2014/02/28

གནས་ཁྲ་མོཿ




འགྲོ་དྲུག་གི་རྣམ་ཤེས་ཡོད་ཚད།
གཟུངས་སྔགས་ཟབ་མོ་རུ་བསྐོས་པའི་རྡོ་འབུམ་ཆེན་མོ།
བློས་བསླངས་ཀྱིས་བཞེངས་པའི་པོ་ཏ་ལའི་མཛེས་པ་མཐའ་དག
ཡིག་འབྲུ་རེ་རེའི་རྒྱབ་ལོགས་ལ་གབ་བསྡད་ཡོད།
ཨོྃ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ གནས་ཁྲ་མོ།

མི་རབས་ནས་མི་རབས། ཚེ་རབས་ནས་ཚེ་རབས་ཀུན་ཏུ།
རེ་བ་ལྕི་མོ་རེ་རེས། གསོལ་འདེབས་དྲག་པོ་རེ་རེས།
ཁ་ནང་གི་ལྕེ་དམར་པོ་དེ་ཇོ་དར་དུ་སྒྲོན་དུས།
སྒོ་གསུམ་གྱི་རྩོལ་བ་ཡོད་ཚད་མཎ་དབྱངས་ལ་ཐིམ་སོང་།
ཨོྃ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ གནས་ཁྲ་མོ།

དཀའ་ཐུབ་རྩུབ་མོ་རེ་རེས། སྡུག་རུས་དྲག་པོ་རེ་རེས།
ས་འབུ་རྐང་མེད་དང་ལྷན་དུ་བརྐྱངས་ཕྱག་ནུད་དུས།
སྨུག་ནག་གི་ངོ་གདོང་ན་འཁོར་བའི་རྔུལ་ནག་གི་ཐིགས་པ་ཡོད་ཚད།
ས་རྡུལ་གྱི་ཕུང་པོ་རེ་རེ་ཁུར་ཏེ་སློག་པའི་གོང་བ་ནས་མར་འཛུལ་སོང་།
ཨོྃ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ གནས་ཁྲ་མོ།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག