2026/06/24

འབྲི་ཏ་ས་འཛིན།

འབྲི་ཏ་ས་འཛིན། མིང་འདི་ལ་“བྷཱུ་མི་བྷྲྀ་ཏ་” (Bhūmibhṛta / भूमिभृत) སྟེ་རྒྱལ་པོ་དང་རི་བོ་སོགས་ལ་འཇུག་པ་དང་། ཡང་ན་“བྷྲྀ་ཏ་བྷཱུ་མི་” (Bhṛtabhūmi / भृतभूमि) སྟེ། “ས་འཛིན་”ཞེས་པའི་དོན་གཉིས་གང་རུང་ཡོད་པ་ལས། བྷྲྀ་ཏ་ (Bhṛta / भृत) སྒྲ་སོར་བཞག་དང་“བྷཱུ་མི་” (Bhūmi / भूमि) དོན་བསྒྱུར་བྱས་ཏེ་“འབྲི་ཏ་ས་འཛིན་”ཞེས་བཏགས་པར་སེམས། ཡིག་རྙིང་མ་དཔེར་“བྷྲི་ [=བྷྲྀ་]”ཞེས་ཡོད་པ་དཔེ་གསར་དུ་“འབྲི་”ཞེས་བཅོས་ཡོད་པ་འདི་ཙམ་གྱིས་རྟོགས་པར་འགྱུར། དཔེར་ན་ཕྱི་རོལ་པའི་སྟོན་པ་“བྷྲྀ་ཧསྤ་ཏི་” (Bṛhaspati / बृहस्पति) ལ་བོད་ཡིག་རྙིང་དུ་“འབྲི་ཧས་པ་ཏི་”ཞེས་འབྲི་སྲོལ་ཡོད་པ་བཞིན་ནོ། ། དེས་ན་སྡུམ་འབྲས་འདིའི་ཐ་སྙད་ལ་བོད་ཡིག་ཏུ་བཞུགས་པའི་ཁུངས་སྔ་གྲས་གཅིག་ནི། བསྟན་པ་སྔ་དར་དུས་རབས་བརྒྱད་པའི་སྐབས་སུ་བོད་ལ་བྱོན་པའི་སློབ་དཔོན་ཤཱནྟི་གརྦྷས་བསྒྱུར་བར་གྲགས་པའི་»གསོ་དཔྱད་རིན་པོ་ཆེ་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་«ལས། “འབྲི་ཏ་ས་འཛིན་ཞེས་བྱ་བ། །ལ་ལས་རྒྱལ་མ་རྒྱུ་མ་ཟེར། །ལོ་མ་དམར་པོ་ཆུང་བ་ལ། །སྡོང་བུ་དམར་པོས་ས་གཞི་ཁྱབ། །མེ་ཏོག་དཀར་པོ་ཆུང་བ་ཡིན། །འབྲས་བུ་རི་ལུའི་དབྱིབས་དང་འདྲ། །ལ་ལས་ཙི་ཙི་མོ་ཞེས་ཟེར། །རོ་ནི་ཅུང་ཟད་མངར་སྐྱུར་ཡིན། །ནུས་པས་སྟོད་དུ་འདྲེན་པར་བྱེད། །ཕྱེ་མ་བྱས་ལ་རྨ་ལ་གདབ། །རྨེན་ངན་སྐྱེས་དང་སྐྲངས་པ་འཇོམས། །ཤུ་བ་སྐྱ་སྔོ་ལ་སོགས་པ། །མར་སྦྱར་བྱུགས་ན་བདེ་བར་འགྱུར། །གཞན་ཡང་ཡོན་ཏན་བསམ་མི་ཁྱབ། །” ཞེས་པ་འདི་ཡིན་ཆོག་པར་སེམས།

2026/02/27

ཚེ་རིང་ཞྭ་མོ་དང་སྐེད་གྲི་ལྕགས་ཤུབ་ཅན།

ཚེ་རིང་ཞྭ་མོ་དང་སྐེད་གྲི་ལྕགས་ཤུབ་ཅན།
དེང་སང་ཚེ་རིང་ཞྭ་མོ་འདི་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆས་གོས་གལ་ཆེན་ཞིག་ཏུ་གྱུར་ཡོད་ནའང་། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་འདི་རྒྱ་སོག་གམ། ཡང་ན་ཆས་གོས་གཞན་ལས་བྱུང་བ་ཡོད་པ་དང་། དེ་བཞིན་སྐེད་གྲི་ལྕགས་ཤུབས་ཅན་འདི་ཡང་གང་ལས་བྱུང་མིན་མ་ངེས་ཀྱང་ཚེ་རིང་ཞྭ་མོ་དང་ལྷན་ཏུ་དར་ཁྱབ་བྱུང་ཡོད་པ་འདྲ་ལ། སྲོལ་རྒྱུན་པ་ཚོས་དེ་དག་ལ་མི་འགའ་བའི་རྣམ་འགྱུར་མཚོན་པའི་ཟུར་ཟ་ཡང་བྱས་ཡོད་པ་སྟེ། 
‘མགོ་ལ་ཁོལ་མོ་[རྦུད་པ་]གོན། 
རྐུབ་ལ་ཤན་མཆུ་བཏགས།’ 
ཞེས་འཕྱ་སྨོད་བྱས་པར་གྲགས།
{གཏམ་རྒྱུད་འདི་བདག་གི་ཕ་འདས་པོ་ཚེ་རིང་རྡོ་རྗེ་ལྷོད་ལྷོད་ཡིན་པའི་སྐབས་ཤིག་ཏུ་ང་ལ་བཤད་སོང་།}
དེས་ན་དངོས་པོ་འདི་དག་བོད་དུ་དར་ཚུལ་གསལ་པོ་མཁྱེན་མཁན་ཡོད་དམ།