འབྲི་ཏ་ས་འཛིན།
མིང་འདི་ནི་ལེགས་སྦྱར་གྱི་“བྷྲྀ་ཏ་བྷཱུ་མི་”(Bhṛtabhūmi/भृतभूमि)ཞེས་པ་ལས། དང་པོ་“བྷྲྀ་ཏ་”(Bhṛta/भृत)ཞེས་པ་ནི་«མོ་ནིར་ཝི་ལི་ཡམ་སི་ཚིག་མཛོད་» (ⅰ) (Monier-Williams 1999, p. 764) ལས། “འཛིན་པ། བདག་གིར་བྱེད་པ་”སོགས་ལ་འཇུག་ཅིང་འདིའི་སྒྲ་སོར་བཞག་དང་། གཉིས་པ་“བྷཱུ་མི་”ཞེས་པ་འདི་“ས་འཛིན་”དུ་དོན་བསྒྱུར་བྱས་ཏེ་“འབྲི་ཏ་ས་འཛིན་”ཞེས་བཏགས་པར་སེམས། ཡིག་རྙིང་གི་མ་དཔེར་“བྷྲི་”[=བྷྲྀ་] ཞེས་ཡོད་པ་དཔེ་གསར་དུ་“འབྲི་”ཞེས་བཅོས་ཡོད་པ་འདི་ཙམ་གྱིས་ཀྱང་རྟོགས་པར་འགྱུར། དཔེར་ན། ཕྱི་རོལ་པའི་སྟོན་པ་“བྷྲྀ་ཧསྤ་ཏི་”(Bṛhaspati/बृहस्पति) ལ་བོད་ཡིག་རྙིང་པར་“འབྲི་ཧས་པ་ཏི་”ཞེས་འབྲི་སྲོལ་ཡོད་པ་བཞིན་ནོ། །
དེས་ན་ལྡུམ་འབྲས་འདིའི་ཐ་སྙད་བོད་ཡིག་ཏུ་བཞུགས་པའི་ཁུངས་སྔ་ཤོས་གཅིག་ནི། བསྟན་པ་སྔ་དར་དུས་རབས་བརྒྱད་པའི་སྐབས་སུ་བོད་དུ་བྱོན་པའི་སློབ་དཔོན་ཤཱནྟིཾ་གརྦྷས་(Shāntingarbha)བསྒྱུར་བར་གྲགས་པའི་«གསོ་དཔྱད་རིན་པོ་ཆེ་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་» (pp. 114.15–115.3) ལས། “འབྲི་ཏ་ས་འཛིན་ཞེས་བྱ་བ། །ལ་ལས་རྒྱལ་མ་རྒྱུ་མ་ཟེར། །ལོ་མ་དམར་པོ་ཆུང་བ་ལ། །སྡོང་བུ་དམར་པོས་ས་གཞི་ཁྱབ། །མེ་ཏོག་དཀར་པོ་ཆུང་བ་ཡིན། །འབྲས་བུ་རི་ལུའི་དབྱིབས་དང་འདྲ། །ལ་ལས་ཙི་ཙི་མོ་ཞེས་ཟེར། །རོ་ནི་ཅུང་ཟད་མངར་སྐྱུར་ཡིན། །ནུས་པས་སྟོད་དུ་འདྲེན་པར་བྱེད། །ཕྱེ་མ་བྱས་ལ་རྨ་ལ་གདབ། །རྨེན་ངན་སྐྱེས་དང་སྐྲངས་པ་འཇོམས། །ཤུ་བ་སྐྱ་སྔོ་ལ་སོགས་པ། །མར་སྦྱར་བྱུགས་ན་བདེ་བར་འགྱུར། །གཞན་ཡང་ཡོན་ཏན་བསམ་མི་ཁྱབ། །”ཞེས་གསུངས་པ་འདིས་ཆོག་པར་སེམས།
(i) Monier Williams 1999: 764: Bṛita, mfn. bearing, carrying, bringing, procuring, possessing, wearing, having, nourishing, supporting, maintaining.
ཁུངས་འདྲེན་ཡིག་ཆ།
1) སློབ་དཔོན་ཤཱནྟིཾ་གརྦྷ། (trs.) «གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་». «གསོ་རིག་སྨན་གྱི་རོ་ནུས་ངོས་འཛིན་གསལ་སྟོན་ཕྱོགས་སྒྲིག་རིན་ཆེན་སྒྲོན་མེ་». པེ་ཅིན། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་།, 2007, pp. 73–208. [BDRC: W1GS49280].
2) [Monier-Williams 1999] Monier, Ernst Leumann, and Carl Cappeller. A Sanskrit-English Dictionary: Etymologically and Philologically Arranged with Special Reference to Cognate Indo-European Languages. New ed. Delhi: Motilal Banarsidass Publishers, 1999.
No comments:
Post a Comment
གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག