2011/12/07

སྐྱ་མ་བན།

དོན་ཡང་དག་ཆོས་དང་འཇིག་རྟེན་གཉིས་ཀྱི་བར་དུ་ཡང་དབུ་མ་ཞིག་ཡོད་དམ། དེང་སང་བོད་ནང་པའི་བླ་ཆེན་རྣམ་པས་མཚོན་ཏེ་ཕྱི་ཚུལ་ནས་༸གོང་ས་མཆོག་གི་ལུང་དུམ་རེ་ཁ་ལ་ཁྱེར་ཏེ་ཐམས་ཅད་ཡོད་ཚད་པོ་དབུ་མའི་ལམ་རྐྱང་རྐྱང་རེད། སྤྱིར་ཡར་མཐོ་ས་ལྷ་ཆོས་ནས་བཤད་ན་ཐབས་ཅན་སྟོང་པར་སྨྲ་བ་ཀླུ་སྒྲུབ་དང་གཞི་ལྔ་བདེན་གྲུབ་ཏུ་འདོད་པའི་བྱེ་སྨྲ་གཉིས་ཀྱང་མི་འགལ་ཚུལ་དང་། དམའ་འཁོར་བའི་དགྲ་ཟླ་རྒྱ་བོད་གཉིས་ཀྱི་ཆབ་སྲིད་ཀྱང་གཉིས་ཕན་དབུ་མའི་ལམ་ནས་བཤད་རྒྱུར་དགའ་ལ་མ་བཤད་མཐུ་མེད་ཀྱང་རེད། འདི་དག་བཤད་རྒྱུ་ལ་དགའ་བ་ཙམ་ལས་ལག་ལེན་དུ་ལོན་ཤིན་ཏུ་དཀའ། དེ་ལས་ལྡོག་ཏེ་དེང་དུས་བླ་མ་དང་སྤྲུལ་སྐུ་ཆེ་མ་ཆུང་ཁ་ལ་དབུགས་ཐོག་ཚད། ལུས་ལ་རས་འཛར་དམར་པོ་རེ་དཀྲིས་ཚད་ཀྱིས་ལག་ལེན་གྱི་ཐོག་ནས་དབུ་མའི་ལམ་ཞིག་སྒྲུབ་ཀྱིན་འདུག་པའི་ལྟ་གྲུབ་སྤྱོད་གསུམ་དེ་མཁྱེན་སོང་ངམ། དེ་ནི་ཆོས་དང་འཇིག་རྟེན་དབར་གྱི་དབུ་མའམ། སྟོན་པའི་བཀག་ཚོད་དང་སོ་སྐྱེས་འདོད་ཚོད་བར་དུ་ལྷུན་གྱིས་གྲུབ་པའི་དབུ་མ་ཞིག་རེད། དབུ་མའི་ལམ་འདི་ནི་ངག་ཐོག་ནས་ཁས་ལེན་ནམ་ཡང་མི་བྱེད་ལ་དོན་ཐོག་ནས་བློས་གཏོང་ཅིས་ཀྱང་མི་བྱེད་པའི་ལམ་ལུགས་ཤིག་རེད། ལམ་ལུགས་འདིའི་ཁྱབ་ཚད་ནས་བཤད་ན་ནང་པའི་ཆོས་བྱེད་བརྒྱ་ཆ་༧༠ ལས་བརྒལ་ཡོད་པར་འདོད་ལ། ཟབ་ཚད་ནས་བཤད་ན་ལུས་བླ་སྲོག་གསུམ་ཀའི་གཏིང་དུ་ཡོངས་སུ་ཐིམ་ཚར་ཡོད། གང་ཞིག་གི་ཕྱིར་དུ་ལམ་ལུགས་འདི་སྤྱོད་ཀྱིན་ཡོད། གལ་ཏེ་ཁོང་རྣམ་པའི་ལམ་ལུགས་འདི་གཉིས་ཟུང་འབྲེལ་མ་བྱས་ན། ཡང་མིན་ན་སྤྲང་པོ་སྤྲང་སྒོག་མི་ལ་ལྟ་བུ་ཞིག་དང་། ཡང་མིན་ན་བཀའ་ལོག་དམ་ཉམས་ཟེར་བའི་མིང་ངན་ལྕི་མོ་ཞིག་ཁུར་དགོས་ཙང་། དེ་གཉྀས་ཀྱི་བར་སེང་ནས་ཡ་མ་ཟུང་གི་དབུ་མའི་ལམ་ཞིག་རྙེད་སོང་བ་རེད། ཅི་འདྲའི་སྤྱང་གྲུང་དང་རིག་པ་ལ་ཨང་། དོན་དངོས་ཐོག་ཁྱི་གུ་དཀར་ནག་སུས་རྨུག་ཀྱང་ཁྲག་དམར་པོ་འབབ་ཚུལ་གཅིག་པའི་དཔེ་ལྟར་བླ་གྲྭ་རྒན་གཞོན་སུས་སྡོམ་པ་ཤོར་ན་སྡོམ་ཤོར་དང་བཀའ་ལོག་རྐུབ་སེར་ཉག་གཅིག་ཡིན་པ་ལས་བླ་སྤུལ་དག་ལ། གལ་ཏེ་ཨ་ཞང་ཆོས་ཀྱི་རྒྱལ་པོ་ཡོད་ན་ཉེས་ཡང་གཏང་གི་ཨེ་ཡོད་ན། །དུས་དེང་སང་ཤར་ནུས་གང་སར་འདྲེ་ཤིག་བཞིན་གྲམ་ནས་ཡོད་པའི་བླ་སྤྲུལ་སྐྱ་མ་བན། མི་མ་འཕྲུལ། ཆོས་མ་སྲིད་ལ་སྤྱོད་མཁན་དག་གི་འཆའ་སྤྱོད་ལ་ཚོད་ཁྱོན་ནས་མི་འདུག གནའ་གཏམ་ལ་"རྒྱལ་པོ་ཡིན་ནའང་སྐྲག་ས་ཞིག་མེད་ན་ཚོད་འཛིན་མེད་པས་རྒྱ་ནག་རྒྱལ་པའི་མགོ་ཀླད་དུ་རང་འཐག་ཡ་གཅིག་དཔྱངས་ཡོད་"ཚུལ་གྱི་ཁ་དཔེར་ལྟར་མི་བུ་སུ་ལང་བརྩི་མཐོང་བྱ་ཡུལ་ཞིག་དགོས་ཀྱང་། བླ་གྲྭ་འདི་ཚོས་ནི་སུ་ལ་ཡང་བརྩི་བཀུར་མེད་ཅིང་གང་ལ་ཡང་ཆ་འཇོག་གཏན་ནས་མི་བྱེད་བས་རེད། ཐ་ན་རྒྱུན་དུ་ཁ་ལ་གོམས་ནས་ཡོད་པའི་འཚོ་སྒྲུབ་གྱི་ཡོ་བྱད་འགངས་ཆེ་ཤོས་ལས་འབྲས་ལ་ཡང་ངོ་། །

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག