ཡེ་ཤེས་སྐུར་གྱུར་གཉིས་མེད་ཚུལ་འཆང་བ། །
འཇམ་དཔལ་གཞོན་ནུ་མཉམ་པ་ཉིད་ཀྱི་ངང་། །
བྱར་མེད་དོན་ལ་ལྷུན་གྱིས་གྲུབ་གྱུར་ཅིག །
གདོད་མའི་མགོན་པོ་དཔལ་ལྡན་བླ་མ་ལ། །
མཉམ་ཉིད་ཆོས་སྐུར་ལྟ་བའི་མོས་གུས་ཀྱིས། །
དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་འཕོས། །
རིག་པ་རྩལ་གྱི་དབང་ཆེན་ཐོབ་པར་ཤོག །
ཡེ་ནས་གནས་ཕྱིར་རྩོལ་བས་བསྒྲུབ་པ་དང་། །
དབང་པོའི་ཁྱད་པར་སོགས་ལ་མི་ལྟོས་ཀྱང་། །
སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང་། །
བླ་མའི་མན་ངག་སྟོབས་ཀྱིས་མཐོང་གྱུར་ཅིག །
སྤྲོས་ཤིང་དཔྱད་པ་ཀུན་རྟོག་སྣོན་མ་སྟེ། །
བཙལ་ཞིང་སྒྲུབ་པ་རང་ཉིད་ངལ་བའི་རྒྱུ། །
དམིགས་ཤིང་བསྒོམ་པ་ཕྱིར་ཞིང་འཆིང་བའི་གཟེབ། །
ཟུག་རྔུའི་སྤྲོས་པ་ནང་ནས་ཆོད་པར་ཤོག །