2013/10/07

མི་ང་།


ཁྱི།








མིའི་ཆ་བྱད་འཆང་བའི་ཁྱི་རྒན་ངས་། །
མི་ཆེན་དཔོན་ངོར་མཇུག་མ་གཡུག་བཞིན་ཡོད། །
མི་ཚོགས་ཕལ་པར་འབ་སྐད་སྒྲོག་ཀྱིན་ཡོད། །
མི་རོད་ཞན་པར་ལྷག་ཏུ་སྡང་བཞིན་ཡོད། །

མི་ཡི་རིན་ཐང་རང་ལས་ལྷག་པའི་ཚེ། །
མི་ལུས་འདྲེ་སེམས་ཅན་གྱི་མི་ངན་ངས། །
མི་ལ་ཕྲག་དོག་ནག་པོའི་འཁོན་འཛིན་གྱིས། །
མི་མཐོང་ལྐོག་ནས་གནོད་པ་རྩོམ་བཞིན་ཡོད། །

མི་བུའི་རང་གི་འཇོན་ཐང་ལ་བརྟེན་ཏེ། །
མི་ཡི་ཁྲོད་ནས་གཟེངས་སུ་འཐོན་པའི་ཚེ། །
མི་དེའི་མགོ་ལ་ངན་ཁག་དགུ་གཡོགས་ཏེ། །
མི་ཡི་ཚེ་གང་ཕུངས་བའི་ཐབས་ཤེས་ཡོད། །

མི་སེམས་སྐྱིད་པའི་ཁྱིམ་ཚང་ཡིན་ན་ཡིན། །
མི་ཚོགས་མཐུན་པའི་ཡུལ་གྲོང་ཡིན་ན་ཡིན། །
མི་མཐུན་དབྱེན་གྱིས་དཀྲུགས་པར་མ་ནུས་ན། །
མི་ངར་སྐྱིད་པའི་ཉི་མ་གཏན་ནས་མེད། །

མི་རྒྱུ་མིག་གིས་མཐོང་དུས་ཟ་སེམས་ཡོད། །
མི་ཁོ་ནུས་མེད་ཡིན་ན་འཕྲོག་སེམས་ཡོད། །
མི་དེ་མེད་སྐབས་ཡིན་ན་རྐུ་སེམས་ཡོད། །
མི་ང་སྤྱང་ཀི་ཞིག་གི་སྐྱེ་བ་ཡིན། །

མི་ང་དང་པོ་དགོན་གྱི་དཀོར་ཟན་ཡིན། །
མི་འཇོན་བླ་མའི་སྲས་ཀྱི་ཐུ་བོ་ཡིན། །
མི་ཚང་སྦུག་གི་ཨ་མཆོད་ལྕེ་བདེ་ཡིན། །
མི་ཡི་བུད་མེད་འདེད་པའི་བྱི་ཕོ་ཡིན། །


མི་ང་བར་དུ་རྒྱ་ཡི་བླ་མ་ཡིན། །
མི་སེམས་ཟོབ་ཀྱིས་བསླུ་བའི་མངོན་ཤེས་ཡོད། །
མི་རྒྱུ་ལག་ཏུ་ལེན་པའི་རྫུ་འཕྲུལ་ཡོད། །
མི་མོ་ལྐོག་ནས་འགུཌ་པའི་ནུས་མཐུ་ཡོད། །

མི་ང་ཐ་མ་གྲོང་གི་ཆོམ་རྐུན་ཡིན། །
མི་རིང་ཁྲིམས་ཁང་ནང་ནས་ཐོན་པའི་རྗེས། །
མི་ཚོགས་ནང་དུ་ཉིན་མོའི་འུག་པ་ཡིན། །
མི་ང་ད་ལྟ་རག་བཟི་ཆང་རྐྱལ་ཡིན། །

མི་ངས་ངོ་ཤེས་ས་ནས་སྐྱི་བཞིན་ཡོད།
མི་ངས་བག་ཁང་ནང་དུ་སྐྱེལ་བཞིན་ཡོད། །
མི་ང་ཆང་ཁང་ནང་དུ་བཟི་སྟེ་ཡོད། །
མི་ང་རྒྱ་ལམ་དཀྱིལ་དུ་འཁྱོར་བཞིན་ཡོད། །

མི་ངས་ཨ་ཕའི་དངུལ་ཁུག་སྔོག་གི་ཡོད།
མི་ངས་ཨ་མའི་སྒམ་ཆུང་ཕེད་གི་ཡོད། །
མི་ངས་སྲིང་མོའི་རྒྱན་ཆ་འཚོང་གི་ཡོད། །
མི་ང་བྱི་བ་ཞིག་གི་སྤྲུལ་སྐུ་ཡིན། །

མི་ངས་ཨེ་རྫི་རྒྱ་ནས་ཉོས་བཞག་ཡོད། །
མི་ཤེས་གྲོང་པའི་བུ་མོར་བསྐུས་བཞག་ཡོད། །
མི་རབས་མྱུར་དུ་འཆད་རྒྱུ་བྱས་བཞག་ཡོད། །
མི་ང་ད་རུང་བློ་བདེ་སེམས་བདེ་ཡིན། །

མི་ངའི་གློ་བ་དུས་བས་བརྫད་བཞག་ཡོད། །
མི་ངའི་མཆིན་པ་རག་གིས་ཚིག་བཞག་ཡོད། །
མི་ངའི་མགོ་བོ་སྣ་ཐས་ཚོས་བཞག་ཡོད། །
མི་ངའི་དབང་པོ་ཉལ་ཐས་ཉམས་བཞག་ཡོད། །

མི་ངའི་རྒྱ་སྐད་དབྱིན་སྐད་གོ་མི་འཕེར། །
མི་སྙན་སྦྲགས་སྐད་འདོན་ན་ཐོགས་པ་མེད། །
མི་ངས་མི་ཚེར་ཁྲུས་ལ་ཞུགས་མ་མྱོང་། །
མི་ངས་ཉིན་ལྟར་མཛེས་བཟོ་ཆད་མ་མྱོང་། །

མི་ངས་དགའ་རོགས་གྱོན་གོས་བརྗེ་བརྗེ་ཡིན། །
མི་ངའི་མནའ་མ་ཞག་གསུམ་མགྲོན་པོ་ཡིན། །
མི་ངའི་གྲོགས་པོ་བོར་བ་རྗེས་མེད་ཡིན། །
མི་ངའི་ཁྱིམ་མཚེས་སྨྲ་བ་ངག་བཅད་ཡིན། །

མི་ངའི་སྡོད་ཁྱིམ་བྲག་ཕུག་སྟོང་པ་ཡིན། །
མི་ང་ད་ལྟ་ད་ལྟ་ཁོ་ན་ཡིན། །
མི་ང་་་་་་་་་་་་་་་་་
རིག་འཛིན་ཁྱུང་པོས་ ༢༠༡༣། ༡༠། ༧ ལ་བྲིས། །

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག