དགེ་རྒན་ཆེན་མོ་རྡོ་རྗེ་དབང་ཕྱུག་གི་ངོ་དེབ་ཟིན་ཐོ་ལས། “ལྷ་ལས་བབས་པའི་གནས་ལ་ལེགས་སྦྱར་གྱི་སྐད་དུ་དེ་བཱ་བ་ཏཱ་ར་ (Devāvatāra) ཞེས་སམ་དེ་བཱ་བ་ཏ་ར་ཎ་ (Devāvataraṇa) སྟེ་ལྷ་ལས་བབས་པ་ཞེས་འབྱུང་། དེས་ན་ལྷ་ལས་བབས་པ་ཞེས་པ་ནི་སྟོན་པའི་མཛད་པ་ཞིག་གི་མིང་དང་མཛད་པ་གང་དུ་མཛད་པའི་ས་གནས་ཀྱི་མིང་དང་ལྷ་ལས་བབས་པའི་མཆོད་རྟེན་གི་མིང་དང་ལྷ་ལས་བབས་པའི་དུས་ཆེན་སོགས་ལ་འཇུག་པར་གསལ། ས་གནས་དེ་ལ་པཱ་ལིའི་སྐད་དུ་སཾ་ཀ་སྶ་ (Saṃkassa) ཞེས་དང་ལེགས་སྦྱར་གྱི་སྐད་དུ་སཱཾ་ཀཱ་ཤྱ་ (Sāṃkāśya) དང་སཾ་ཀཱ་ཤྱ་ (Saṃkāśya) དང་སཾ་ཀ་ཤྱ་ (Saṃkaśya) ཞེས་དག་ཆ་མི་འདྲ་བ་གསུམ་ཙམ་འབྱུང་།” ཞེས་གསུངས་པའི་ས་གནས་དེ་ལ། དེང་སང་སཱཾ་ཀཱ་ཤྱ་ (Sāṃkāśya) འམ་སངྐིསྶ་ (Saṅkissa) ནི་རྒྱ་གར་གྱི་གནའ་བོའི་གྲོང་ཁྱེར་ཞིག་ཡིན། གནས་འདིར་མཉན་ཡོད་ནས་རྒྱང་གྲགས་སུམ་བཅུའི་རྒྱང་ཐག་ཡོད་ཚུལ་«དྷམྨ་པ་དཏྠ་ཀ་ཐཱ་» (Dhammapadatthakathā, iii, 224) སོགས་ནང་པའི་ཡིག་ཆ་ཁག་ལས་གསལ་བས་ཡུལ་གྲོང་འདི་གནའ་དུས་སུ་གལ་ཆེན་ཞིག་ཡིན་པ་བརྗོད་མི་དགོས་པ་ཞིག་རེད།
སངས་རྒྱས་མྱ་ངན་ལས་འདས་རྗེས་རྒྱལ་པོ་མྱ་ངན་མེད་ (c. 304 – 232 BC) ཀྱིས་ནང་པའི་གནས་གཞི་ཁག་ཡར་རྒྱས་བཏང་བ་བཞིན། གནས་འདིར་ཡང་རྡོ་རིང་བཙུགས་པ་སོགས་མཛད་ཡོད་པ་ལས་ད་ལྟའང་རྡོ་བརྐོས་གླང་ཆེན་དང་རྡོ་རིང་གི་ཐོག་ཁེབ་གཉིས་མཇལ་དུ་ཡོད། དེ་བཞིན་གནས་འདིར་སངས་རྒྱས་ཀྱིས་ཞབས་བཅགས་མྱོང་བའི་རྗེས་དྲན་མཚོན་ཆེད་དུ་མཆོད་རྟེན་ཞིག་དང་ལྷ་ཁང་གཅིག་བཞེངས་ཡོད་པ་ལས། མཆོད་རྟེན་གྱི་ཤུལ་རྙིང་དེ་ད་ཆ་ཧིནྡུའི་ཆོས་ལུགས་ཀྱི་དུག་འཇོམས་པའི་སྦྲུལ་གྱི་ལྷ་མོ་ཝི་ཤ་རི་འམ་ (Viśari) མ་ན་སཱ་ (Manasā) ཡི་ལྷ་ཁང་ཞིག་ཏུ་གྱུར་ཟིན།
གནས་འདིར་ཕྱི་ལོ་ 1842 ལོར་དབྱིན་ཇིའི་མི་རིགས་ཨེ་ལེག་ཟན་ཌེར་་ཁུན་ནིང་ཧམ་ (Alexander Cunningham) གྱིས་གནའ་བོའི་དགོན་པ་དང་ནང་པའི་མཆོད་རྟེན་གྱི་ཤུལ་རྙིང་ཡོད་པ་གསར་རྙེད་བྱུང་།
ཡོངས་གྲགས་སུ་ངོས་འཛིན་བྱུང་བ་ལྟར་ན། སཾ་ཀིསྶ་ (Saṅkissa) ནི་ཡུལ་སཾ་ཀི་ས་བ་སནྟ་པུ་རའི་ (Saṅkisa-Basantapura) ཁོངས་ཀྱི་ཆུ་བོ་ཨིཀྵུ་མ་ཏཱིའམ་ཀཱ་ལཱི་ན་དཱིའི་ (Ikṣumatī, Kālīnadī) བྱང་གི་གཙང་འགྲམ་དང་། ཡུལ་གྲོང་ཀམ་པིལ་ (Kampil, Kampilya) དང་ཀ་ནཽ་ཇི་ (Kannauj, Kānyakubja) གཉིས་ཀྱི་བར་དུ་ཆགས་ཡོད་ལ། ཡུལ་གྲོང་ཧྥ་ཏེ་གར་ (Fatehgarh) ནས་བརྩིས་ན་ནུབ་ཕྱོགས་སུ་མར་ལེ་ཉེར་གསུམ་དང་། ཀཻམ་གན་ཇི་ (Kaimganj) ནས་ལྷོ་ཕྱོགས་སུ་མར་ལེ་ཉི་ཤུ། ཀན་ནཽ་ཇི་ (Kannauj) ནས་བྱང་ཕྱོགས་སུ་མར་ལེ་ཞེ་ལྔའི་སར་ཡོད་ལ། དེ་ནི་རྒྱ་གར་གྱི་ཨུཏྟར་པྲ་དེ་ཤ་ (UP) མངའ་སྡེའི་ཧྥར་རུ་ཁ་བཌ་ (Farrukhabad) རྫོང་ཁོངས་སུ་ཆགས་ཡོད།
No comments:
Post a Comment
གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག