2011/09/24

དབྱར་གནས་དགའ་དབྱེའི་སྨོན་ཚིག

མ་སྨད་བསོད་ནམས་བྱེ་བས་བསྐྲུན་པའི་མཐོང་ན་ཀུན་ཏུ་དད་པའི་སྐུ། །
མ་ལུས་འགྲོ་བའི་སྙན་གྱི་བུང་བར་གསུང་གི་རྩི་བཅུད་རབ་ཏུ་མངར། །
མ་སྨད་མཁྱེན་པའི་དཀྱིལ་འཁོར་ཡོངས་གང་སྤང་རྟོཌ་ཀུན་ཏུ་རྫོཌ་པའི་ཐུཌ། །
མ་ལུས་སྐྱེ་རྒུའི་དཔུང་གཉེན་དམ་པ་ཐུབ་དབང་འཇིག་རྟེན་མིག་གཅིག་རྒྱལ། །

ཤཱ་རི་བུ་དང་བཙུན་པ་རཱ་ཧུ་ལ། །
མགོན་པོ་ཀླུ་དང་མཁན་ཆེན་ཞི་འཚོ་སོགས། །
རྣམ་དག་བསླབ་པས་ཀུན་ཏུ་ཕྱུག་པ་ཡི། །
སྔོན་བྱོན་འདུལ་འཛིན་བརྒྱུད་པའི་ཚོགས་བསྙེན་ཏེ། །

བསླབ་གསུམ་དཔལ་གྱིས་ཕྱུག་པའི་དགེ་སློང་དང་། །
དགེ་ཚུལ་བརྒྱ་ཕྲག་ཟུང་ཙམ་འདུས་སྡེ་འདིར། །
དབྱར་སྔོན་ཟླ་གསུམ་བགྱིས་པའི་རྣམ་དཀར་མཐུས། །
རིས་མེད་རྒྱལ་བསྟན་ཀུན་ཏུ་དར་རྒྱས་ཤོག །

དར་མ་གདུག་པས་ཁ་རླངས་མ་ཐེབ་ཅིང་། །
བརྒྱུད་པའི་ཉག་ཐག་གཡའ་དྲིས་མ་སྦགས་པ། །
བླ་ཆེན་བཙུན་པས་སྨད་ནས་སྦར་བ་ཡི། །
སྡོམ་རྒྱུན་འདི་ཉིད་ཀུན་ཏུ་རྒྱས་རྒྱུར་ཅིག །


རང་དོན་བས་མཐར་གཅིག་ཏུ་མ་གཞོལ་བར། །
གཞན་དོན་བྱང་ཆུབ་སེམས་ཀྱི་ལྷག་བསམ་མཐུས། །
སྔ་འགྱུར་རྒྱལ་བསྟན་འཛིན་བཟོད་རིས་སྤྲུལ་མཆོག །
ཐུགས་བཞེད་འགྲུབ་ཅིང་སྐུ་ཚེ་ཡུན་བརྟན་ཤོག །

འཇི༵གས་མེ༵ད་ལྷུན་པོའི་སྤོ་རུ་ཐུ༵བ་པའི་བསྟ༵ན། །
བཤ༵ད་དང་སྒྲུ༵བ་པའི་རྒྱལ་བའི་རིང་ལུགས་ཀྱི། །
ཟབ་དགུའི་ཆོ༵ས་ཀྱི༵་སྒྲ༵་དབྱ༵ངས་སྒྲོགས་པའི་སླད། །
མཆོག་སྤྲུལ་པདྨ་གཞོན་ནུ་མྱུར་འབྱོན་ཤོག །

སྔ་འགྱུར་རིང་ལུགས་རྒྱལ་བ་དཔལ་ཡུལ་བའི། །
བསྟན་པའི་སྲོལ་འབྱེད་ཀུན་བཟང་ཤེས་རབ་ནས། །
དྲི་མེད་རྒྱལ་བསྟན་མི་ཉམས་འཛིན་པའི་གནས། །
ཆོས་འཁོར་འདི་ཉིད་གླིང་འདིར་ཡུན་གནས་ཤོག །

སྙིགས་དུས་རང་མདངས་བདོ་བའི་དེང་གི་ཆར། །
ས་གཡོས་རླུང་འཚུབ་མུ་གེ་ནད་ཡམས་སོགས། །
མཚོ་བཞི་གླིང་ལྔའི་སྐྱེ་འགྲོའི་ཚེ་སྲོག་གི །
ཆོམ་པོ་འདི་དག་རྩད་ནས་ཞི་གྱུར་ཅིག །

དམར་པོའི་ན་བུན་དཀྲིགས་པའི་འོབས་ཀློང་སྟེ། །
མི་ཡི་ཡུལ་དུ་བསྐྲུན་པའི་དམྱལ་ཁམས་འདིར། །
ཀུན་ཏུ་མནར་བའི་རང་ཅག་གངས་ཅན་པ། །
རང་དབང་ཞི་བདེའི་འོད་ཀྱིས་རེག་གྱུར་ཅིག །

མདོར་ན་འདི་ཕྱིར་ཀུན་ཏུ་དགེ་བ་ཡི། །
ཞི་བསིལ་དམ་པའི་ཆོས་ཀྱི་བདུད་རྩི་འདིས། །
སྡུག་བསྔལ་གསུམ་གྱིས་བཙེས་པའི་ཉམ་ཐག་འགྲོ། །
བླ་མེད་རྫོགས་པའི་ས་རུ་དབུགས་དབྱུང་ཤོག །

ཅེས་མཁན་ངག་དབང་རྡོ་རྗེ་མིང་པས་སྦྱར་རོ།། དགེའོ།། །།

2 comments:

  1. ད་ངོ་མ་དགའ་བོ་བྱུང་། ང་ཚོའི་རོགས་ཤིག་མཁན་པོའི་ཁྲི་ཁར་ཕེབས་ནས་འདི་ལྟར་རྒྱལ་བསྟན་གྱི་གཞི་མ་གཞི་གསུམ་གྱི་ཉམས་ལེན་གནང་གི་ནཔར་དགའ་བསུ་དང་འཚམས་འདྲི་ཞུ། ངས་དང་པོ་འདི་རིག་དུས་ཁྱེད་ཀྱིས་སློབ་གྲའི་ནང་ལ་དབྱར་གནས་བཙུགས་ཡོད་པ་དྲན་སོང་། ཧཧ རྩོམ་འདིའི་ཐད་ནས་ཚིག་སྦྱོར་མཛེས་ལ། བརྗོད་དོན་གསལ་པའི་ཚོད་ཅིག་གི་མཐོང་སྣང་བྱུང་། བསམ་ཚུལ་འགའ་ལ། རྣམ་དག་བསླབ་པས་ཀུན་ཏུ་ཞེས་པ་ལ་ཀུན་ནས་ལབ་པ་དང་། རྒྱུད་པའི་ཉག་ཐག་ཅེས་པའི་རྒྱུད་དེ་ལ་བ་སྔོན་འཇུག་འོས་ཚུལ་མཐོང་ལ། ད་དུང་རྒྱས་རྒྱུ་ཅིག་ཅེས་པའི་རྒྱུ་དེ་ལ་ལ་དོན་གྱི་རྒྱུར་སྦྱར་བ་དང་། (སྔ་འགྱུར་རྒྱལ་བསྟན་འཛིན་བཟོད་རིས་སྤྲུལ་མཆོག།)འདི་དེ་ཙམ་བདེ་སྙན་ཞིག་མི་འདུག་དྲན། (དྲི་མེད་རྒྱལ་བསྟན་འཛིན་མི་ཉམ་འཛིན་པའི་གནས།།)འདི་ལ་ཚིག་ལྷག་ཅིག་ཡོད་ངེས། (བདུན་རྩི་འདིས)བདུད་ཅེས་བཅོས་དགོས་སེམས། (ཀུན་དུ་རྒྱས་རྒྱུ་ཅིག)ཀུན་ཏུ་ཞེས་ད་དྲག་གི་དབང་དུ་གཏོང་ན་བརྗོད་བདེ་མཐོང་། ལགས་སོ། བསམ་ཚུལ་ཙམ་ཡིན། དེ་མིན་གཞན་དག་ནི་ཧ་ཅང་གོ་རིམ་འགྲིགས་ཤིང་། བརྗོད་དོན་གསལ་བ་རེར་འདུག་པས་ཡི་རང་ཞུ། འཆམ་ར་དྲི་མེད་རྒྱལ་བའི་རྒྱལ་མཚན་གྱིས།

    ReplyDelete
  2. ལགས་སོ་འཆམ་ར་བ།
    རྩོམ་འདིའི་མ་རྩོམ་ངག་དབང་རྡོ་རྗེའི་རེད།
    ཁྱེད་ཀྱི་དགོངས་ཚུལ་གསུངས་པར་དགའ་བསུ་ཞུ་རྒྱུ་ཡིན་ལ་ཁག་གཅིག་སྔ་ནས་བཅོས་ཟིན།
    ཚིག་ཆད་ལྷག་གང་མང་འབྱུང་རྒྱུ་འདི་ང་རང་གི་གཤིས་ངན་ཞིག་ཡིན།
    ཧ་ཧ་ཧ་ཧ།

    ReplyDelete

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག