ཨ་མའི་དད་པ་དང་ཙ་རིའི་ཀྲད་པ། དང་པོ།
ཁོ་བོ་ཆུང་ཆུང་བྱིས་དུས་ཤིག་ནས་ངེད་ཚང་གི་མཛོད་ཀྱི་དཀྱིལ་ཀའི་ངོས་སུ་མི་རབས་མང་པོ་ཞིག་གི་རིང་ལ་བླ་ཆེན་སྤྲུལ་སྐུ་ཆེན་ཚོས་བྱིན་རླབས་བསྟིམས་ཡོད་པའི་དར་མདུད་རྙིང་པ་ཁྱི་རྟུག་འདྲ་བ་དག་དུད་པས་ཟོས་ནས་ཁ་དོག་ཀྱང་མངོན་མི་ཐུབ་པའི་གསེབ་དུ་ཀྲད་པ་ཞིག་བཏགས་ནས་འདུག ངས་དེ་ཅི་ཞིག་ཡིན་མིན་ཤེས་འདོད་དེ། ཕ་མར་དྲི་བ་མང་པོ་ཞིག་དྲིས་མྱོང་། ཨ་མས་ཉིན་ཞིག་འདི་ལྟར་། “ཨ་མའི། ཁྱོད་རང་གིས་ཤེས་དགོས་རྒྱུ་ཟིག་གི་ནི། ང་ཚོའི་ཁྱིམ་འདི་བར་སྐབས་སུ་མོ་དུད་ཞིག་ཏུ་གྱུར་ནས་ཉམ་རྒུད་སོང་འདུག་པ་ལས། སྔོན་མ་ཕྱུག་པོ་ཡིན་དུས་དྲེའུ་སྔོན་མ་དྲེལ་རྟགས་ནང་[1]དུ་སླེབས་ཀྱང་སྒབ་མ་དྲེལ་ཤོད་ལས་བཤར་མ་ཚར་བ་ཡོད་མྱོང་། ལྟོས་དང་། ཨ་ཀྲད་འདི་ཡང་ང་ཚོའི་ནང་མི་གནས་ཆེན་ཙ་རི་བསྐོར་ཏུ་སོང་ནས་ཕྱིར་འཁོར་མྱོང་བའི་བདེན་རྟགས་བརྫས་ན་ཆོག་རེད། ཨ་མའི། ང་ཚོ་མི་སྔུན་དུ་གཉའ་ཆག་དགོས་པ་དེ་འདྲ་མ་རེད།” གསུང་བཞིན་གདོང་ལ་ཡིད་ཆེས་དང་དད་པའི་མེ་ཏོག་ཅིག་བཞད་ནས་དལ་གཅིག་རིང་ཀྲད་པ་དེར་ཅེར་ནས་འདུག
ངས་ནི་ཕོ་རོག་གིས་གཏོར་མ་སྒུག་པ་བཞིན་ཨ་མས་ད་རུང་གང་ཞིག་གསུང་ཡོང་སྙམ་ནས་བསྡད། ཅུང་མ་སོང་བར་ཨ་མས་“གནས་ཙ་རི་ནི་བྱིན་རླབས་ཆེ་ཤོས་ཀྱི་གནས་རི་ཞིག་རེད། ཙ་རིར་འགྲོ་དུས་དཀའ་ལས་ཆེན་པོ་ཡོད་རེད། ཨ་མའི། ང་ཚོའི་ཕ་མྱེས་ཚོའི་སྐབས། འགུ་ལུམ་དགེ་སློང་ཞུ་བ་ཞིག་ཙ་རི་ལ་གནས་སྐོར་སོང་བའི་ཀྲད་པ་འདི་རེད་བརྫོ་སྲོལ་གདའ། མི་སྡེས་ཀྲད་པ་འདི་འདྲ་རག་སོང་ན་སྲུང་མདུད་ཡག་ཤོས་སུ་བརྩི་སྲོལ་འོད་རེད། ཨ་མའི། ད་དུང་འདིར་ལྟོས་དང་། འདི་ཙ་རིའི་སྨྱུག་གི་སྲུང་བ་རེད། ཨོྃ་མ་ཎི་པད་མེ་ཧཱུྃ། ཨོྃ་མ་ཎི་པད་མེ་ཧཱུྃ།ཨོྃ་མ་ཎི་པད་མེ་ཧཱུྃ། འདི་ངའི་ཨ་བུ་(ཨ་ཕྱི་)ལྷ་ཡུལ་མས་ཁྱེར་འོངས་བ་རེད། ཁོང་ཡང་ཙ་རི་ལ་གནས་སྐོར་ལ་རྩེབས་(སླེབས་)མྱོང་རེད། དེ་དུས་བསྐལ་བ་བཟང་དུས་རེད། ད་ཧུའའའ། ད་ང་ཚོ་སུ་རྩེབས་ཐུབ་ཀྱི་རེད།” གསུངས་ཏེ་བཞིན་ལ་སྐྱོ་ཉམས་ཅུང་མངོན་བཞིན་དར་མདུད་གསེབ་ནས་རིང་ཚད་སོར་གསུམ་ཙམ་ལས་མེད་པའི་ཚིགས་ལྡན་སྨྱུག་མ་བྱིས་པའི་མཛུབ་མོ་ཙམ་ཞིག་གི་ཕྱོགས་གཅིག་ནས་གསག་སྟེ་བཅད་པ་དེའི་རྩེ་མོ་ནང་དུ་བཀུག འགུག་ག་དེར་འདོགས་ལུང་བརྒྱུས་ཆོག་པའི་སྲུང་བ་ཞིག་ང་ལ་བསྟན་སོང་།
ངས་ནི་བྱིན་རླབས་དང་སྲུང་བ་ཟེར་བའི་གོ་དོན་གསལ་པོ་ཞིག་མ་ཤེས་མོད། སྨྱུག་གི་སྲུང་བ་ཆུང་ངུ་དེའི་བཟོ་རྩལ་ལ་ཡ་མཚར་ཏེ། མིག་རིག་རིག་གིས་གཡས་བསྒྱུར་གཡོན་བསྒྱུར་འགའ་བྱས་ནས་བལྟས། ཨ་མས་ངའི་མགོ་བོར་བྱིལ་བྱིལ་གནང་བཞིན་“འོ་རེད་ཨ་མའི། ད་ང་བརྗེད་གྲབས་འདུག ཨ་ཀྲད་འདིར་ཡག་པོ་གྱིས་ལྟོས་དང་། འདི་ལ་གནས་ཆེན་ཙ་རིའི་བྱིན་རླབས་གསེར་གྱི་བྱེ་མ་སིམ་ནས་ཡོད། འདིར། འདིར་ལྟོས་དང་། གནས་ཙ་རི་རྡོ་ཕག་མོའི་གནས། གནས་གཞན་དང་བྱིན་རླབས་འདྲ་ས་མེད་བརྫོ་རེད། ཨ་མའི། སྐྱབས་སུ་མཆི།” གསུངས་ཤིང་ངའི་མིན་སྔུན་དུ་སླར་ཡང་བསྟན་སོང་པས་ངས་ཀྱང་སེར་ཆེམ་ཆེམ་གྱི་འོད་མདངས་ཅིག་ཡོད་སྣང་ཤར་ཞིང་སྤྲོ་ལྷང་ལྷང་གི་དད་གུས་དྭངས་མ་ཤིག་གནས་ཙ་རིའི་ཕྱོགས་སུ་ལྷ་བསང་གི་དུད་སྤྲིན་དུམ་བུ་ཞིག་དང་འདྲ་བར་དལ་གྱིས་གཡོས་ཏེ་སོང་།
མཚམས་དེར་ཨ་མས་ཀྲད་པ་དང་སྨྱུག་སྲུང་གཉིས་པོ་རྫབ་རྫོབ་ཀྱི་དར་མདུད་གསེབ་ཏུ་ཡར་བཏགས་རྗེས་ཀ་བ་ལ་ཐོད་པ་ནན་གྱིས་གཏུགས། ཡིད་ཆེས་ཀྱི་མིག་ཟུང་ཟིམ་བུར་བཙུམས། གུས་ཚུགས་ཀྱི་ལག་ཟུང་ཐལ་མོ་སྦྱར་ཏེ་སེམས་ཁོང་ནས་སྒྲ་མི་གསལ་བའི་སྨོན་ལམ་ཞིག་ཕུར་ཚུགས་སུ་བཏབ་སོང་། བྱིས་པ་ནི་བྱིས་པ། ངས་ཨ་མའི་དཔྲལ་བ་དེ་ཀ་བ་ལས་ནམ་ཞིག་ཕྲལ་ཡོང་བསམ་བཞིན་བསྒུགས་ནས་བསྡད། རིང་པོར་མ་སོང་བར་ཨ་མས་གསོལ་འདེབས་དང་སྨོན་ལམ་ཚར་ཏེ་ཅི་ཞིག་ལེན་དུ་བྲེལ་པ་ལྟར་སྒོ་ཕྱི་ལ་བུད་སོང་། ང་ཨ་མའི་རྗེས་སུ་བསྙེགས་འདོད་ཀྱང་མ་སོང་པར་ཨ་ཀྲད་དང་སྨྱུག་སྲུང་གཉིས་ལ་བསྐྱར་ལྟ་དང་ཡང་ལྟ་བྱེད་ཀྱིན་ལུས། ཅུང་མ་འགོར་བར་ཨ་མས་མཐོང་མ་མྱོང་བའི་རྒྱུག་པ་གུག་མོ་འདོམ་གང་མ་ཆ་གཅིག ཕར་བལྟས་ཚོད་ལ་སྣུམ་གྱིས་ཚོས་ཡོད་པའི་ཟོལ་འདྲ་ཞིག་ལ་རྒྱུན་བུ་ཟང་ཟིང་གིས་སྦྲེལ་ནས་འདུག་པ་ཞིག་ང་ལ་བསྟན་ཏེ་”འདིར་། འདི་ལ་ལྟོས་དང་། འདི་ཆི་ཡིན་ས་རེད་ཐིག་པར་གྱིས་དང་། ཨ་མའི།” གསུང་བཞིན་གདོང་ལ་བྱམས་བརྩེའི་འཛུམ་དཀར་གྱིས་འཁྱུད་དེ་ང་ལ་གཟིགས་ནས་འདུག
ངས་ལམ་སང་”ཨ་མ། འདི་ཕལ་ཆེར། སིལ་པོ་ཐད་པོའི་རྭ་བཞི་བླངས་བཞག་པ་རེད་འདུག ཨེ་རེད་ཨ་མ།” བྱས་པ་དང་ཨ་མ་ནི་རང་དབང་མེད་པར་གད་མོས་ཐང་ལ་འགྱེལ་གྲབས་བྱེད་ཀྱིན། “ཧ་ཧ་ཧ་ཧ། དུས་ལོག་མགོ་འབུར། ད་འདི་ཚོས་ཆི་(ཅི)ཤེས། འདི་སིལ་པོའི་རྭ་བཞི་ཆི་ལ་ཡིན། འདི་ལ་ཁུར་དྲ་(ཁུར་སྒ་)ཟེར། མི་ཚོ་རྒྱང་རིང་གནས་སྐོར་ལ་འགྲོ་དུས་ཁུར་པོ་ཁུར་ས་རེད། ང་ཚོའི་འགུ་ལུམ་དགེ་སློང་དང་། ཨ་བུ་ལྷ་ཡུལ་མ་གཉིས་ཀས་ཙ་རི་བསྐོར་བའི་ཁུར་དྲ་འདི་རེད། འདི་དངོས་གནས་བྱིན་རླབས་ཆེན་པོ་དང་རྩ་ཆེན་པོ་ཡིན། ཨ་མས་རིག་གནས་གསར་བརྗེ་ཚེས་དུས་འདི་ཤོད་ལ་བསྐུངས་བཞག་པ་ཡིན། ཉིན་གཅིག་ཤང་ཀྲང་རྒན་པས་དེས་མིན་ན་(ཅུང་ཙམ་མིན་ན་)རིག་སོང་། དེ་དུས་དངོས་གནས་རིག་སོང་ན་ང་བཙོན་ཁང་དུ་ཚུད། དེས་ན། ཁྱེད་རང་ཡང་ཡོད་ཀྱི་མ་རེད། ཨ་མའི། ལྷ་དཀོན་མཆོག་གི་བཀའ་དྲིན་གྱིས་ཁོས་རིག་མ་སོང་།” གསུངས་ནས་ཡིད་ཚིམས་པའི་བཞིན་མདངས་ཞིག་མངོན་གྱིན་འདུག
ང་ནི་ཨ་མའི་དད་གུས་དང་ཡིད་ཆེས། ཨ་མའི་ལྷག་བསམ་དང་བྱམས་བརྩེ་དག་ལ་བསམ་བཞིན་བསམ་བཞིན། མཁའ་ངོགས་སུ་འཕུར་ཐུབ་པ་ལྟ་བུའི་བློ་སྟོབས་གཅིག་རྙེད་དེ་“ཨ་མ། དེས་ན་སང་ཞག་ང་ཚོ་ཙ་རི་ལ་འགྲོ་ཨེ་རེད་ཨ་མ། ངས་ཁུར་སྒ་ཁུར་ཐུབ་ས་རེད། མ་ཐུབ་ན་ཨ་ཕ་ལ་ཁུར་རོགས་བརྫོ།” ཞེས་བཤད་པ་དང་ཨ་མས་ཅུང་ཟད་འཛུམ་བཞིན་གཟབ་ནན་ངང་“ཙ་རི་གནས་སྐོར་འགྲོ་རྒྱུ་སྩ་མོ་(སླ་མོ་)དེ་འདྲ་ཡོད་མག ཨ་མའི། ཕས་ཚོད་(དེང་སང་)ཙ་རི་ལ་གནས་སྐོར་འགྲོ་ཐུབ་རེད་མི་བརྫོ་རོ། སྤྱི་ཚོགས་རྙིང་པའི་སྐབས་སུ་ལོ་བཅུ་གཉིས་རེའི་མཚམས་སུ་ཙ་རིའི་གནས་སྒོ་རེ་རེ་མ་གཏོགས་བྱེ་སྲོལ་མེད། གནས་སྒོ་ནམ་ཞིག་བྱེ་སོང་ན་དེ་དུས་འགྲོ་དགོས་རེད་ཟེར། ད་ནི་ང་ལ་ཡང་ཡག་པོ་ཟིག་བརྫོ་རྒྱུ་མི་གདའ།” གསུངས་པ་དང་ངས་“ཨ་མ། གནས་སྒོ་བརྫས་ན་ཆི་རེད། རྒྱ་སྒོ་ཆེན་པོ་ཟིག་གིས་བཀག་ཡོད་ནའའ་ཞེས་དྲིས། ཨ་མས་“ཧེ་ཧེ་ཧེ། མ་རེད་མ་རེད། ཨ་མའི། ཁྱོད་ཕོ་གསར་ཚར་སོང་ན་ཤེས་རྒྱུ་རེད། ད་ལྟ་ཤེས་ཀྱི་མ་རེད་”ཟེར།
ཕལ་ཆེར་གནས་སྒོ་བྱེ་དང་མི་བྱེའི་ཆོས་སྐད་འདི་དག་བཤད་ཀྱང་ངས་ཤེས་དཀའ་བར་སྙམ་སོང་བ་འདྲ། སྐབས་དེར་ཨ་མའི་སྤྱན་ཟུང་ལས་རེ་བའི་འོད་མདངས་དྭངས་མ་ཞིག་ངའི་ངོ་གདོང་ལ་འཕྲོ་བཞིན། གནའ་གཏམ་དེ་དག་སླར་ཡང་མགོ་ཚུགས། “ཨ་མའི། ཁྱེད་རང་ལ་ལས་དང་བསོད་ནམས་ཡོད་ན་ཙ་རི་ལ་རྩེབས་ཀྱི་རེད། སྤྱིར་ན་ཙ་རི་ལ་འགྲོ་དུས་དཀའ་ལས་ཆེ་ཤོས་དེ། ཀློ་པས་གསོད་ཀྱི་ཡོད་རེད། ཀློ་པ་ཚོས་ཆོས་ཤེས་ཀྱི་མེད་དུས་ཚྭ་སྦར་མོ་གང་གི་ཆེད་དུ་ཡིན་ནའང་མི་གསོད་རྐྱང་རེད། ཁོང་ཚོས་ནམ་རྒྱུན་གོས་མི་གྱོན་པར་དམར་ཧྲེང་དུ་རྒྱུ། མི་དང་རི་དྭགས་སུ་མཐོང་ནའང་དུག་མདག་རྒྱག་གི་རེད། གལ་སྲིད་དུག་མདས་རྨ་ཁ་ཁྲག་འཛར་ཙམ་ལས་བྱས་མེད་རུང་འཆི་ངེས་པ་རེད། ཨ་མའི་”ཞེས་གསུངས་པའི་གཏམ་དེ་དག་ཉན་རིམ་བཞིན་ང་ཙ་རི་ལ་འགྲོ་བའི་བློ་སྤོབས་ཀྱི་འཇའ་ཚོན་རི་མོ་དེ་དག་སྐད་ཅིག་ཉིད་དུ་ཡལ་སོང་བས་མ་ཚད། ཀློ་པའི་གཟུགས་བརྙན་འཇིགས་སུ་རུང་བ་དག་ངའི་ཐོག་ཏུ་ཤོར་ཡོང་བའི་འཆར་སྣང་ཞིག་གིས་ངའི་ལུས་སེམས་ཡོངས་རྫོགས་སྐྱི་གཡའ་བར་བྱས་སོང་།
འོན་ཀྱང་ཨ་མ་ནི་ཇི་མི་སྙམ་པར་གནའ་སྒྲུང་བཤད་རྒྱུའི་སྤྲོ་སྣང་ཞིག་གིས་ཡོངས་སུ་བཟི་སྟེ་གཙང་ཆུ་བབས་པ་ལྟ་བུའི་ལོ་རྒྱུས་དེའི་གཞུང་སྐྱོང་བཞིན་འདི་ལྟར། “ཙ་རིའི་སྐོར་ལམ་དུ་མ་རྩེབས་པའི་སྔོན་ལ་བོད་སྡེ་པ་གཞུང་གིས་གྲ་སྒྲིག་འོག་ཨ་སྐྱོ་ཚོ་(གནས་སྐོར་བ་)ཙ་རི་དཀྱིལ་འཁོར་ཐང་ལ་བསྐོངས་བ་དང་། འབྲི་གཡག་མང་པོ་ཞིག་ཁྲལ་བསྡུས་ཏེ་ཀློ་པ་ཚོ་བརྔན་སྲོལ་ཡོད་འདུག ཨོཾ་མ་ཎི་པདྨེ་ཧཱུྃ། ཀློ་པ་ནི་ཀློ་པ་ཆི་ཤེས། ཟོག་གསོན་པོའི་ལུས་ལས་ཤ་ཚ་པོ་བཀོག་སྟེ་ཁུར་འགྲོ་རེད་ཟེར། ཤ་ཚ་སེམས་ཅན་ལས་ངན་དེ་ཚོ། ད་རུང་སྡེ་པ་གཞུང་གི་ལས་བྱེད་ཚོས་ཟོག་ཀོ་དམར་པོས་ཐོག་ཕུབ། ཟོག་ཁྲག་ཚ་པོས་མཚོ་བསྐྱིལ་བའི་བར་ནས་ཀློ་པ་རེ་རེ་བཞིན་མནའ་བསྐྱེལ་བཅུག་སྟེ་བཤར་ཚར་ན་གནས་སྐོར་ལ་གཞི་ནས་འགྲོ་ཆོག་རེད་བརྫོ་རོ། སྐབས་རེ་ཀློ་པ་གཅིག་གཉིས་རེ་བྲོས་ཤོར་ན་ད་ལོ་ཨ་སྐྱོའི་འགྲོ་ལམ་བདེ་མ་སོང་བརྫོ་སྲོལ་ཡོད་རེད་ཟེར། ཨ་མའི།” མཚམས་དེར་ཨ་མས་གྱང་ངོས་སུ་ཡར་མཛེགས་འགྲོ་བའི་ཉི་ཐིག་དེ་མཐོང་བ་དང་བློ་བུར་དུ་“ཨཽ་་་འོའོ། ད་རེད་མ་ཐལ། ཨ་མའི། ཟོག་ལ་འགྲོ་རྒྱུ་ཕྱི་འགྲོ་གདའ། མགྱོགས་པོ་གྱིས། མགྱོགས་པོ་མགྱོགས་པོ། ཨ་མའི།” གསུངས་བཞིན་ཐབ་ཚང་དུ་མྱུར་བར་བརྒྱུགས་སོང་། ཅུང་མ་འགོར་བར་ཨ་མའི་ཁྱེད་ཚོའི་ནམ་ཡང་ཟ་མ་མྱོང་བའི་སྤུ་ལུ་ཤ་དྲིལ་མ་ཞིག་ངའི་ལག་ནང་དུ་བཞག་སྟེ། “རྒྱུགས་རྒྱུགས་མ་གཏོགས་ཟོག་འདུས་རྒྱུ་མ་རེད། ཟོག་མ་འདུས་ན། ཨ་མས་འགྲམ་པ་བསྲོ་འོང་། སྐེ་བརྫས་ར།” གསུངས་ནས་ང་ཕྱི་རུ་བཙན་གྱིས་དེད་སོང་།། །།
This comment has been removed by a blog administrator.
ReplyDelete