2015/03/12

གཡོ་ཟོལ་མེད་པའི་ཉེས་ཆད།

རྒྱ་ཡུལ་དུ་ཆོས་ཚོགས་བཙུགས་ཏེ་འགྲོ་དོན་རྒྱ་ཆེར་སྤེལ་མཁན་བླ་མ་ཉི་ཤར་འབྲུག་གྲགས་རིན་པོ་ལགས་ཀྱིས་རྒྱུན་པར་ཆོས་ཕྱོགས་དང་འབྲེལ་བའི་ལས་གཞི་སྣ་ཚོགས་ཤིག་བསྒྲུབ་ཆེད་ཉིན་མོ་མི་དང་མཚན་མོ་འདྲེ་གནང་སྟེ་འགྲོ་དོན་ལ་འཐུས་ཤོར་བཏང་མ་མྱོང་ཟེར། 
སྐབས་ཞིག་ཁོང་གིས་རྒྱ་རིགས་སློབ་མ་ཚོ་བསྡུས་ཏེ་སྐུ་གསུང་ཐུགས་རྟེན་བཞེངས་བའི་ཕན་ཡོན་མངར་མོ་ཞིག་ཁྱབ་བསྒྲགས་གནང་བ་དང་། དད་པ་དང་འདོད་པ་དབྱེར་མི་ཕྱེད་པའི་མ་སྲུ་གཙོ་བོར་གྱུར་པའི་སློབ་མའི་ཚོགས་ཀྱིས་གུ་རུ་མཚན་བརྒྱད་དང་། མར་མི་དྭགས་གསུམ། རྗེ་ཡབ་སྲས་གསུམ་སོགས་རིས་མེད་ཐང་ག་མང་པོ་བཞེངས་རྒྱུར་ཁས་བླངས། དེང་སང་སྤྱི་ཆོགས་ནང་རིས་མེད་བྲིན་ཆེ་བས་ལོས་ཡིན། བླ་མས་དེ་འཕྲལ་ཉིད་དུ་ཕ་ཡུལ་ནས་རི་མོ་འཁྱར་འཁྱོར་འབྲི་ཤེས་མཁན་ཁག་གཅིག་རྒྱ་ཡུལ་ན་བཀུག་སྟེ་རི་མོ་འབྲི་རུ་བཅུག
ཁོང་ཚོའི་ནང་ནས་དེ་སྔོན་ཕ་ཡུལ་བོད་ལས་གཞན་དུ་ཕྱིན་མ་མྱོང་བའི་གྲྭ་མིག་དམར་ལགས་ཀྱིས་ངལ་གསོ་ཆེར་མ་བྱས་པར་ནན་ཏན་ཆེན་པོས་རི་མོ་འབྲི་བཞིན་པར་ལས་གཞིར་རྟོག་ཞིབ་པས་ཐེངས་འགའ་བལྟས་རྗེས་ག་ཤེད་ཅིག་ཏུ་ཁ་པར་བཏང་སོང་། གྲྭ་བཀྲ་ཤིས་ནི་ལོ་ཤས་སྔོན་ནས་རྒྱ་ཡུལ་དུ་འོངས་ཏེ་བླ་མའི་ཐུགས་ཟིན་གྱི་བུ་ཆེན་གྲས་ནས་གཅིག་ཡིན་འདུག
སྐབས་དེར་ཡོན་བདག་མའི་སར་རིམ་གྲོ་གནང་བཞིན་པའི་བླ་མ་རིན་པོ་ཆེ་ཅུང་མ་འགོར་ལས་གྲྭར་འབྱོར་ཞིང་མིག་དམར་གྱིས་བྲིས་ཚར་བའི་རི་མོ་ལ་ཉེ་མ་རྒྱང་ནས་གཟིགས་ཏེ་ཡི་མ་རང་བའི་ཉམས་འགྱུར་གྱིས་མགོ་བོ་གཡུག་གཡུག་གནང་བཞིན་འདུག་མོད། མིག་དམར་ནི་ལས་ཀ་ལ་མགོ་འཁོར་བསྡད་ཡོད་པས་དོ་སྣང་མ་བྱུང་། དཀོན་ཅོག་གིས་མཁྱེན། ཁོས་བྲིས་པའི་རི་མོའི་ཚུགས་ཀ་དང་ཚོན་མདངས་སོགས་གང་གི་ཐད་ནས་མ་འགྲིག་པ་སུས་ཤེས།  
འོ་ཡ། ད་ནི་ཚོམས་ཆེན་ཞིག་ཏུ་བླ་མ་དབུ་ལ་བཞུགས་པའི་གཤམ་དུ་གྲྭ་པ་དང་། སྦྱིན་བདག ལྷ་བྲིས་བ་སོགས་ལྷན་ཅིག་ཏུ་ཉིན་གུང་གསོལ་ཚིགས་ལ་རོལ་བཞིན་མཆིས། བླ་མ་རིན་པོ་ཆེས་ཞི་ཞིང་ལྷོད་པའི་འཛུམ་ཞལ་དང་། དགྱེས་ཞལ། བརྩེ་ཞལ་སོགས་ཡོད་ཚད་ལྷན་ཅིག་ཏུ་སྟོན་བཞིན། “འོ། རྣམ་པ་ཚོ། ཚང་མས་ལས་ཀ་ཧུར་ཐག་གནང་གི་འདུག ཐུགས་རྗེ་ཆེ། གང་ལྟར་ང་ཚོས་བསོད་ནམས་ཀྱི་ཚོགས་གསོག་གི་ཡོད་རེད། སྦྱིན་བདག་ཚོ་སྐལ་བ་བཟང་པོ་རེད། ཚོགས་བསོད་ནམས་འདི་འདྲ་པོ་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་ནའང་གསག་ཡ་རག་ཁག་པོ་རེད་ཨ།” མཚམས་དེར་མིག་མར་ལ་མར་གཟིགས་ཏེ། “འོ་རེད། སང་ཉིན་གྲྭ་མིག་དམར་བསྟན་འཛིན་ཕ་ཡུལ་དུ་ལོག་འགྲོ་ཡ་རེད། ཁོང་ལ་རྔན་པ་འདྲ་གནང་ཡ་ཡོད་ན་གནང་རོགས་གྱིས། ཕ་ཡུལ་གྱི་གྲོགས་པོ་ཚོ་ལ་སྤྲོད་དགོས་རེད་པ། ཧ་ཧ། ཞལ་ལག་མཆོད་གནང་དང་། ཨུམ་ཧུམམ་ མཆོད་གནང་དང་། ” ཟེར་བའི་གསུང་བཤད་གནང་བ་དང་ཚང་མས་མིག་དམར་ལ་མིག་རུབ་བརྒྱབ་ནས་བལྟས་བྱུང་། སྐད་ཆ་འདི་མིག་དམར་ལྷ་རིས་སྡེ་ཚན་ནས་གནས་དབྱུང་བཏང་བའི་ཁྱབ་བསྒྲགས་གནང་བ་ཞིག་ཡིན་འདུག ཕྱི་ཉིན་ཆུ་ཚོད་དགུ་པ་ཡོལ་ཙམ་དུ་གྲོང་པ་གཅིག་པའི་གྲྭ་ཀརྨ་ལྷ་རྒྱལ་གྱིས་མིག་དམར་གནམ་ཐང་དུ་སྐྱེལ་བའི་ལམ་བར་ནས་“བླ་མས་ང་མགྱོགས་པོར་ཕ་ཡུལ་ན་ལོག་བཅུག་བྱུང་། ངས་བླ་མའི་ཐུགས་དགོངས་ནི་དཀྲུགས་མེད། གང་ཡིན་ནམ།” ཟེར་བཤད། ཀརྨས་ལམ་སང་ཁ་ཚུར་ཕྱོགས་ཏེ་མཛུབ་མོ་ཁོའི་གདོང་ལ་གཏད་ཀྱིན་རྩེ་མཚར་དང་བསྒྲགས་ནས་ “ཨ། ཐུགས་དགོངས་དཀྲུགས་མེད་ཨེ། དེས་ན་བླ་མའི་ཟླ་བ་དྲུག་གི་ལས་གཞི་དེ་ཁྱོད་ཀྱིས་ཉིན་བཅོ་ལྔའི་ནང་བསྒྲུབས་བཞག་ན། ཟླ་བ་ལྔ། མ་རེད། ལྔ་དང་ཉི་མ་བཅོ་ལྔའི་ཡོང་འབབ་དེ་སུས་སྤྲད་གི་རེད། ཁྱོས་སྤྲད་གི་ཡིན་པས།” ཟེར་བཤད་པར་མིག་དམར་བསྟན་འཛིན་རྨོངས་གཉིད་གཞི་ནས་སད་དེ། “ཨ་ལེའའའའ། ད་བྱེད་དུས་དེ་འདྲའི་ཡིན་པ་རེད། ངས་ཤེས་མ་སོང་། མ་གཞི་ང་ལ་བཤད་ན་འགྲིག་གི་རེད་པ།” ཟེར་བཤད་པར། ལྐུགས་རྟགས་མ་སྟོན། བླ་མ་ཞིག་གིས་སྐད་ཆ་དེ་འདྲའི་བཤད་པ་མི་གཞན་གྱིས་གོ་ན་དཔེ་བསགས་གི་མ་རེད་པས། ཧ་ཧ་ཧ།” ཁོང་གཉིས་ཀྱི་ཧ་རྒོད་དྲག་པོ་དེས་གླ་འཁོར་ཁ་ལོ་བ་འདྲོགས་བཅུག་སྟེ་ཕྱི་མིག་ཀྱང་བལྟས་བྱུང། དེ་རྗེས་ཀརྨས་གཟབ་ནན་ངང་། “ཨ་ཙི་ཀུ་རེ་བཤད་ཡིན། གལ་ཡོད་མ་རེད་གྲོགས་པོ། རྗེས་སུ་འོང་ཆོག་རེད། ངས་རོགས་པ་བྱ་ཨེ་ཐུབ་ལྟ། གཅིག་འགྲིག་འགྲོ་གི་རེད། ད་ལྟ་ཁྱོད་རང་གིས་གཡོ་སྒྱུ་མ་ཤེས་པའི་ཆད་པ་ཕོག་རེད།” ཅེས་བཤད་མཚམས་དེར་ཁྲིན་ཏུའུའི་གནམ་གྲུ་འབབ་ཚུགས་སུ་འབྱོར་སོང་། ༼དངོས་བྱུང་༽
༢༠༡༥/༣/༨ རིག་འཛིན་ཁྱུང་ནས་བྲིས།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག