2012/01/23

མཛད་པ་བཅུ་གཉིས།

འོག་མིན་སྟོངས་པའི་ཚོམས་ཆེན་ན། །
རྒྱལ་ཀུན་མ་བགྲོས་གྲོས་ཆོད་དུ། །
དགའ་ལྡན་ལྷ་བུ་ཏོག་དཀར་པོ། །
མི་ཡུལ་འདུལ་བའི་ཕོ་ཉར་བབས། །
ལྷ་མོ་སྒྱུ་མའི་རྨི་ལམ་ན། །
མཛེས་པའི་འཇའ་ཚོན་ཕྱ་མ་ཕྱོ། །
གླང་ཕྲུང་དཀར་ཟལ་རྡོ་རྗེའི་མགོ །
གློ་གཡས་བརྟོལ་ནས་ལྷུམས་སུ་ཐལ། །

ལུམ་བུའི་ཚལ་གྱི་ལྗོན་ཤིང་འོག །
པད་མའི་སྒོ་མོ་ཕྱེས་མིན་པར། །
མཆན་གྱི་རྩིབ་མ་དབྲལ་མཚམས་ནས། །
བྷྲམ་གདོང་བཞིས་དར་གྱིས་ལྕིབས། །

རལ་པ་འཕྱིངས་བའི་རྒྱབ་ཁུར་ཅན། །
དྲང་སྲོང་རྒན་པོའི་སྨྲ་སྒོ་ནས། །
ཤིས་ཚིག་བསྐྱུགས་པའི་སྦྲང་རྩི་དེས། །
མི་བདག་སྤྲོ་དགའི་དཔའ་གྱིས་བཟི། །

སློབ་དཔོན་ཀུན་བཤེས་རྣ་ལམ་དུ། །
སྒྲ་ཡི་ཆ་ཙམ་མ་གཡོས་པའི། །
སློབ་མ་རྒྱལ་སྲས་དོན་འགྲུབ་ཀྱིས། །
ལྷ་ཀླུ་མི་སྐད་སུམ་བརྒྱ་མཁྱེན། །

འབིགས་བྱེད་རི་བོ་བཏེགས་མིན་པར། །
གླང་རོ་འཕངས་བའི་རྡིག་སྒྲ་དེས། །
ལྷས་བྱིན་དྲེགས་པའི་མགོ་ཐོག་ཏུ། །
ས་མཚོ་དགའ་མ་བག་མར་བསུས། །

རྒྱལ་སྲིད་དཔའ་གྱིས་མ་ངོམས་ཏེ། །
དབེན་པའི་ནགས་སུ་སྤྲང་ལ་ཆས། །
བུ་དང་ཆུང་མར་ཞེ་ལོག་སྟེ། །
བས་མཐའི་རི་དྭགས་ཚོགས་དང་རྩེས། །

རལ་པ་རང་གིས་བཅད་མཚམས་ནས། །
ས་དྷུ་རྒན་པོའི་བྲན་དུ་ཕེབས། །
དཀའ་བ་སྤྱད་པའི་སྐུ་ལུས་ལ། །
རུས་པའི་རྒྱན་དྲུག་ལྷུན་གྱིས་གྲུབ། །

བུ་མོའི་འོ་མ་འཐུང་ཉེས་ཏེ། །
མཆེད་གྲོགས་ཁྲོས་པས་གཞན་དུ་བྱོལ། །
ཀུ་ཤ་བརྩེགས་པའི་ཁྲི་སྟེང་ནས། །
དམ་བཅའི་སྐུ་རྒྱབ་ཤིང་ལ་གཏད། །

ལྷ་ཆེན་གཏུམ་པོའི་མདའ་མཚོན་དག །
སྣ་ལྔའི་མེ་ཏོག་ཆར་དུ་དཀྲིགས། །
འདོད་ལྷའི་བྱི་མོ་ཆགས་པའི་བྲོ། །

རྒན་མོས་འཆམ་པའི་གར་དུ་སྣང་། །
ཉི་མ་འདྲེན་རྒྱུའི་དཀའ་ཚེགས་དེས། །
ཞོགས་པའི་སྐྱ་རེངས་དུབ་ཅིང་ཕེབས། །
བདེན་བཞི་བཤད་རྒྱུའི་བློ་རྙེད་དུས། །
གཽའུ་ཏམ་སྤྲོ་བས་དགུང་དུ་འཕུར། །

གདུལ་བྱ་མ་རྙེད་ཐུགས་ཞུམ་སྟེ། །
ནགས་ལ་སྨྲ་བ་གཅོད་པར་དགོངས། །
ལྷ་ཡིས་བསྐུལ་བས་དཔའ་ཚུད་དེ། །
ཆོས་འཁོར་བསྐོར་བའི་ཐབས་ཤིག་དྲན། །

དྲང་སྲོང་དྲང་པོ་ག་ལ་སྟེ། །
ལྔ་སྡེ་བྱོལ་བའི་འཁོན་ལན་དུ། །
ཡང་སྲིད་གཅོད་པའི་ངན་བྱུས་ཀྱིས། །
བདེན་བཞི་རྒྱུ་འབྲས་ལྡོག་སྟེ་བཤད། །

ཡབ་ཀྱིས་རི་ལ་ལོ་དྲུག་བསྒོམས། །
བུ་ཡིས་མངལ་ནས་ལོ་དྲུག་བསྒུགས། །
ཀྱེ་མ་ལས་ཀྱི་སྒྱུ་འཕྲུལ་ཁྱོད། །
རིགས་པའི་མཚན་ཉིད་དཀྲུག་མཚམས་ཞོག །

ཤཱཀྱ་ཐུབ་པའི་ལྷུངས་གཟེད་ན། །
གཡང་གི་མར་ཁུ་ལྟེམ་དགོས་ཕྱིར། །
བསེ་རག་འགོང་པོ་སྟོན་པ་དྲུག །
རྒྱལ་པོའི་སྟོབས་ཀྱིས་རྒྱང་དུ་ཕུད་། །

བདེ་གཤེགས་བཞེད་ན་རྟག་བརྟན་ཀྱང་། །
ཉན་ཐོས་དགའ་བོས་བྱས་ཉེས་ཀྱིས། །
བདུད་ཀྱི་ཕོ་ཉས་རེ་འདོད་བཞིན། །
ཐུབ་པ་ཞི་བའི་གྲོང་དུ་གཟིམས། །

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག