2011/08/03

ཆོས་འཁོར།

འཇིག་རྟེན་མི་ཡི་དབང་པོར་མ་འབྱོར་ཞིང་། །
ལོ་དྲུག་དཀའ་ཐུབ་སྤྱད་ཀྱང་མ་བརྙེས་པའི། །
བརྗོད་འདས་དོན་གྱི་བདུད་རྩི་ཟབ་མོ་ཞིག །
བྱང་ཆུབ་ལྗོན་པའི་འོག་ནས་ངང་གིས་བརྡོལ། །

སུས་ཀྱང་མི་གོ་སྙམ་རྗེས་ལྔ་སྡེ་ལ། །
བསྟན་ན་གྲོལ་བར་འགྱུར་བ་གཟིགས་ཚུལ་འདིས། །
ཁྱེད་ཀྱི་རྣམས་པ་ཐམས་ཅད་མཁྱེན་དེ་ལ། །
ཐེག་པ་ཆེན་པོས་སྒྲོ་འདོགས་བྱས་མེད་དམ། །

རྫུལ་འཕྲུག་གཤོག་པ་བརྐྱངས་ཏེ་མ་ཕེབས་པར། །
ལྷུང་གཟེད་མཁར་བསིལ་བསྣམས་ནས་དལ་བུ་ཡིས། །
གྲོང་དང་གྲོང་ཁྱེར་བརྒྱུད་པའི་ཐ་མ་རུ། །
ཝཱ་རཱ་ཎ་སིར་ལྔ་སྡེ་བཟང་པོ་རྙེད། །

ལྷ་རྟེན་སྐུ་འབག་ཕུག་ཏུ་མ་བཤམས་ཤིང་། །
རྔ་ཆ་རོལ་མོའི་འུར་ཆེམ་མ་སྒྲོགས་པར། །
གང་གིས་བརྙེས་པའི་བདུད་རྩི་ཟབ་མོའི་ཆོས། ། 
གདུལ་བྱའི་སྙིང་གི་པད་མོར་ཡོངས་སུ་བསྟིམས། །

1 comment:

  1. གྲྭ་པ་ཡིན་རུང་མ་ཎི་མི་གསོག་ཅིང་། །
    བུ་མོར་དགའ་ཡང་ལག་པས་མི་རེག་པ། །
    ཁྱེ་ཀྱི་སྤྱན་དུ་བྱབ་ཆུང་མཐོང་ཡང་ཆོག །
    ང་ལ་མཚོན་ན་མཚཽ་བའི་བདེ་སྐྱིད་ཡོད། །
    ཨོ་རག་རང་གིས་བྲིས།

    ReplyDelete

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག