ད་ལམ་བོད་ཀྱི་ན་གཞོན་འགའ་རེས་བོད་ཀྱི་སྐད་བཤད་ན་གོ་བརྡ་མི་འཕྲོད་པའམ། ཚིག་ལ་ནུས་པ་མེད་པ་སྐམ་པོ་ལྟ་བུའི་སྣང་བ་འདུག་ཅེས་སྨྲས་སོང་ཞེས་ཟེར་ཏེ། མི་མང་པོ་ཁྲོས་ནས་དེ་ལ་དགག་གཏམ་གཏོང་བའམ་འགའ་རེས་དེ་ལ་ལན་འདེབས་པ་སོགས་ཀྱིས་འུར་འུར་ཟིང་ཟིང་བྱེད་ཀྱིན་འདུག། སྐད་ཆ་དེའི་དོན་དེ་ལྟར་ཡིན་མིན་མ་ཤེས་མོད། ཡིན་ཡང་རུང་མིན་ཡང་རུང་གནས་ཚུལ་འདི་ལྟ་བུ་ནི་གང་སར་ཁྱབ་ནས་འདུག །དེའི་ཕྱིར་རང་ཅག་གིས་ཉིན་འགའ་ཞིག་གི་རིང་ལ་ན་གཞོན་འདི་དག་ལ་ཁ་རུབ་བརྒྱབ་ནས་འུར་ཞོགས་ཤིག་བྱས་པ་གཅིག་པུས་ཕན་པ་ཅི་ཡང་མེད། ཕྱོགས་གཅིག་ནས་བཤད་ན་ན་གཞོན་འདི་རྣམས་ལ་ཁག་མེད་དེ། ཆུང་ལོ་གཉིས་ལོན་པ་ནས་བཟུང་ཕ་མ་སོགས་ཁྱིམ་མི་རྣམས་ཀྱིས་ཕ་སྐད་སློབ་སྦྱོང་གི་ཕྱོགས་ལ་དོ་སྣང་ཡེ་མ་བྱས་ཤིང་། ཉེན་ཁ་ཅན་གྱི་བྱ་བ་མང་པོ་ཞིག་མདུན་ན་མངོན་བཞིན་དུ་སྣང་མེད་བྱས་པའི་དབང་གིས་ད་ལྟ་མཇུག་འབྲས་འདི་ལྟ་བུ་ཞིག་བྱུང་བ་རེད། རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་ལ་རྩོད་རྒྱུ་ཅི་ཡང་མེད། ད་དུང་འདི་ལས་ཀྱང་སྡུག་པ་མང་པོ་ཡོད་པ་ཤེས་པར་གྱིས། ད་ཐེངས་ཀྱི་བྱ་བ་འདིའི་ནང་ནས་རང་རེས་ངེས་པར་དུ་གོ་དགོས་པ་གཅིག་ནི། གལ་ཏེ་ན་གཞོན་རྣམས་ཀྱིས་རང་གི་ཕ་སྐད་ལ་བརྡ་སྤྲོད་ཀྱི་ནུས་པ་མེད་སྣང་སྐྱེས་པ་སྟེ། ཚིག་སྐམ་པོའམ་བྲོ་བ་མེད་པ་ལྟ་བུའི་ཚོར་བ་ཞིག་བྱུང་བ་ཡིན་ན། དེའི་ཚེ་སྐད་ཡིག་དེ་ཉམས་པའི་ཚད་མཐོན་པོ་ཞིག་ཏུ་སླེབས་ཚར་བའི་མཚོན་རྟགས་ཡང་དག་པ་ཞིག་ཏུ་ཤེས་དགོས་ཏེ། སྐད་ཡིག་ཉམས་པ་ལ་གནས་ སྐབས་གསུམ་ཡོད་པ་ལས། གནས་སྐབས་དང་པོ་གཉིས་ཀ་བརྒལ་ཚར་ནས་ད་གནས་སྐབས་གསུམ་པའམ་ཐ་མའི་དུས་སུ་སླེབས་པའི་མཚོན་རྟགས་དངོས་སུ་བྱུང་བ་ཡིན་པའི་ཕྱིར་ཏེ། ཁོ་བོས་བྲིས་པའི་འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་ལས། གནས་སྐབས་གསུམ་པ་ནི། དེ་ལྟར་སྐད་གཉིས་པོ་བཤད་པས་ན་གཞོན་རྣམས་ཀྱི་ཕྱི་སྐད་འཆད་པའི་ནུས་པ་ཇེ་བས་ཇེ་བཟང་དུ་འགྱུར། མི་ཐམས་ཅད་ཀྱིས་ཕྱི་སྐད་སྨྲ་བ་ལ་ལྟ་སྟངས་ཀྱང་ཇེ་བཟང་དུ་ཕྱིན་ནས་ཀུན་གྱིས་ཁས་ལེན། ཅི་ཞིག་ན་ལོ་ཆུང་རྣམས་ཕ་སྐད་ཀྱི་མིང་ཚིག་རྣམས་ལ་ཆ་རྒྱུས་ཇེ་ཆུང་དང་ཕྱི་སྐད་ཀྱི་དེ་ལ་འདྲེས་ཆ་ཆེ་བས་ཕ་སྐད་འཆད་པ་བས་ཀྱང་ཕྱི་སྐད་འཆད་པ་ལ་མཁས་པར་འགྱུར། དེ་ཚེ་བརྗོད་ བྱ་མང་པོ་ཞིག་ཕ་སྐད་ཀྱིས་བཤད་ན་བརྗོད་མི་ཐུབ་ལ་ཕྱི་སྐད་ཀྱིས་བཤད་ན་བརྗོད་ཐུབ་པའི་སྣང་བ་འཆར་ཞིང་། ཕ་སྐད་ཀྱི་ནང་དུ་ཕྱི་སྐད་ཀྱི་མིང་ཚིག་ཤིན་ཏུ་མང་པོ་འདྲེས། ཕྱི་སྐད་སྨྲ་མ་ཤེས་ན་རིག་གནས་མེད་པ་དང་མཐོང་རྒྱ་མེད་པའི་གྲལ་དུ་འཇོག དེས་ན་ཕ་སྐད་སྨྲས་ན་ངོ་ཚ་དགོས་པ་དང་རང་ཉིད་མི་གཞན་རྣམས་ལས་རིག་གནས་ཀྱི་རིམ་པ་གཅིག་གིས་དམན་པའི་སྣང་བ་འགོག་མེད་དུ་འཆར། དེའི་དབང་གིས་ན་གཞོན་རྣམས་འདུ་འཛོམས་བྱ་སའི་གནས་ཕལ་མོ་ཆེ་ཞིག་ཏུ་ཕྱི་སྐད་ཁོ་ན་བཤད། དེར་མ་ཟད་ཐ་ན་ཁྱིམ་ཚང་གི་ནང་དུའང་ཕ་སྐད་བཤད་པ་ཇེ་ཉུང་དུ་འགྲོའོ། །དེ་ནས་རིམ་གྱིས་མི་རིགས་དེའི་ནང་ནས་རྒན་པོ་དང་དར་མ་རྣམས་ཀྱིས་ཕ་སྐད་གཙོ་བོར་སྨྲ་ཞིང་ན་གཞོན་རྣམས་ཀྱིས་ཕྱི་སྐད་གཙོ་བོར་སྨྲ་སྟེ། སྐད་སྨྲ་ཚུལ་གྱི་སྒོ་ནས་ཚོ་གཉིས་སུ་གྱེས། དེ་ལྟར་དུ་མུ་མཐུད་ནས་སོང་བས་ཕ་སྐད་གཙོ་བོར་བྱེད་པའི་མི་རྣམས་རིམ་གྱིས་ཤི་བ་དང་རྒས་པས་ཇེ་ཉུང་དུ་འགྱུར། ཕྱི་སྐད་གཙོ་བོར་བྱེད་མཁན་གྱི་མི་ཚོགས་དེ་ཇེ་མང་དུ་འགྱུར། དེ་རྣམས་ཀྱིས་རང་གིས་ཕ་སྐད་གཙོ་བོར་མི་བྱེད་པར་མ་ཟད་རང་གི་བུ་ཚ་རྣམས་ལ་ཕ་སྐད་མི་སློབ། དེ་ནས་ཡུན་མི་རིང་བར་མི་རིགས་དེའི་སྐད་དེ་ཉེན་ལྡན་སྐད་རིགས་སུ་གྱུར་ནས་ནུབ་པར་འགྱུར་རོ། །ཞེས་སྨྲས་པ་དེ་ཉིད་མངོན་སུམ་དུ་བྱུང་སྟེ། དེས་སྐད་རིགས་འདི་སྨྲ་བའི་མི་ཡོངས་རྫོགས་ལ་ཉེན་བརྡ་ཛ་དྲག་ཅན་ཞིག་བཏང་བ་ཡིན་ནོ། །
འོ་ན་ཇི་ལྟར་བྱ་དགོས་ཞེ་ན། གནད་དོན་འདི་རྩོད་གླེང་གིས་ཐག་གཅོད་རྒྱུ་ཞིག་རྩ་བ་ནས་མ་རེད། ཇི་ལྟར་བྱ་དགོས་པ་མ་ཤེས་ན། ཐོག་མར་ཁྱེད་ཅག་གིས་རང་རེའི་ཕ་སྐད་འདི་ཤོག་བུ་མཐའ་ནས་ཚིག་པ་བཞིན་དུ་སུམ་ཆ་གཅིག་ལ་ཉེ་ཙམ་ཞིག་སྐད་རིགས་གཞན་གྱིས་ཟོས་ནས་མེད་པར་འགྱུར་བཞིན་པའི་དངོས་ཡོད་ཀྱི་གནས་ཚུལ་གསལ་བར་སྟོན་པའི་དན་གྲངས་འདི་རྣམས་ལ་ཞིབ་ཏུ་གཅིག་ལྟོས་ལ་མནོ་བསམ་ཞིག་ཐོངས་དང་དེ་ནས་སྙིང་ལ་ཚ་ཤར་རྒྱག་པ་དང་མཉམ་དུ་གོ་རྟོགས་ཤིག་སད་རྒྱུ་ཡོད་ན་ཐང་། དན་གྲངས་འདི་རྣམས་ནི་སྐད་བརྡ་རིག་པའི་ཚན་རིག་གི་ཞིབ་འཇུག་བྱེད་ཐབས་ལ་བརྟེན་ནས་གཏན་ལ་ཕབ་ཅིང་། ནོར་འཕྱུག་གང་ཡང་མེད་པར་བྱས་ཡོད་པས་ཡིད་རྟོན་ཕེར་ངེས་ཡིན། དེ་ཡང་ཉེ་བའི་ལོ་༩་ཡི་རིང་ལ་ང་ཚོས་མདོ་དབུས་ཁམས་གསུམ་གྱི་རྫོང་ཁག་༥༣་གྱི་ནང་ནས་ལོ་༢་ནས་༡༨་བར་གྱི་མི་༦༡༦༢་ཀྱིས་བཤད་པའི་སྐད་ཆ་ལས་ཐ་སྙད་༣༩༥༤༤་ལ་དན་གྲངས་དབྱེ་ཞིབ་ཀྱིས་ཞིབ་འཇུག་བྱས་པས། ཐ་སྙད་དེ་རྣམས་ཀྱི་ནང་དུ་ཕ་སྐད་ཀྱི་ཐ་སྙད་༢༨༧༩༩་ལས་མི་འདུག། གཞན་ཐ་སྙད་༡༠༧༤༥་དེ་སྐད་རིགས་གཞན་པ་རེད། གཞན་སྐད་ཀྱི་ཐ་སྙད་དེས་ཐ་སྙད་སྤྱི་འབོར་གྱི་༢༧་༡༨ % ་ཟིན་ཏེ། ཐ་སྙད་ཡོངས་ཀྱི་སུམ་ཆ་གཅིག་ལ་ཉེ་བཞིན་ཡོད། དེས་ན་ཕལ་ཆེར་ཐ་སྙད་༣་རེའི་ནང་དུ་གཞན་སྐད་རེ་རེ་འདྲེས་པའི་ཚད་ལ་སླེབས་ཉེར་ཡོད་པར་མ་ཟད། ཐ་སྙད་དེ་ རྣམས་ཀྱང་ཉིན་རྒྱུན་འཚོ་བའི་ནང་དུ་འབྱུང་ཚད་མཐོ་བའི་མིང་ཚིག་དང་བྱ་ཚིག་གི་སྐོར་རྣམས་སུ་སྣང་བས་གནས་
ཚུལ་འདི་ནི་ཤིན་ཏུ་འཇིགས་སུ་རུང་བ་ཞིག་རེད། གཤམ་གྱི་རེའུ་མིག་འདི་ལ་ལྟོས་དང་གསལ་བར་ཤེས་པར་འགྱུར་ཏེ། དཔེར་ན། བོད་ཡུལ་གྱི་རྫོང་ཁག་༡༧་ནས་ལོ་༢་ཅན་གྱི་བྱིས་པ་༨༨་གྱིས་བཤད་པའི་ཐ་སྙད་ཁྱོན་༡༢༣༠་ལ་དན་གྲངས་དབྱེ་ཞིབ་བྱས་པས་དེའི་ནང་དུ་ཕ་སྐད་ཀྱི་ཐ་སྙད་༡༡༦༦་ཡོད་ཅིང་། གཞན་སྐད་ཀྱི་ཐ་སྙད་༦༤་ཡོད། གཞན་སྐད་ཀྱི་ཐ་སྙད་དེས་ཐ་སྙད་སྤྱིའི་༥་༢༠%་ཟིན་པ་ལྟ་བུ་སྟེ་གཞན་རྣམས་ལ་དེས་མཚོན་ནས་ཤེས་པར་བྱའོ། །
གནས་ཚུལ་འདི་ལེགས་པར་རྟོགས་རྗེས་ད་གཟོད་ན་གཞོན་འགའ་ཞིག་ལ་དགག་པ་བཏང་བ་ཙམ་གྱིས་ཕ་སྐད་སྐྱོབ་ནུས་མི་ནུས་གསལ་བར་ཤེས་པར་འགྱུར་རོ། །དེས་ན་དགོས་ངེས་པ་ཁྱིམ་བདག་རྣམས་ཀྱིས་ཁྱིམ་ཚང་གི་སློབ་གསོ་ཞེས་པ་འདི་ཁ་ཙམ་མ་ཡིན་པར་ནན་ཏན་གྱི་སྒོ་ནས་ལག་བསྟར་དུ་བྱ་བ་འདི་ཡིན་ཏེ། བྱིས་པ་ཆུང་ངུའི་དུས་ནས་ཕ་སྐད་མ་ཡིག་ཡང་དག་པ་ཤེས་ངེས་བྱ་དགོས། འདི་ཕ་མ་དག་གི་ཕྲག་ཁ་ན་ཡོད་པའི་འགན་བཟློག་ཏུ་མེད་པ་དེ་ཡིན། གལ་ཏེ་ཕ་མས་ཁྱིམ་སློབ་ལེགས་པོ་བྱས་ན། ཕྱི་རོལ་གྱི་ཁོར་ཡུག་གི་ཆ་རྐྱེན་ཇི་ལྟར་ཞན་ཡང་ཕ་སྐད་ལེགས་པོ་ཤེས་པར་འགྱུར་ཏེ། འདི་འདྲའི་དཔེ་མཚོན་ཤིན་ཏུ་མང་པོ་ཡོད། དེས་ན་ཕ་མ་རྣམས་ཀྱིས་ཅིས་ཀྱང་འདི་ལ་དོ་ཁུར་ནན་མོའི་སྒོ་ནས་རང་གི་འོས་འགན་དེ་སྣང་མེད་དུ་མི་འཇོག་པར་བསྒྲུབ་པར་ཞུ།
མདོར་ན་བྱིས་པ་རྣམས་ཀྱིས་རྒྱ་སྐད་དང་དབྱིན་སྐད་སོགས་སྐད་རིགས་ཅི་ཙམ་ཤེས་ཀྱང་དེ་ལ་སྐྱོན་གཏན་ནས་མེད། སྐྱོན་མེད་པར་མ་ཟད་སྐད་ཡིག་དེ་དག་ལེགས་པར་ཤེས་ཀྱང་དགོས། སྐྱོན་གྱི་གཙོ་བོ་ནི་རང་གི་སྐད་མི་ཤེས་པ་དང་མི་བཀོལ་བ་དེ་རེད། དེའི་རྩ་བ་བཙལ་ན་ཁྱིམ་བདག་རྣམས་ལ་ཐུག་ཡོད་པ་འདི་ཤེས་པར་བྱ་དགོས་སོ། །རབ་གནས་ཤིང་སྦྲུལ་༢༠༢༥་སྟོན་ཟླ་ར་བའི་ཚེས་༡༩་ལ་ཚུལ་ཁྲིམས་བློ་གྲོས་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག
No comments:
Post a Comment
གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག