ལྷ་མོའི་བླ་མཚོ། དེ་རིང་ངོ་དེབ་དྲ་བར་ཤེས་རབ་བློ་བཟང་གིས་ལྷ་མོའི་བླ་མཚོའི་འདྲ་པར་འདི་བཀོད་ཡོད་པ་མཐོང་དུས། ངས་གློ་བུར་དུ་མི་ལོ་ ༡༦ གི་ཡར་སྔོན་དུ་ང་དང་གཅུང་པོ་ས་དེར་གནས་སྐོར་ལ་སོང་བའི་ལོ་རྒྱུས་མིག་སྔོན་དུ་བཀྲ་ལམ་ལམ་དུ་འཁོར་སོང་། རྒྱུན་ལྡན་ནས་བོད་པའི་ཞིང་འབྲོག་མང་ཚོགས་མང་པོ་ཞིག་སྟོན་ལས་ཚར་རྗེས་བོད་ཟླ་དགུ་པ་བཅུ་པ་ཡན་མན་ལ་གནས་སྐོར་དུ་འགྲོ་སྲོལ་ཡོད་པ་ལྟར། ངེད་གཅེན་གཅུང་གཉིས་ཀྱང་ ༡༩༩༥ ལོའི་སྟོན་རྒྱབ་ཏུ་གནས་སྐོར་ལ་འོངས་བ་ཡིན།
སྤྱིར་ཁམས་རིགས་ཨ་སྐྱོ་ཁ་ཤས་ཀྱི་སྤྱོན་ངན་ལ་བརྟེན་ནས་དབུས་གཙང་ཁུལ་དུ་གནས་ཚང་གཡར་བར་དཀའ་ཚེགས་བའི་ཁར། ལོ་དེར་ཇག་པས་དྭགས་ལ་སྒམ་པོའི་དགོན་པ་བཅོམ་ཞིང་དཀོར་གཉེར་དང་དེའི་རོགས་པ་གཉིས་བསད། མ་ཟད་རྩ་ཆེའི་རྟེན་ནོར་རྗེ་མི་ལའི་གཏེར་ཕུར་དང་ཞལ་ཐང་རྙིང་པ་བརྒྱད་བཅས་རྐུ་ལ་ཤོར་མ་ཐག་རེད། དེར་བརྟེན་ཁམས་པའི་ཨ་སྐྱོ་ནི་ཉིན་མོར་རྒྱུ་བའི་སྲིན་བྱ་དང་འདྲ་བར་མཐོང་མི་འདོད་པའི་དུས་སྐབས་དང་ཁེལ་སྟབས། གནས་ཚང་གཡར་ས་རག་རྒྱུ་ཕར་ཚད་རེད་འདུག་པས་ངེད་གཉིས་རི་ལ་གུར་ཕུབ་སྟེ་སྡོད་ཅིང་འོངས་བ་ཡིན།
སྤྱིར་ལྷ་མོའི་བླ་མཚོ་ནི་སྣང་རྫོང་དང་རྒྱ་ཚ་རྫོང་གཉིས་ཀྱི་ལམ་བར་གཙང་པོའི་ཕར་ཕྱོགས་ཀྱི་དྭགས་ལ་སྒམ་པོའི་རྒྱུད་དུ་ཆགས་ཡོད། རི་རྒྱུད་ཆ་ཚང་སྐོར་བར་ཉིན་མ་བརྒྱད་ལ་འགོར་ཞིང་རྟ་ལ་བཟའ་བཅའ་བཀལ་ཏེ་གནས་སྐོར་འགྲོ་མཁན་གྱི་དྭགས་པོའི་ཡུལ་མི་ཧ་ཅང་མང། དེ་ཡང་དང་པོ་གཡས་ལུང་ནས་འཛུལ་ཏེ་རྒྱུག་ཆུ་དེད་ནས་ཉི་མ་གསུམ་བཞི་ཙམ་སོང་ན། སྔོན་༸གོང་ས་གཉིས་པས་བཞེངས་པའི་དྭགས་པོ་ཆོས་འཁོར་རྒྱལ་མེ་ཏོག་ཐང་གི་དགོན་པ་མཇའ་འོང་། དགོན་པ་འདི་ནི་ལོ་རྒྱུས་དང་མཚན་སྙན་ཆེ་བ་ལས་ཕྱིའི་བཀོད་པ་དང་ནང་གི་དགེ་འདུན་པ་སོགས་ཕྱོགས་གང་ཐད་ནས་འཁོས་ཀ་ཧ་ཅང་དམན་ཞིང་ཐ་ན་རིག་གསར་སྐབས་གཏོར་བཅོམ་བཏང་བའི་གྱང་ཧྲུག་དག་ཀྱ་ཉམས་གསོ་མ་ཐུབ་པར་རྩིག་ཧྲལ་ཟང་ཟིང་གི་གསེང་དུ་སྤྲང་སློང་ཞིག་དང་མཚུངས་པར་གནས་འདུག ༼ཞིབ་ཕྲ་གོང་གསལ་དྲྭ་ཐག་ལས་གཟིགས།༽
ཆོས་འཁོར་རྒྱལ་ནས་བླ་མཚོའི་བར་ཉེ་ལམ་ཚུ་ཚོད་གཉིས་དང་རིང་ལམ་ཉིན་ཕྱེད་ལས་མེད། རིང་ལམ་ནས་སོང་ན་ལུང་ཕུག་གི་རྫ་མཚམས་བར་སོང་སྟེ་རྫ་ལ་མ་བརྒལ་བར་གཡོན་ལུང་ནས་མར་བབས་ཏེ་ཚུ་ཚོད་གཅིག་ཙམ་སོང་ན་བཟོད་ལྷ་མོའི་བླ་མཚོར་སླེབས་ཐུབ། གལ་ཏེ་རྫ་ལ་བརྒལ་ན་ཀོང་པོ་རྒྱ་མདར་སླེབ་པར་ངེས། ལུང་པ་འདིའི་ཉིན་རི་སྤང་ཤུག་འདྲེས་མ་དང་། སྲིབ་རི་སྤང་ལྗོངས་ལ་བལ་ལུ་ཐར་ཐོར་སྐྱེས་ཡོད་པའི་འབྲོག་ས་ཡིད་དུ་འོང་བ་ཞིག་རེད། འབྲོག་པ་དྲག་གྲས་ཚོར་ནོར་ནག་ ༦༠ ཡན་མན་དང་དེ་མཚུངས་ར་ལུག་ཀྱང་འདུག་ལ། མ་འདྲ་བ་ཞིག་ལ་ཁོང་ཚོའི་འབྲི་གཡག་མང་ཆེ་བའི་རྭ་འཕྲད་སྐྱེས་དང་གཟུགས་སྟོབས་གཞན་ལས་ཆེ་བར་སྣང་། ད་ལྟ་བྱེད་དུས་ཉང་གཡག་ཅེས་པའི་རིགས་དེ་དག་རེད། ཉང་གཡག་ནི་ཀོང་པོ་རྒྱ་མདའ་ཁུལ་གྱི་ཉང་པོ་ཙམ་མིན་པར་ནག་ཆུ་ལྷ་རི་རྫོང་ཚུན་ཆད་ལ་ཁྱབ་ཡོད་པའི་ནོར་ནག་གི་རིགས་མི་འདྲ་བ་ཞིག་རེད།
སྔོན་མ་ཕྲན་གྱི་ཕ་འདས་པོས་“དྭགས་པོའི་ཁྱི་ནི་འབྲོག་ཁྱི་རྫིག་ཤོས་དང་། དཔའ་ཆེ་ཤོས་རེད། སྔོན་ཆད་སྤྱི་ཚོགས་རྙིང་པའི་དུས་ཕྱི་ཆུང་བསྟན་དར་(ཁྱུང་པོ་རྨེ་རུ་ར་རྡོ་ཁར་ཡོད་པའི་ཁྱིམ་ཚང་ཆེ་བ་ཞིག་གི་མི།)གནས་སྐོར་ལ་འགྲོ་ཞོར་དྭགས་ཁྱི་ཞིག་ཉོས་ཏེ་ཕ་ཡུལ་ན་ཁྱེར་བའི་ཁྱི་རིགས་དེ་ཚོ་རྟ་ཁལ་གྱི་རིན་པ་ཤ་སྟག་རེད།” ཅེས་གསུངས་པ་ལྟར་མཐོང་བར་མི་བཟོད་པའི་འབྲོག་རྫིག་པོ་དག་གིས་སྐོར་ཐག་འཐེན་ཐེངས་རེར་སྙིང་ལ་ཚ་ཤར་རྒྱག་འོང་བ་དེ་འདྲ་འདུག དེ་དག་ལ་ནུབ་ཕྱོགས་པ་ཚོས་ཊི་བྷེ་ཊི་མ་སི་ཊིཧྥ་ (Tibetan mastiff) ཡིན་ན་གཅིག་ཟེར་ནས་སྐད་གྲགས་ཆེན་པོ་བྱུང་མྱོང་བ་འདྲ།
བཤད་སྲོལ་ལྟར་ན་དྭགས་པོར་དབྱར་རྩྭ་དགུན་འབུ་བསྐོ་སའི་ས་ཁྱོན་ཡང་གང་མཚམས་ཡོད་པ་འདྲ། འབུ་སྐོན་ཁམས་པའི་ཕོ་གསར་འགའ་རེས་དྭགས་པོའི་་ཡུལ་དུ་མག་པར་བསྡད་རྗེས་ཁྱིམ་ཚང་གི་ཡོད་ཚད་ཁྱེར་ཏེ་བྲོས་སོང་བའི་ལོ་རྒྱུས་ཁ་ཤས་འདུག་ལ་དེ་གའི་བུ་མོ་ཞིག་གི་ཁྱོ་བོ་ཡང་སྨར་ཁམས་བ་ཞིག་ཡིན་འདུག དེ་སྐབས་ཁོང་ལྷ་སར་འབུ་འཚོང་དུ་སོང་ནས་ཚུར་མ་འཁོར་བའི་སྒང་རེད་ལ། བུ་མོའི་མིང་པོ་དེའི་གཏམ་ཟུར་ལ་དཔྱད་ན་ཚུར་ལོག་རྒྱུའི་རེ་བ་དེ་ཙམ་བྱེད་ཀྱི་མེད་ཚོད་འདུག་ཀྱང་། མགོ་རས་དཀྲིས་པའི་བུ་མོ་སྙིང་རྗེ་པོ་དེས་ད་རུང་ངང་སྒུག་བྱས་ནས་འདུག
No comments:
Post a Comment
གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག