགྲོ་དོན་གནང་ཞིང“མཐར་དམངས་གཙོ་བཅོས”བསྒྱུར་སྐབས་ཙམ་དུ་སྐུ་གཤེགས། སྐབས་དེར་མོང་ཧུག་ [= མང་ཕུག] བྲག་ཕུག་ནི་ཡུལ་འདིའི་གསོ་བ་རིག་པའི་ལྟེ་གནས་ལྟ་བུར་གྱུར་ཡོད་པ་སྟེ། གོང་གསལ་གསོ་རིག་ལ་མཁས་པའི་གནམ་སྤྲུལ་བཟོད་པ་རབ་བརྟན་དང་། འཇམ་དཔལ་དཔོན་ལྷའི་ཁྱིམ་རྒྱུད་དང་དེ་ལས་ཆད་པའི་ལི་ཆུང་དཔོན་ལྷའི་ཁྱིམ་རྒྱུད། དཔོན་ཡོ་ཚེ་རིང་ཆོས་འཕེལ་གྱི་ཁྱིམ་རྒྱུད་བཅས་གསོ་རིག་གི་བརྒྱུད་པ་འཛིན་པའི་ཁྱིམ་ཚང་དང་སློབ་བརྒྱུད་དུ་མ་ཞིག་ཕུག་པ་སྟེང་ཤོད་དང་གཡས་ཟུར་གཡོན་ཟུར་དུ་གནས་ཆགས་ཤིང་ཕན་ཚུན་སློབ་སྟོན་དང་ཉམས་མྱོང་སྤེལ་རེས་སོགས་གནང་སྟེ་ཡུལ་འདིར་གསོ་རིག་གི་བསྟན་པ་རྒྱ་ཆེར་དར།
ཁོང་གི་ཡུམ་བཀྲ་ཤིས་ལྷ་མོ་ནི་ ⁽༡༨༩༡༡༩༧༤⁾ ཡབ་གླ་རུ་ [?] ཚེས་བཅུ་དང་ཡུམ་དབང་རུ་བཟའ་སྨུག་རིལ་མ་གཉིས་ཀྱི་བུ་མོ་ཡིན། སྤྱིར་ཁོང་ནི་ཡ་རབས་བཟང་སྤྱོད་ལྡན་པའི་བུད་མེད་ཅིག་ཡིན་པས་ཞ་རེངས་སུ་གྱུར་པའི་ཁྱོ་བོ་དང་བུ་ཕྲུག་གཉིས་ལ་མི་ཚེ་གང་པོར་ལྟ་སྐྱོང་གནང་སྟེ་ཚེ་མཐར་ཕྱིན་པར་མཛད། ཁོང་དང་ཁྱོ་བོ་ཚེ་རིང་ཆོས་འཕེལ་གཉིས་ལ་བུ་ཆེ་བ་དཀོན་མཆོག་ལྷ་སྲུང་དང་། ཆུང་བ་མཚེ་མ་གཉིས་བཅས་གསུམ་ཡོད་པའི་ནང་གི་མཚེ་ཡ་གཅིག་ལྷ་རྗེ་ཀརྨ་དོན་ལྡན་འདི་ཉིད་ཡིན་ཞིང་གཞན་དེ་བཙས་མ་ཐག་ནས་འདས་གྲོངས་སུ་གྱུར།

3. བྱིས་པའི་སྐབས།

ཁོང་ཉིད་དགུང་ལོ་བཞི་ལྔ་ཙམ་ནས་ཡབ་ལས་བོད་ཡིག་སློབ་འགོ་བཙུགས་ཤིང་སྦྱོར་ཀློག་རན་ཙམ་ཤེས་སྐབས་ཡུལ་འདིར་ཡི་གེ་ཀློག་རྩལ་ཆེས་ལེགས་པར་གྲགས་པའི་ཨ་མཆོད་ཆེན་མོ་སྐྱུར་ཚེ་མགོན་བསྟེན་ནས་སྒྲ་དག་ལ་སྒྲོས་གཙང་ཞིང་ཀློག་མགྱོགས་པའི་ཡིག་རྩལ་དང་། “ཤིང་ལོ་རླུང་རྡེབ་མ”སོགས་ཡུལ་འདིའི་ཨ་མཆོད་ཚོའི་ཐུན་མིན་སྲོལ་རྒྱུན་གྱི་འདོན་དབྱངས་སོགས་ཀྱང་བསླབས། གཙོ་བོ་རང་གི་ཡབ་ཆེན་མདུན་ནས་བརྡ་སྤྲོད་དང་ནང་ཆོས་ཀྱི་ཆོ་ག་ཕྱག་ལེན། ཁྱད་པར་གསོ་བ་རིག་པའི་ཕྱོགས་ནས་«ཕྱི་མའི་རྒྱུད་»ཀྱི་ནང་ཚན“རེག་པ་རྩ་དང་མཐོང་བ་ཆུ་ལ་བརྟག་པ”སོགས་ནས་བཟུང་ལག་ལེན་དང་བསྡེབས་ཏེ་རིམ་གྱིས་བསླབས། སྐབས་རེར་གནམ་སྤྲུལ་བཟོད་པ་རབ་བརྟེན་དང་། ཉེ་རབས་ཡུལ་འདིའི་སྨན་པ་གྲགས་ཅན་དཔོན་ལྷ་བཀྲ་ཤིས་ཀྱི་ཡབ་ཆེན་འཇམ་དཔལ་ལྷ་རྗེ་སོགས་ཀྱི་མདུན་ནས་སྨན་གཞུང་གི་ཁྲིད་ལུང་ལག་ལེན་སོགས་ཀྱང་བསླབས། དབྱར་སྟོན་གཉིས་སུ་ལོ་གཅིག་ལ་འདང་བའི་སྨན་ལྡུམ་སྡུད་པ་དང་། ཉིན་རེ་བཞིན་སྨན་སློང་དུ་སླེབ་མཁན་རྣམས་ལ་དཔྱད་འབྲས་དང་བསྟུན་ཏེ་འཕྲལ་དུ་སྨན་གསར་པ་སྦྱར་ནས་སྦྱིན་རྒྱུ་གཙོ་བོར་བྱེད། དེ་མིན་ཁྱིམ་ཚང་གི་ཆེད་ཕྱི་ནང་གི་ལས་དོན་མང་པོ་ཞིག་ཀྱང་བསྒྲུབ་དགོས་པ་ཨ་ཅང་བརྗོད་མེད་རེད།

4. སློབ་གཉེར་ལ་ཕེབས་སྐོར།

 དེ་ནས་ཁོང་དགུང་ལོ་བཅུ་དྲུག་ཙམ་ ⁽༡༩༤༡⁾ ནས་དབྱི་ཤོད་རི་བོ་ཆེའི་དགོན་ཆེན་དཔལ་སྟང་ལུང་མར་ཐང་གི་གདན་ས་ཆེན་མོའི་ཆོས་གྲྭར་ཞུགས། དགོན་དེར“གསར་རྙིང་གྲྭ་གསུམ”ཞེས་ཚན་ཁག་གསུམ་ཡོད་པ་ལས“རྙིང་མ་གྲྭ་ཚང”དུ་བཞུགས་ཏེ་སློབ་གཉེར་གནང་ཞིང་དམིགས་བསལ་དུ་བླ་མ་དམ་པ་རྣམས་ལས་ཁྲིད་དང་མན་ངག་ཞུས་ཏེ་ཉམས་བཞེས་ཀྱང་ཆད་མེད་མཛད། སྐབས་དེར་ཐོབ་པའི་ཆོས་ཁྲིད་དང་བླ་མའི་མན་ངག་གི་ཟིན་ཐོ་རྣམས་སྐུ་ཚེ་གང་པོར་གཅེས་སྤྲས་དང་ཉར་ཚགས་གནང་ཞིང་ད་ལྟ་ཡང་འགུ་ལུམ་ཚང་ལ་མཇལ་རྒྱུ་ཡོད། ཁོང་རི་བོ་ཆེར་བཞུགས་སྐབས་འཚོ་བ་རང་ངོས་ནས་བསྒྲུབ་དགོས་རྐྱེན་ཟླ་བ་རེའི་མཚམས་སུ་རྒྱགས་ཆས་ལེན་པར་ཁྱིམ་དུ་ལོག་དགོས། ཁྱིམ་ནས་ལྷམ་ལ་རྡོག་ལ་གསར་པ་རེ་བརྒྱབ་ནས་ཕར་ཕེབས་དུས་རི་བོ་ཆེའི་འདྲ་ལ་ལ་མོ་མ་ཕོག་སྔོན་ནས་ལྷམ་བུག་ཚར་འགྲོ་བས། དགོན་པར་འབྱོར་མ་ཐག་འབིགས་དང་རྒྱུན་བུ་བཙལ་ཏེ་སྟེང་རྡོག་ (རྡོག་པའི་གང་གི་ལྷན་པ་) རྒྱག་དགོས་ཁེལ་ཚུལ་ཞལ་དྲོད་མོས་གསུངས་མྱོང་། གང་ལྟར་ཁོང་ཕར་ཚུར་ཕེབས་དུས་རྐང་ཐང་དུ་ཕེབས་དགོས་པ་དང་རྒྱགས་ཆས་ཀྱང་ཟླ་བ་གཅིག་ལ་འདང་ཙམ་ལས་ཁུར་རྒྱུ་མེད་པ་སོགས་ལ་བལྟས་ན་ཁྱིམ་ཚང་གི་འཚོ་བ་ཞན་ཙམ་ཡིན་པ་རྟོགས་ནུས།

5. ཕ་མར་དྲིན་ལན་འཇལ་བ་དང་སྨན་གྱི་ཤེས་ཚད་མཐོར་བཏེགས་སྐོར།

དེ་ལྟར་རི་བོ་ཆེ་ལ་ལོ་བཅུ་ཕྲག་མ་ཟིན་ཙམ་སོང་རྗེས་རང་ཁྱིམ་དུ་ཕྱིར་ལོག་ནས་ཕ་མར་ཞབས་ཕྱི་བསྒྲུབས། སྔར་ཆུང་དུས་ཡབ་ཆེན་གྱི་མདུན་ནས་སྦྱངས་པའི་གསོ་རིག་གཞུང་ལུགས་ཁག་ལ་ལག་ལེན་དང་སྦྲགས་ནས་གོང་འཕེལ་རྒྱ་ཆེར་བཏང་། རྩ་ཆུ་བརྟགས་ཏེ་སྨན་སྦྱིན་པ་ཙམ་མིན་པར་གཏར་བསྲེག་ལུམས་བྱུག་སོགས་བོད་ཀྱི་གསོ་རིག་ནང་གི་ལག་ལེན་ཚད་མཐོ་གྲས་ཀུན་ལའང་བྱང་ཆུབ་པར་གྱུར། དེ་ལྟར་ཁོང་གི་ཡབ་ཆེན་སོགས་སྨན་པ་ཆེད་མཁས་པ་རྣམས་བསྟེན་ཏེ་རང་ཉིད་ཀྱི་སྨན་པའི་ཆུ་ཚད་གོང་འཕེལ་བཏང་བ་དང་ཕྱོགས་མཚུངས་མི་ལོ་བཅོ་ལྔ་ཙམ་གྱི་རིང་ཡུལ་འདིར་སྨན་དཔྱད་དང་སྨན་སྦྱིན་གྱི་འགྲོ་དོན་རྒྱ་ཆེར་བསྐྱངས།

6. དམངས་གཙོ་བཅོས་བསྒྱུར་དང་རིག་གསར་སྐབས།

དེ་ནས་མི་རིང་བར་དམངས་གཙོ་བཅོས་བསྒྱུར་འགོ་ཚུགས་པ་དང་ཡབ་དམ་པ་དགོངས་པ་རྫོགས། དེ་རྗེས་རིག་གནས་གསར་བརྗེ་ཆེན་མོའི་⁽༡༩༦༦༡༩༧༦⁾ སྐབས་མོང་ཧུག་[= མང་ཕུག་]ནང་དུ་བཞུགས་མ་ཆོག་པར་སྤོ་ཡོ་གྲོང་དུ་གནས་སྤོས་ཏེ་བཞུགས་རིང་ཡང་སྨན་བཅོས་ནད་སྐྱོབས་ཀྱི་འགྲོ་དོན་བར་མ་ཆད་པར་གནང་།  དེ་གར་ལོ་ཤས་ཙམ་ལས་མ་བཞུགས་པར་ཉིད་ཀྱི་སྤུན་རྒན་པ་དཀོན་མཆོག་ལྷ་སྲུང་གི་བུ་ཚེ་རིང་རྡོ་རྗེའི་མནའ་མ་བུ་མོ་རིན་ཆེན་གྱི་མ་ཁྱིམ་སྟེ་འགུ་ལུམ་ཚང་དང་གཞིས་སྡོམ་ ⁽༡༩༦༨ བྱས་ཏེ་སྐྱིད་མཁར་ཚུན་ (村) ཉིན་སྟོད་གྲོང་ཚོར་ (组) གནས་སྤོས། ཁོང་ཉིད་རིག་གསར་སྐབས་སུའང་ལོ་ཤས་རིང་མི་དམངས་ཀུང་ཏྲེའི་སྨན་པའི་མིང་ཐོག་ནས་བོད་ལུགས་གསོ་བ་རིག་པའི་ཚེ་སྲོག་གི་རྒྱུན་མུ་མཐུད་ནས་བསྐྱངས་ཤིང་རྗེས་སུ་རང་ཁྱིམ་དུ་བཞུགས་ཏེ་སྨན་པའི་ལས་འགན་སྒྲུབ་ཆོག་པར་གྱུར། སྤྱིར་ཡིན་ན་སྐབས་འདིར་འོས་མེད་ཀྱིས་རབ་བྱུང་ཕལ་མོ་ཆེ་སྐྱ་སར་བབས་པའི་གནས་ཚུལ་ཚབས་ཆེན་བྱུང་ཡང་ཁོང་ནི་ཉེས་པའི་མ་གོས་པའི་རབ་བྱུང་རྣམ་དག་གི་ངོ་བོར་བཞུགས་ཐུབ་པ་འདི་ཡང་ལས་སླ་པོ་ཞིག་གཏན་ནས་མིན།

7. ཆོས་དད་རང་མོས་སྐབས།

དེ་ནས་སྤྱི་ལོ་ ༡༩༧༩ ལོར་འགན་གཙང་སྒེར་ལ་བགོས་ཤིང་རིམ་བཞིན་ཆོས་དད་རང་མོས་ཀྱི་སྲིད་ཇུས་འགོ་ཚུགས་པ་ནས་བཟུང་སྐུ་མ་གཤེགས་བར་སྨན་གྱི་འགྲོ་དོན་རྒྱུན་མར་གནང་། དེ་ཡང་སྔ་སྟོད་ལོ་རབས་བརྒྱད་ཅུའི་ནང་སྨན་ལྡུམ་སྡུད་དུ་ཁོང་རང་ཉིད་ཕེབས་ཤིང་མཚམས་རེ་ང་ཚོ་ཡང་ཚ་རྣམས་ཀྱང་ཁྲིད་ནས་སྨན་རྩྭ་བསྡུ། དེ་མིན་བོད་ལ་མེད་པའི་སྨན་རྫས་བཟང་དྲུག་སོགས་གཞན་ལས་ཐབས་ཤེས་ཕྲན་བུ་འཚོལ་ཡང་། གཙོ་ཆེ་ཤོས་ནི་སྨན་པ་བཀྲ་ཤིས་མཆོག་ནས་སྨན་རྫས་རིན་མེད་ཀྱིས་ཡང་ཡང་གནང་བས་དཀའ་ངལ་དེ་ཙམ་མེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། ཆོས་དད་རང་དབང་གི་སྲིད་ཇུས་ལག་བསྟར་བྱུང་ནས“རོམ་ཐང་གནས་ཁྲ་མོ་སྒོམ་པ་གྲྭ་ཚང”ཉམས་གསོ་མ་གྲུབ་པའི་བར་ལོ་གསུམ་གྱི་རིང་ལ། གནམ་སྤྲུལ་འཕགས་པ་རྒྱ་མཚོ་མཆོག་དང་། གསེར་པ་བླ་མ་ཡབ་སྲས་རྣམ་གཉིས། མདོ་སྡེ་སྤྲུལ་སྐུས་གཙོས་པས་རོམ་ཐང་སྒོམ་པ་གྲྭ་ཚང་གི་ཁོངས་སུ་གཏོགས་པའི་ཡུལ་མི་རྒན་གཞོན་བར་གསུམ་འཛོམས་ཏེ་དགོན་པའི“སྒྲུབ་ཆེན”འཚོགས་པ་དང་«བཀའ་འགྱུར་»ཀློག་པ་སོགས་ཆོས་ཀྱི་བྱེད་སྒོ་ཁག་སྤེལ་ཡུལ་དུ་རང་ཁྱིམ་འགུ་ལུམ་ཚང་གི་ཁང་པ་སྟེང་ཤོད་ཀུན་གཡར་ནས་མཐུན་སྦྱོར་ཞུས། སྐབས་དེར་རྒན་རབས་པ་འགའ་ཤས་ལས་གཞོན་སྐྱེས་རིགས་ཕལ་མོ་ཆེར་གསང་སྔགས་ལུགས་ཀྱི་དབང་ལུང་བརྒྱུད་པ་དང་། མདོ་ལུགས་ཀྱི་བསླབ་སྡོམ་སོགས་གང་ཡང་མེད་པས། གསེར་བླ་ངག་དབང་བློ་གྲོས་མཆོག་ནས་དབང་ལུང་ཁྲིད་གསུམ་དང་ལྷ་རྗེ་ཀརྨ་དོན་ལྡན་གང་ཉིད་ནས་ནག་ཟིང་དང་པདྨ་བསྟན་འཛིན་སོགས་གཞོན་སྐྱེས་རྣམས་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་གནང་བ་སོགས་ཆོས་སྒྲུབ་པའི་སྣོད་དུ་རུང་བར་བྱས། ཡང་སྒྲུབ་ཆེན་འཚོགས་པའི་ཆ་རྐྱེན་ལ་དཀྱིལ་འཁོར་སྒྲིག་གཤོམ་གྱི་རྒྱན་བཀོད་དང་། བུམ་པ་སོགས་མཆོད་ཆས། རྒྱ་གླིང་སོགས་རོལ་ཆ། (ལོ་དང་པོའི་སྐབས་སུ་དུང་ཆེན་མེད་པར་སྙམ།) «ཞི་ཁྲོ་ངེས་སྙིང་»སོགས་འདོན་ཆའི་ཡིག་རིགས་དང་བཅས་པ་མང་དག་ཅིག་ཁོང་ཉིད་ཀྱིས་མཐུན་སྦྱོར་ཞུས། དེ་ནས་རིམ་བཞིན་རོམ་ཐང་གནས་ཁྲ་མོའི་དགོན་པ་ཉམས་གསོ་གྲུབ་ནས་སྐུ་ཚེའི་མཇུག་བར་དུ་དགོན་པ་འདིའི་རབ་བྱུང་སྡེའི་རྒན་རབས་ཀྱི་འགན་ཁུར་ཞུས་ཏེ། དབྱར་གནས་སྐབས་དགོན་པ་རང་ལ་བཞུགས་ཤིང་«ཐུགས་ཆེན་ངན་སོང་རང་གྲོལ་»སོགས་འཚོགས་རྒྱུའི་རྒྱུན་བསྐྱངས་པ་དང་བཅས་རང་ནུས་གང་འཇོན་གྱིས་དགོན་འདིར་སྲི་ཞུ་བསྒྲུབས།

8. མཐར་སྐུ་གཤེགས་པ།

མཐར་བོད་རབ་བྱུང་ ༡༧ པའི་ས་སྟག་བོད་ཟླ་ ༡༡ པའི་ཚེས་ ༡༧ དང་སྤྱི་ལོ་ ༡༩༩༩ ལོའི་ཟླ་བ་ ༡ དང་པོ་ཚེས་ ༣ ཉིན་གྱི་དགོང་མོའི་ཆར་རང་ཤག་ཏུ་སྐུ་གཤེགས། ཉིན་དེའི་སྔ་དྲོར་མལ་སར་ལྷུང་བའི་ཚ་བོ་ཚེ་རིང་རྡོ་རྗེའི་སྔས་མགོར་བྱོན་ནས་ཆོས་གསུངས་ཤིང་ཐུགས་བསྐྱེད་རིམ་གྲོ་སོགས་མཛད། ཉིན་རྒྱབ་གསོལ་བ་ཞོ་བཞེས་དཀར་གང་མཆོད་པའི་རྐྱེན་ཀྱིས་གསོལ་གྲོད་ཅུང་སྙུང་བར་གྱུར། དེ་ནས་ཉི་མ་བཞུད་ལ་ཉེ་སྐབས་པདྨ་(ཡང་ཚ་མོ་)སྨན་པ་བཀྲ་ཤིས་གདན་འདྲེན་དུ་འགྲོ་གྲབས་བྱས་པར་ཁོང་གིས་ནན་གྱིས་འགྲོ་མ་བཅུག་པར་རང་ཉིད་ཀྱིས་སྨན་སྒྲུབ་ཐུན་གཅིག་མཆོད་ནས་གཟིམས། དེ་རྗེས་ཆུ་ཚོད་ཕྱེད་ཙམ་སོང་སྐབས་པདྨས“ཨ་ཁུ་ཅི་འདྲ་འམ”ཞེས་སྔ་ཕྱི་ཚར་གཉིས་ལ་ཞུས་པར་ཁོང་གིས“ང་མི་སྐྱོན་ཁྱོད་གཉིད་སྡོད”ཅེས་རིམ་པར་གསུངས་ནས་ན་ཟུག་མི་བཟོད་པའི་རྣམ་པ་ཅི་ཡང་མེད། ཕྱི་མའི་སྐབས་ཁོང་གིས་ཞལ་འདོན་ཚིགས་བཅད་གཅིག་གསུངས་ཀྱང་ད་སྐབས་མི་དྲན། དེ་ནས་ཅུང་ཙམ་སོང་རྗེས་དབུགས་རིང་འཐེན་པའི་སྒྲ་ཞིག་གྲགས་པ་དང་པདྨ་མགྱོགས་པོར་ལངས་ནས་ལྟ་སྐབས་ཁོང་དབུ་ནུབ་དང་ཞལ་ལྷོར་བསྟན་ཅིང་། ཕྱག་གཡས་འགྲམ་པའི་འོག་དང་གཡོན་པ་བརླ་གཡོན་པར་བཞག་སྟེ“སེངྒེའི་ཉལ་སྟབས”ཀྱི་ཚུལ་ཇི་ལྟ་བར་སྐུ་གཤེགས་ཟིན། ཕྲན་རང་ཆུང་སྐབས་ཁོང་གིས་མདོ་ལུགས་ལ“སེངྒེའི་ཉལ་སྟབས”གལ་ཆེ་ཚུལ་གསུངས་མྱོང་བ་བཞིན་ད་ལྟ་ཁོང་སེངྒེའི་ཉལ་སྟབས་ཀྱིས་གཤེགས་པ་འདི་སྟབས་ལེགས་ལྟས་དབང་ལས་བྱུང་བ་ཙམ་མིན་པར་དཔོགས་ནུས། སྐུ་གཤེགས་རྗེས་དབུགས་ཀྱི་རྒྱུ་བ་ཡོད་མེད་ཙམ་ལས་ཞལ་མདངས་གསོན་པོ་ལྟར་ཉིན་གསུམ་ཙམ་བཞུགས་མཐར་ཤང་ནས་བྱང་སེམས་དཀར་པོ་ཅུང་བབས་ཤིང་དབུ་ཡང་དུད་པར་གྱུར། སྐབས་དེར་ཉིད་ཀྱི་ཚ་བོ་ཚེ་རིང་རྡོ་རྗེ་ཡང་ཕོ་ཁ་གཅོང་ནད་ཀྱིས་ཟིན་ཏེ་གསོན་པའི་རེ་བ་དང་བྲལ་བ་སོགས་ཁྱིམ་འདིར་གོད་ཆག་ཚབས་ཆེན་བྱུང་ཡང་། སྐུ་ཉིད་ཀྱི་ཚ་བོ་གནམ་སྤྲུལ་འཕགས་པ་རྒྱལ་མཚོ་མཆོག་དང་། སྨན་པ་བཀྲ་ཤིས་ལགས་རྣམ་གཉིས་ཀྱི་ཐུགས་འགན་གཙོ་བོར་བཞེས་ཤིང་། གཞན་གསེར་པ་བླ་བྲང་དང་རོམ་ཐང་སྒོམ་པ་གྲྭ་ཚང་སོགས་ཀྱིས་གང་ནུས་ཅི་ལྕོགས་ཀྱིས་རམ་འདེགས་ཐོག་སྐུ་གདུང་ཞུགས་འབུལ་དང་རྗེས་འཇུག་གི་བྱ་བ་ལེགས་པར་བསྒྲུབས་པ་དང་། མ་ཟད་མྱ་ངན་དང་དཀའ་སྡུག་གིས་མནར་བའི་ནང་མི་རྣམས་ལའང་རོགས་སྐྱོར་དང་སེམས་གསོ་རྒྱ་ཆེར་གནང་ཡོད།
སྤྱི་ལོ་ ༢༠༡༩ ཟླ་བ་ ༡༢ ཚེས་ ༤ ཉིན་ཉིད་ཀྱི་ཡང་ཚ་ཨོ་རྒྱན་རིག་འཛིན་ནས་བྲིས།

2019/09/07

ནག་གར་རྫོང་། Naggar Castle



དེ་རིང་གུས་པ་མ་ན་ལའི་ནག་གར་རྫོང་དུ་ (Naggar Castle) འགོས་ལོ་གཞོན་ནུ་དཔལ་ (1392–1481) གྱིས་«དེབ་ཐེར་སྔོན་པོ་»ཨིན་སྒྱུར་གནང་མཁན་ཇེ་ཨོར་ཇེ་་ནི་ཁོ་ལ་་དེ་་རོའེ་རིཁ་ (George Nicolas de Roerich) ཀྱི་རི་མོའི་སྒྱུ་རྩལ་འགྲེམ་སྟོན་ཁང་ (Roerich Art Gallery And Museum) དུ་ལྟ་བར་འོངས། འདིར་ཡོང་དགོས་དོན་ནི་འགྱུར་ཆོས་དེབ་སྔོན་ཨིན་འགྱུར་མ་བྷུ་ལུ་་ཨེན་ནལ་ (Blue Annals) དང་སྒྱུར་མཁན་ཪ་ཤི་ཡའི་སྤོ་སྤོ་རོའེ་རེཁ་གཉིས་རྩིས་ཐང་ཆེ་དྲགས་ནས་འོངས་མེད། ཕྲན་ནི་བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་གནས་འདིར་ཕེབས་ཤིང་ནུབ་ཕྱོགས་པའི་སྐད་ཡིག་ཐོག་ཕྱག་ལས་གནང་མྱོང་སའི་ས་གནས་ཤིག་ཡིན་པས་ཆ་ནས་འདིར་འོངས་བ་ཡིན། འོན་ཏེ་ཡིད་ཕངས་པ་ཞིག་ལ་གནས་འདིར་དགེ་ཆོས་ཀྱི་རྗེས་ཤུལ་ཁབ་སྐུད་ཙམ་མི་སྣང་།

འོན་ཏེ་གནས་འདིར་རོ་རིཁ་ཀྱིས་«དེབ་སྔོན་»དབྱིན་བསྒྱུར་བྱེད་སྐབས་དགེ་ཆོས་ལགས་ནས་ཕྱག་རོགས་གང་མང་གནང་ཡོད་པ་ནི། ཁོང་གི་དེབ་སྔོན་ཨིན་འགྱུར་“བྷུ་ལུ་ཨེན་ནལ་ Blue Annals དུ། “གུས་པར་འདང་ངེས་པའི་ཡིག་ཁུངས་ཐོག་འགྱུར་ཧྲིལ་པོའི་ཐད་ལ་བོད་ཀྱི་གྲགས་ཅན་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་དང་བཀའ་བསྡུར་བྱ་ཐུབ་པ་བྱུང་། ཁོང་གི་ལམ་སྟོན་དང་རོགས་རམ་གནང་བ་ལ་ཤིན་ཏུ་བཀའ་དྲིན་ཆེ་ཞུ།” (Roerich 1949: xxi: “It has been a source of much satisfaction to me that I was able to discuss the entire translation with the Rev. dGe-'dun Chos-'phel, the well-known Tibetan scholar, and I gratefully acknowledge here his very helpful guidance.”) ཞེས་འཁོད་ཡོད། 


2019/04/25

འཁོར་ལོ་བདུན་གྱི་སྦྱོར་ཐབས།



སྲོག་ལུས་སེམས་གསུམ་ཡོངས་རྫོགས་འཁོར་ལོ་བདུན་གྱི་རྣམ་གཞག་ཏུ་དྲིལ་བ། འཁོར་ལོ་རྣམས་ཀྱིས་ཆ་སྙོམ་ལས་གཟུགས་གཞི་བདེ་ཐང་དང་། ནུས་སྟོབས། ཉམས་རྟོགས་འཕེལ་བར་བྱེད། 

1. རྩ་བའི་འཁོར་ལོ་འམ“མཱུ་ལ་དྷཱ་ར་ཅཀྲ(मूलाधार)”སྟེ་མཱུ་ལ་རྩ་བ་དང་ཨ་དྷཱ་ར་ནི་གཞིའོ། །
དོན: རྟེན་གཞིའི་རྩ་བ།
གནས: སྒལ་ཚིགས་སྒྲོམ་གཞི།
ཁམས: ས།
མཐུན་པོའི་སྦྱོར་བ (function): འཚོ་བ། བརྟན་པ། གཞི་རྩ་བརྟན་པ། བརྩེ་བའི་ཡོན་ཏན། ཡིད་ཆེས། མོས་གུས། ངང་རྒྱུད། གཟུགས་པོའི་ཆ་ལས། རྐང་པ།(རླ་མན་གྱི་ཆ་) རྐང་པ། སྒྱུ་ཆེན། སོ་བཅས་སོ།
མི་མཐུན་པའི་སྦྱོར་བ (Malfunction): ལྗིད་ཚད་ཀྱི་གནོད་སྐྱོན། རྩ་ཆུ་འགག་ནད། དཔྱི་མགོའི་དབང་རྩའི་ནད། གྲུམ་ནད། པུས་མོའི་ནད། རྒྱབ་གཟེར་བཅས་སོ། །
ཚོན་མདོག: དམར་པོ།
Muladhara Mandala.svgསྒྲ: དོ། (ཨ་ཐུང)
སྔགས: ལུཾའམ་ལུམ།
ཕྱག་རྒྱ:  གྱ་ན་མུ་དྲཱ་སྟེ་ (Gyana - ཟེར་བ་ཞིག་མ་རྙེད་པས་ཕལ་ཆེར་ཛྙ་ན་ཡིན་ནམ་བསམ།?) ཡེ་ཤེས་ཕྱག་རྒྱ།
རེས་གཟའ: ཉི་མ།
སྒྱུ་སྐར: ས་གཞི།
ལྩགས་རིགས: ཞ་ནེ།
སེམས་ཚོར: ང་ཡིན།

2019/04/01

ཀིར་ཏི་པུར།


ཀིར་ཏི་པུར་འམ་གྲགས་པའི་གྲོང་ (कीर्तिपुर / Kirtipur) ནི་བལ་ཡུལ་གྱི་གནའ་བོའི་གྲོང་ཁྱེར་ཞིག་ཡིན་ཞིང་། རྒྱལ་ས་ཀ་ཐ་མན་ཌུའི་ལྷོ་ནུབ་མཚམས་སུ་རི་དེའུ་ཞིག་གི་ངོགས་སུ་ཆགས་ཡོད་པ་དང་། གནས་འདི་ནི་རྒྱལ་སའི་ཉེ་འཁོར་གྱི་རི་གྲོང་ལྔ་ཞེས་གྲགས་པའི་ནང་གི་གཅིག་ཡིན་ལ་ཧིན་དྷུ་དང་ནང་པ་གཉིས་ཀའི་གནས་གྲགས་ཅན་དུ་བརྩི། རི་གྲོང་གཞན་བཞི་ནི་ཀ་ཐ་མན་ཌུ་ (Kathmandu) དང་། ལ་ལིཏ་པུར་ (Lalitpur) བྷཀ་ཏ་པུར། (Bhaktapur) མ་དྷྱ་པུར་ཐི་མི། (Madhyapur Thimi) བཅས་ཡིན། 

སྤྱི་ལོ་ 2008 ནས་བཟུང་གནས་འདི་འཛམ་གླིང་རྒྱལ་སྤྱིའི་ཤེས་ཡོན་དང་ཚན་རིག་རིག་གཞུང་རྩ་འཛུགས་ (UNESCO) ཀྱི་ཚོད་ལྟའི་འཆར་གཞིའི་ཐོ་གཞུང་དུ་ཚུད་ཡོད་པར་བཤད།[1]

འཕགས་པ་ཤིན་ཀུན།

གནས་འདི་ནི་བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཡ་གྱལ་གནའ་བོའི་བཟོ་བཀོད་ལས་གྲུབ་པའི་མཆོད་རྟེན་འཕགས་པ་ཤིང་ཀུན་ཡིན་ལ། འདིའི་མིང་ལ་དེ་ཝ་ན་ག་རིའི་ཡིག་གེ་ལྟར་ན་“སྭ་ཡམ་བྷུ་” (स्वयम्भू Swayambhu) དང་ནེ་པལ་གྱི་ཡི་གེ་ལྟར་ན་“སྺ་ཡཾ་བྷུ་” (स्वयंभू Swayaṃbhu) སྟེ་“རང་བྱུང་”ཞེས་གྲགས། བོད་སྐད་དུ་ཡོངས་གྲགས་ལ་“འཕགས་པ་ཤིང་ཀུན་”ཞེས་ཁྱད་དུ་འཕགས་པའི་ཤིང་རིགས་སྣ་ཚོགས་འདུས་པའམ། ཡང་ན་འཕགས་པའི་གང་ཟག་གི་ཤིང་ཀུན་འདུས་པའི་དོན་ལ་གོ་བ་ལྟ་བུར་སྣང་ཡང་། བལ་ཡུལ་ནེ་ཝར་མི་རིགས་ཀྱི་ཡུལ་སྐད་དུ་རང་བྱུང་གི་དོན་ལ་“སིན་གུ་” (Singgu) ཞེས་འབོད་པ་ལས་ཟུར་ཆགས་པ་ཡིན་སྲིད་ཚུལ་«ཤེས་རབ་ཀྱི་བུད་མེད་»❶ ཞེས་པའི་ཆེད་རྩོམ་ཞིག་ཏུ་བཤད་པ་དེ་འཐད་པར་སྣང་། གང་ལྟར་གནས་འདི་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུའི་ནུབ་རིའི་མཚམས་ཀྱི་དེའུ་འབུར་ཞིག་གི་སྟེང་དུ་ཆགས་ཡོད། དེང་སང་གནས་འདིར་རྒྱ་བལ་བོད་གསུམ་གྱི་གཙུག་ཁག་སྣ་ཚོགས་ཡོད་ཅིང་གནས་མཇལ་བ་དང་ཡུལ་སྐོར་བ་ཧ་ཅང་མང་། གནས་འདི་ནི་དུས་རབས་བཅུ་བཞིའི་ནང་བརྩམས་པའི་བལ་པོའི་རྒྱལ་རབས་«གོ་པཱ་ལ་རཱ་ཇ་ཝཾ་ཤཱ་ཝ་ལཱི་» (Gopālarājavaṃśāvalī) ནང་གསལ་ལྟར་ན། རྒྱལ་པོ་མཱ་ན་དེ་ཝའི་ (Mānadeva (464–505) ཡང་མྱེས་ཀྱིས་བཞེངས་པར་གྲགས་པས། བལ་པོའི་ཡུལ་དུ་ད་ཡོད་ནང་ཆོས་ཀྱི་གནས་ཆེས་ཐོག་མའི་གྲས་ཡིན་པར་སྣང་། ཉེ་ཆར་སྤྱི་ཟླ་ ༣ པའི་ཚེས་ ༢༣ ཉིན། ཁོ་བོ་དང་ཡུན་རིང་འགྲོགས་མྱོང་བའི་གྲོགས་མཆོག་དམ་པ་དོལ་པོ་བ་ཨོ་རྒྱན་དོན་འགྲུབ་ངེད་གཉིས་ཡུལ་སྐོར་དང་གནས་སྐོར་གཅིག་ལྕོགས་བྱས་ཏེ་འཁྱམས་མྱུལ་ལ་སོང་བས་ཧ་ཅང་དགའ་པོ་བྱུང་། 

 Allione, Tsultrim 1986.

2018/12/24

རྟ་ཤོད་ཅེས་པའི་ཐ་སྙད་ཀྱི་ལོ་རྒྱུས།

ཁྱུང་རིག་འཛིན། ༢༠༡༨། ༡༡། ༠༧།
དེ་ཡང་བོད་མདོ་ཁམས་ཡུལ་དུ་སྨད་ཀྱི་ཏྲེ་ཤོད་དང་སྨར་ཤོད། བར་གྱི་དཔའ་ཤོད་དང་ལྗང་ཤོད། སྟོད་ཀྱི་དངུལ་ཤོད་དང་ནག་ཤོད་སོགས་ཀྱིས་མཚོན་པས་ཤོད་ཆེན་བཅོ་བརྒྱད་སོགས་བརྩི་སྲོལ་ཡོད་པ་ལྟར་འདིར་ཁམས་སྟོད་ཁྱུང་པོའི་ལུང་ཚན་“རྟ་ཤོད་”ཅེས་པའི་ཡུལ་མིང་འདིར་ཅུང་ཟད་དཔྱད་ན། ཐ་སྙད་འདི་ཆེས་མ་འཐའ་ཡང་འདི་ནས་ཡར་བརྩིས་པའི་ལོ་ངོ་ཆིག་སྟོང་ཙམ་གྱི་སྔོན་ནས་ཡོད་པ་སྟེ།
རྟ་ཤོད་གཞུང་།
དེ་ཡང་ཐོག་མར་དུས་རབས་ ༡༠ དང་ ༡༡ པའི་བར་བྱོན་པའི་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་ (968–1076) གྱིས་བརྩམས་པར་གྲགས་པའི་«རླངས་ཀྱི་པོ་ཏི་བསེ་རུ་» (གངས་ཅན་རིག་མཛོད། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1985, p. 30.18–19) ལས། “རུ་དཔོན་གྱིས་སུམ་ཅུ་པ་ [=སུམ་པ་?] རླངས་ཡུལ་གྱིམ་ཤོད་བྲག་ཤེལ་ལེ་རྒྱ་གར་གྱི་ཞོལ་རྟ་ཤོད་ལུང་དམར་”ཞེས་ཡུལ་ལུང་གི་ཁ་དོག་དང་། ཡང་དེ་ཉིད་ (p. 89.16–17) ལས། “རླངས་ཀྱི་གྲུབ་ཐོབ་ཆེན་པོ་རྩ་རྔུ་ལྷ་ཡི་རྡོ་རྗེས། རྟ་ཤོད་ལྷ་ཁང་ཐང་དུ་མཐའ་འདུལ་གྱི་གཙུག་ལག་ཁང་བཞེངས།” ཞེས་རྟ་ཤོད་ཀྱི་ཐ་སྙད་ཙམ་མིན་པར་རྟ་ཤོད་དུ་ཡོད་པའི་ས་གནས་བྱེ་བྲག་པ་“ལྷ་ཁང་ཐང་”གི་མིང་དང་། དེ་བཞིན་དུ་ (p. 91.10–11) “རླངས་ཀྱི་གྲུབ་ཐོབ་ཆེན་པོ་རྩ་ངུ་རྟའི་ [= ལྷའི་] དབང་ཕྱུག་གིས། རྟ་ཤོད་རྩེ་རུ་རྒྱལ་པོ་རྡོ་རྗེ་བཙན་གྲགས་ [...] དམ་ལ་བཏགས་”ཚུལ་དང་། ཡང་ (p. 96.15–17) “སློབ་དཔོན་པད་མའི་བཀའ་བསྟན་བཅོས། དབུ་ཞྭ། ན་བཟའ། ཕྱགས་ [= ཕྱག་] གའུ་རྣམས་རྟ་ཤོད་ལྷ་ཁང་། ཆོས་སྟོན་ཐུགས་རྗེའི་གླིང་དུ་དབུས་ཀྱི་ཀ་ཆེན་ལ་ཁོལ་དུ་བཅུག་ནས། ཡི་དམ་དུ་བཞུགས། མཆོད་པ་ཕུལ་བ་ལ། ལྷོའི་ཡུལ་ཐམས་ཅད་དུ་མི་ནད་ཕྱུགས་ནད་ཐམས་ཅད་ཆད་ནས་བཀྲ་ཤིས་པ་བྱུང་”ཚུལ་སོགས་རྒྱ་ཆེར་འཁོད་ཡོད།
    དེ་ནས་དུས་རབས་ ༡༢ ནས་ ༡༣ པའི་ནང་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་ (1143–1217) མཛད་པའི་«ཕྱག་རྒྱ་ཆེན་པོ་གཞི་ལམ་འབྲས་གསུམ་གྱི་ཞལ་གདམས་རིན་པོ་ཆེའི་ཕྲེང་བ་»ལས། “རྟ་ཤོད་ཨ་ཙ་ར།” ཞེས་གསལ་བས་“རྟ་ཤོད་ཨ་ཙ་རའི་”ཕ་ཡུལ་ཕལ་ཆེར་ཁམས་ཁྱུང་པོ་ནས་ཡིན་པ་དང་། “རྟ་ཤོད་”ཀྱི་ཐ་སྙད་དང་བརྡ་དག་འབྲི་ཚུལ་འདི་ག་རང་ཡིན་པ་མཚོན་ཐུབ།
    དེ་བཞིན་དུ་དུས་རབས་ ༡༣ དང་ ༡༤ བར་བྱོན་པའི་ཀརྨ་པ་རང་བྱུང་རྡོ་རྗེས་ (1284–1339) མཛད་པའི་«འགྲོ་མགོན་རས་པ་ཆེན་པོའི་རྣམ་པར་ཐར་» («རང་བྱུང་རྡོ་རྗེའི་གསུང་འབུམ་»པོད་བཞི་པའི་ཆོས་ཚན་དྲུག་པ།) ལས། “དབུས་སུ་བཞུད་པས་རྟ་ཤོད་རྣ་རྒྱང་ (རྨེ་རུའི་གནམ་ལ་ཡིན་ནམ་སྙམ།) དུ་བསྐྱལ་ནས། ས་སྨད་དུ་བཞུད་པར་གདའ།” ཞེས་གསལ།
    དེ་ནས་དུས་རབས་ ༡༨ པར་ཕེབས་པའི་ཀོང་སྤུལ་ཡོན་ཏན་རྒྱ་མཚོས་ (1813–1899) བརྩམས་པའི་«ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བཻཌཱུརྻའི་ཕྲེང་བ་»ལས། རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་ཐར་སྐབས། “རྟ་ཤོད་དཀྱིལ་འཁོར་ཐང་སོགས་ནས་སྔ་ཕྱིར་ཟབ་གཏེར་མང་དུ་སྤྱན་དྲངས་པ་གཏེར་འབྱུང་ལས་གསལ།” ཞེས་དང་། ཡང་དེ་ཉིད་ཀྱིས་མཛད་པའི་«འཚོ་བྱེད་ལས་དང་པོ་ལ་ཉེར་བར་མཁོ་བའི་ཟིན་ཏིག་གཅེས་པར་བཏུས་པ་བདུད་རྩིའི་ཐིགས་པ་»ལས་ལེའུ་ཉི་ཤུ་པ་སྨན་གྱི་ནུས་པ་བཤད་པའི་སྐབས། “མུ་མེད་ [=མུ་མེན་] ནི་རྡོ་ལས་འབྱུང་བའི་སྔོ་ནག་གསེར་ཐིག་ཅན་མཆོག [....] འདི་རིགས་འབྲུམ་པ་ཡོད་མེད་སོགས་ཡུལ་ཁྱད་པར་གྱིས་སྣ་ཚོགས་འདུག་ཀྱང་ལྷོ་རྟ་ཤོད་ནས་འབྱུང་བ་བཟང་།” ཞེས་གསལ།
    དེས་རྗེས་དུས་རབས་ ༡༩ ནས་ ༢༠ (1880–1923/1925) བར་བྱོན་པའི་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་མཛད་པའི་«དབུས་གཙང་གནས་ཡིག་» (ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2001, pp. 26.18–27.1) གྲགས་ཅན་མ་ལས། “ལྷོ་རྟ་ཤོད་ཀྱི་བུ་མོ་པདྨ་མཚོས་རྫུ་འཕྲུལ་གྱིས་ཉིན་གཅིག་གིས་འཐག་པའི་སྒ་སློས་རྟ་འཇག་མ་ཞེས་ངོ་མཚར་ཅན།” མཇལ་ཚུལ་པདྨ་མཚོའི་རྣམ་ཐར་ཀྱི་ཆ་ཤས་དང་བཅས་པ་འཁོད་ཡོད།
    དེ་བཞིན་དུ་ཀུན་བཟང་ཉི་མས་བརྩམས་པའི་ (1904–1958) «ཀོང་ཐེའུ་རང་གི་ར་རྫོང་ཕབ་པ་འཛམ་གླིང་ཆོས་ཀྱི་རྒྱལ་པོའི་རྟོགས་བརྗོད་དཔལ་གྱི་བེའུ༔» («གསུང་འབུམ་ཀུན་བཟང་ཉི་མ་» vol. 25, fol. 44b6) ལས། “དེ་ནས་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་ཤར་ལྷོ་མཐོན་པོ་རི་དྲུག་ནས་བརྒལ་ཏེ་རྟ་ཤོད་རྡོ་རྗེའི་ཁྲ་སྒོ་མཐོན་པོ་ནས་གཟིགས་ཙ་ན་མཐོན་པོ་རྟ་རྣ་ཅན་གྱི་དམག་རྩི་ཤིང་ལས་ལྷུན་འཐུག་”ཞེས་དང་།
    ཁྱད་པར་དུ་སྤྱི་ཚོགས་གསར་རྙིང་གཉིས་ཀ་བརྒྱུད་མྱོང་ཞིང་མཁྱེན་དཔྱོད་ཡངས་པའི་སྐུ་ངོ་ང་ཕོད་ངག་དབང་འཇིགས་མེད་ཀྱིས་བརྩམས་པའི་ (b. 2009) «བོད་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་» (པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1995, p. 204.12–13) ལས། “སྐུ་ཕྲེང་དང་པོ། རྒྱ་ར་སངས་རྒྱས་ཡེ་ཤེས་ཀྱི་རྣམ་སྤྲུལ་དུ་གྲགས་པ་གྲུབ་ཆེན་ཤེས་རབ་ཕུན་ཚོགས། ཁྱུང་པོ་རྟ་ཤོད་དུ་འཁྲུངས། དགུང་གྲངས་རེ་དྲུག་ཆུ་སྤྲེལ་ལོ་གཤེགས།”ཞེས་རྟ་ཤོད་ཅེས་གསལ་བར་འཁོད། དཔེ་དེབ་འདི་ནི་ཆབ་མདོ་དགོན་པའི་བླ་ཆེན་རྣམས་ཀྱི་ལོ་རྒྱུས་འཁོད་པ་ཞེ་གཅིག་ཡིན།
    མདོར་བསྡུས་ནས་བཤད་ན་དུས་རབས་བཅུ་པ་ཡན་མན་ནས་བཟུང་ད་ལྟའི་བར་དུ་ “རྟ་ཤོད་”ཅེས་པའི་ཐ་སྙད་དང་བརྡ་དག་འབྲི་ཚུལ་འདི་ག་རང་ཡིན་པ་ཁུངས་ལྡན་གྱི་ལོ་རྒྱུས་ཁག་ཏུ་གསལ་ཡོད་པས། ད་ལྟ་གློ་བུར་དུ་རང་གི་ཚོར་སྣང་དང་དགའ་ཕྱོགས་ལ་བསྟུན་ནས་“ལྟག་ཤོད་”དང་། “སྟག་ཤོད།” “ཏག་ཤོད་”སོགས་གང་བྱུང་གིས་བཟོ་བཅོས་མ་བྱས་ན་བཟང་། ལོ་རྒྱུས་ནི་ལོ་རྒྱུས་ཏེ་བཟང་ངན་བར་གསུམ་གང་བྱུང་བ་ཐམས་ཅད་ཇི་བཞིན་འཁོད་དགོས་པ་ལས། དགའ་དང་མི་དགའི་འདེམས་སྒྲུག་བྱེད་པ་ནི་ལོ་རྒྱུས་རིག་པ་དང་བརྡ་སྤྲོད་རིག་པ་སོགས་གང་ལ་ཡང་མི་རུང་བ་ངེས་པར་དུ་མཁྱེན་དགོས།
ཞོར་དུ་ཤོད་ཆེན་བཅོ་བརྒྱད་ཀྱི་གྲངས་འདྲེན་ནི།
དེང་དུས་བསྟན་འཛིན་ཆོས་དབྱིངས་ཀྱིས་བྱས་པའི་«མེས་པོའི་བྱུང་བ་» (པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2007, pp. 86.15–87.3) ལས། “ད་ལྟ་ས་ཆ་དང་དངོས་སུ་ར་འཕྲོད་བྱུང་བ་ནི།
༡: ནགས་ཤོད། འབྲི་རུ་རྫོང་ཁོངས་ཀྱི་ས་ཆ་ཕལ་ཆེ་བ།
༢: སོག་ཤོད། སོག་གཡག་ལའི་ཁུལ།
༢: དཀར་ཤོད། སོག་རྫོང་ཁོངས།
༤: རེ་ཤོད། སོག་རྫོང་ཁོངས།
༥: རྒྱ་ཤོད། སྟོད་འབྲི་རུ་དང་སྨད་དཔལ་འབར།
༦: ས་ཤོད། དཔལ་འབར་རྫོང་ཁོངས།
༧: དཔའ་ཤོད། དཔལ་འབར་རྫོང་ཁོངས།
༨: རྒྱང་ཤོད། སྟེང་ཆེན་རྫོང་ཁོངས།
༩: གྱིམ་ཤོད། སྟེང་ཆེན་རྫོང་ཁོངས།
༡༠: རྟ་ཤོད །སྟེང་ཆེན་རྫོང་ཁོངས།
༡༡: གཡི་ཤོད་དམ་གཡང་ཤོད་ནི་རི་བོ་ཆེ་རྫོང་ཁོངས།
༡༢: དངུལ་ཤོད། ལྷོ་རོང་རྫོང་ཁོངས།
༡༢: རྔོད་ཤོད། མཛོ་སྒང་རྫོང་ཁོངས།
༡༤: ཟླ་ཤོད། ཆབ་མདོ་རྫོང་ཁོངས།
༡༥: ངོམས་ཤོད། ཆབ་མདོ་རྫོང་ཁོངས།
༡༦: མེ་ཤོད། སྡེ་དགེ་རྫོང་ཁོངས།
༡༧: སྨར་ཤོད། གོ་འཇོ་རྫོང་ཁོངས།
༡༨: ཀྲེ་ཤོད། དཀར་མཛེས་རྫོང་ཁོངས་ཞེས། དེ་ལྟར་ཁམས་མདོ་སྟོད་ནགས་ཤོད་ནས་སྨད་དཀར་མཛེས་བར་དུ་སྐབས་ཤིག་གཅིག་འགྱུར་གྱི་ས་བབས་དང་ཆུ་རྒྱུད་རིག་གནས་གཅིག་གི་སྒྲིག་གཞིའི་ཁོངས་སུ་གཏོགས་པ་ཞིག་ཡིན།

2017/12/08

སྒྲོལ་མ།

ཨོཾ་རྗེ་བཙུན་མ།
སྐྱ་རེངས་དང་པོ་དང་པོའི་དུས།།
བསིལ་རླུང་ཞིམ་པོ་ཞིམ་པོ་ལྡང་།།
དགུན་ཁ་དགུན་ཁའི་ནམ་དུས་ལ།།
དབྱར་ཁ་དབྱར་གྱི་ཆར་ཟིམ་འཇོ།།
སྣང་བ་སྣང་བའི་མེ་ལོང་ངོགས།།
སྒྲོལ་མ་དཀར་མོ་དཀར་མོའི་སྐུར།།
དྭངས་ལ་དྭངས་བའི་དད་པ་འཕྱོ།།
རེ་འདོད་མེད་པའི་རེ་འདོད་ནི།།
དད་པ་ནང་གི་དད་པ་ཡིན།།
དམ་ཚིག་ནང་གི་དམ་ཚིག་ཡིན།།
སྒྲོལ་མ་དམ་དུམ་གསེར་དམ་དུམ།།
“ཕྱག་འཚལ་བཀྲ་ཤིས་བྱས་”ནའང་བྱས།།
“གེ་སར་བྱི་ལོར་བྱུང་”ནའང་བྱུང་།།
ཕྲིན་ལས་དངོས་གྲུབ་ཐོགས་པ་མེད།།
“བུ་འདོད་པ་ལ་བུ་འཐོབ་”ན།།
བུ་མོ་འདོད་ནའང་ཅིས་མི་འཐོབ།།
རྟ་ལ་རེ་དང་སྒ་ལ་རེ།།
ཏཱ་རེ་ཏུཏྟ་རེ་ཡང་འདྲ།།
རེ་བ་ཐབས་ཅད་སྐོང་མཛད་མ།།
སྒྲོལ་མ་ཁྱེད་ལ་གསོལ་བ་འདེབས།།
སེངྒེ་སྐྲག་མཛད་ཤིང་གོས་ཅན།།
གཏུན་ཆེན་གླང་པོ་དུལ་མཛད་མ།།
དགྲ་མེ་བཞིལ་བའི་ཆར་རྒྱུན་མ།།
དུག་སྦུལ་མེ་ཏོག་ཕྲེང་སྒྱུར་མ།།
ཆོ་མ་རྐུན་དངངས་བྱེད་དཔལ་རྟུལ་མོ།།
བཙོན་རའི་སྒོ་ལྕགས་འབྱེད་བྱེད་མ།།
གྲུ་ལ་མཐུན་པའི་རླུང་སྡེབ་མ།།
ཤ་ཟ་འཇིགས་མཛད་རག་གྲི་ཅན།།
འཇིགས་པ་བརྒྱད་དང་བཅུ་དྲུག་ལས།།
སྐྱོབས་པའི་ལྷ་མོ་ཁྱེད་ལས་མེད།།
ཚེ་དཔལ་སྐྱེད་པའི་སྒྲོལ་མ་དཀར།།
ཕྲིན་ལས་མྱུར་བའི་སྒྲོལ་མ་ལྗང་།།
གནོད་པ་ཟློག་པའི་སྒྲོལ་མ་ནག།
དབང་སྡུད་སྒྲོལ་མ་དམར་ཡང་ཆོག།
རིག་བྱེད་མ་དང་ངོ་བོ་གཅིག།
ཤེས་རབ་ལྷ་མོ་དཀར་ཡང་ཆོག།
དབྱངས་ཅན་མ་དང་ཐ་མི་དད།།
ལྷ་མོ་ཁྱེད་ལ་གསོལ་བ་འདེབས།།
བདག་གི་འདོད་དོན་འགྲུབ་པར་མཛོད།།
ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱཧཱ།།
— ཁྱུང་ཨོ་རིག་འཛིན།