2011/06/03

འཛམ་གླིང་ནང་གི་མི་སྤྱང་ཤོས།

ཉིན་ཞིག་གི་ཕྱི་དྲོར་སྒེར་བདག་གནམ་གྲུ་ཆུང་བ་ཞིག་གི་ནང་དུ། སྐུ་ཞབས་སྨན་རམས་པ་མཁས་ཅན་ཞིག་དང་ཁྲིམས་རྩོད་པ་གྲགས་ཅན་གཉིས་པོ། འཁོས་མེད་ཉམ་ཆུང་གི་གྲྭ་རྐྱང་གཅིག་དང་བུ་ཚ་ཆུང་ངུ་ཞིག་དང་འགྲོགས་ཏེ་བར་སྣང་ལ་སྤྲོ་འཁྱམ་དུ་སྐྱོད་བཞིན་པའི་སྐབས། གློ་བུར་དུ་སྟབས་མ་ལེགས་པར་གནམ་གྲུའི་འཕྲུལ་ཆས་ལ་སྐྱོན་ཤོར་ཏེ་མར་ལྷུང་བའི་གནས་སུ་གྱར། ཁ་ལོ་བས་ཐབས་ཤེས་གང་དྲག་བྱས་ཀྱང་ཕན་ནུས་གང་ཡང་མ་ཐོན་པའི་ཐ་མ་དེར་འུ་ཐུག་སྟེ། མཆོང་གདུགས་(parachute)ཤིག་ལག་ཏུ་བཟུང་ནས་སྐད་ཤུགས་ཆེན་པོས་“འགྲུལ་པ་རྣམ་པ་ཚོ་ཚང་མ་མཆོང་རོགས་གྱིས། མཆོང་ན་ཡག་གི་རེད་”ཅེས་འབོད་ཀྱིན་རྒྱངས་སེ་སྔོན་དུ་མཆོང་སོང་། ད་རུང་བྱུས་མ་ལེགས་པ་གཞན་ཞིག་སྟེ་གནམ་གྲུའི་ནང་དུ་མཆོང་གདུགས་གསུམ་མ་གཏོགས་ལྷག་མེད། སྐུ་ངོ་སྨན་པས་ལམ་སང་གནས་ཚུལ་དེ་རྟོགས་ཏེ་“མི་མང་གི་ཚེ་སྲོག་སྐྱབས་རྒྱུའི་ཆེ་དུ་ང་ངེས་པར་དུ་གསོན་དགོས་”ཟེར་ནས་མཆོང་གདུགས་ཤིག་དམ་དུ་བཟུང་སྟེ་ལྡིང་སོང་བ་དང་། ཡང་དེ་མ་ཐག་ཁྲིམས་རྩོད་པས་ཀྱང་མཆོང་གདུགས་ཤིག་ཧབ་ཐོས་བྱས་ཏེ་“འཛམ་གླིང་ནང་གི་བློ་རིག་སྤྱང་ཤོས་དེ་ཁྲིམས་རྩོད་པ་དག་ཡིན་པས་ང་ཡང་ངེས་པར་དུ་གསོན་འོས་པ་རེད་”ཅེས་བཤད་དེ་ཐེ་ཚོམས་ཙམ་ཡང་མེད་པར་ལྡིང་སོང་། ད་ནི་གནམ་གྲུའི་ནང་དུ་ཡ་ང་བའི་རྒན་བྱིས་གཉིས་པོ་ལས་སུ་ཡང་ལྷག་མེད་སྟབས་གྲྭ་རྒན་དེས་གཅེས་པར་འོས་པའི་བྱིས་པ་ཆུང་ངུ་དེའི་ངོ་གདོང་ལ་གཟིགས་ཀྱིན་ངག་འཇམ་པོས་“ངའི་བུ་ཆུང་། ང་ནི་འཇིག་རྟེན་འདིར་རྒྱུན་རིང་བསྡད་ལ་མི་ཚེ་ཡང་ཕལ་ཆེར་འཁྱོལ་ཚར་བས་ཡིད་ཚིམས་སོང་། བུ་ཁྱེད་རང་ནི་ད་ལྟ་ལོ་ན་ཆུང་ཞིང་མི་ཚེ་བསྐྱལ་རྒྱུ་གཞི་ནས་ཡིན་པས་མཆོང་གདུགས་འདི་ཁྱེད་ཀྱིས་ཁྱེར་ལ་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་སྐྱོལ་དང་།” གསུངས་པ་དང་། བུ་དེས་མཆོང་གདུགས་ཞིག་གྲྭ་པའི་ཕྱག་ཏུ་ཕུལ་ཏེ་“རྒན་ལགས། སེམས་ཁྲལ་མ་གནང་དང་། འཛམ་གླིང་ནང་གི་མི་སྤྱང་ཤོས་དེས་ངའི་རྒྱབ་ཁུག་ཁུར་སོང་བ་ལས་འཆོང་འདུག་ཁྱེར་མི་འདུག་”ཅེས་བཤད་དེ་ཁོང་གཉིས་པོ་ཉེ་ཞོ་མེད་པར་ལྡིང་སོང་།།
དབྱིན་ཡིག་ལས་ཕབ།

2011/06/02

འུ་ཅག་བོད་མིར་དགོས་པ་སྟེ།།

ཉིན་རེའི་འཚོ་བའི་ཆ་རྐྱེན་དུ། །
ཞོགས་པའི་ལུས་རྩལ་རྩེ་བ་དང་། །
འཕྲོད་པའི་ཁ་ཟས་བསྟེན་པ་སོགས། །
ཚན་རིག་ནང་གི་ཉམས་ལེན་རེད། །

རྨོ་རྨོའི་ལག་གི་འཐག་ཟོང་གིས། །
བལ་སྐུད་འཐག་པའི་རིག་པ་དང་། །
གཡག་རྒོད་རོག་པའི་རྩིད་པ་ལས། །
སྦྲ་གུར་འཚེམ་པའི་བཟོ་ལས་དང་། །

སྔགས་པས་སད་སེར་སྲུང་བ་དང་། །
གྲྭ་པས་གླུད་ཡས་བསྔོ་བ་ཕུད། །
ས་གཤིས་ཡུལ་དུས་དང་འཚམས་པའི། །
ཞིང་ལས་ཐོན་སྐྱེད་སྤེལ་ཚུལ་འདི། །
ཚན་རིག་གཞུང་དང་མཐུན་པར་སྣང་། །

དགུན་ཁར་སྦྲ་ནག་འབུབས་པ་དང་། །
ལྕི་ཁང་ནང་དུ་སྡོད་པ་ནས། །
གནས་ཁང་དེང་རབས་རྩིག་སྟངས་བར། །
བཟོ་བཀོད་རིག་པའི་ཚན་རིག་རེད། །

བྱིས་པའི་ཚ་རྒོད་གཅོག་ཐབས་དང་། །
དར་མའི་གླད་ཁྲག་འབྱེད་ཐབས་དང་། །
རྒས་པོའི་ཁྲག་འགགས་གཤང་ཐབས་སོགས། །
གསོ་བ་རིག་པའི་ཚན་རིག་རེད། །

གང་ལྟར་ཚན་རིག་སྦྱང་དགོས་ན།།
རྩིས་དངོས་རྫས་གསུམ་མཐུན་པ་དགོས། །
ལྷ་ཆོས་ཚན་རིག་མཐུན་པ་ཡི། །
ལུར་སྒྲོགས་འདི་དག་སྟོང་འུར་ཡིན། །

2011/06/01

འབུ།

དབྱར་རྩ་དགུ་འབུ་བརྐོ་རྒྱུར་བྲེལ་བས། །
མྱེས་པའི་ཕ་ཞིང་རྩ་སྐྱས་བརྒྱངས་སོང་། །
བརྐོས་པའི་འབུ་ཤ་རྒྱ་ལ་བཙོང་སྟེ། །
འཁོར་རིགས་སྟོང་གིས་ལུང་པ་བཀང་སོང་། །

སྐྱུར་རྩི་བསྒོས་པའི་རོ་འཛིན་དིག་པོས། །
ཚིག་གསུམ་གཏམ་སྒོ་མ་ཕྱེས་སྔོན་ནས། །
གློ་འདོགས་གྲི་གུ་ཤུབ་ནས་ཕྱུང་སྟེ། །
སྤུན་ཟླའི་ཟུང་ཁྲག་ཐང་ན་འཕོས་སོང་། །

ཤ་རུལ་དྲི་ངན་གང་དུ་འཐུལ་སར། །
སྦྲང་ནག་འཚང་བ་དངོས་པོའི་གཤིས་ལྟར། །
མ་རབས་ཤོ་རྒྱན་གང་དུ་འཛུགས་སར། །
བསགས་པའི་འབུ་དངུལ་བསྐྱེལ་དུ་བྲེལ་འདུག །

2011/05/28

དགེ་རྒན་བཀའ་དྲིན།

༡) ཐོག་མར་སློབ་གྲྭར་ཡོངས་སྐབས།།
དམ་པའི་དགེ་རྒན་མཇལ་ནས།།
སེམས་པ་ཧ་ཅང་དགའ་སྟེ།།
གུས་ཞབས་རང་བཞིན་ཤོར་བྱུང།།
 
༢) ཀ་ཁ་ག་ང་སྦྱོང་དུས།།
དགེ་གྱིས་ང་ལ་ཞུས་པས།།
མིག་ནས་མིག་ཆུ་ཤོར་སོང།།
སེམས་ནང་ཕ་མ་དྲན་བྱུང།།

༣) ང་རང་ཆེན་པོ་ཆགས་སྐབས།།
སོ་སོའི་ཕུགས་བསམ་རག་དུས།།
ཆུང་དུས་སྦྱངས་བའི་ཡོན་ཏན།།
དགེ་གྱི་བཀའ་དྲིན་དྲན་བྱུང།།
 
༤) ནམ་ཞིག་དགེ་རྒན་མེད་དུས།།
ང་རང་སེམས་པ་སྐྱོ་སོང་།།
ངའི་ལམ་སྟོན་སྒྲོན་མེ།།
ཕ་མ་གཉིས་པ་ཁོང་ཡིན།།
མིང་་་་་་་་་་་་་་་་་་་་པདྨ་གཡུ་སྒྲོན།
འཛིན་གྲྭ་་་་་་་་་་་་་་་་་དྲུག་པ།

2011/05/26

དཔའ་བོ་རྗེས་དྲན་ཇོ་དབྱངས་མ།

སྤུན་ཟླ་ལགས།

བདེན་དོན་གྱི་ཀི་སྒྲ་འུར་རླུང་གིས་ཁྱེར་དུས།
རྫས་དུད་དང་བོའུ་སྐད་ཁྲོད།
ཟུང་ཁྲག་གི་ཤ་འོད་རྒྱུག་སོང་།

ཨོྃ་མ་ཎི་པདྨེ་ཧཱུྃ།
མཐོ་སྒང་གི་ལས་དབང་ལ་གཟིགས་དང༌།
གཟི་བརྗིད་ཀྱིས་འགྱེལ་བའི་སྐུ་ཕུང་ལ།
ལྷག་བསམ་གྱི་བླ་སྲོག་ནམ་ཡང་འབར།
མ་ཎི་དང་ངུ་ངག་ཁྲོད་ན།
མི་ཡུལ་གྱི་དམྱལ་བ་སླེབས་སོང༌།

ཨོྃ་མ་ཎི་པདྨེ་ཧཱུྃ།
མཐོ་སྒང་གི་ལས་དབང་ལ་གཟིགས་དང༌།
རྒྱལ་ཚོགས་ཀྱིས་སྤྱན་རས་ཚོང་ལ་གཡོས་ནས།
མི་རིགས་གཙང་སེལ་གྱི་ཁྲག་མཚོ་ནམ་ཡང་མ་གཟིགས།
འོན་ཀྱང་སྤུན་ཟླ་ལགས།
ཁྲག་གིས་བརྫིས་པའི་རྐང་རྗེས་དམར་པོ།
ང་ཚོའི་ཅིས་ཀྱང་བསྙེགས་ནས་འོང༌།

མ་ཎི་པདྨེ་ཧཱུྃ།
མཐོ་སྒང་གི་ལས་དབང་ལ་གཟིགས་དང༌།
ངས་མེས་དབོན་རྣམ་གསུམ་ང་རྒྱལ་དུ་བཟུང་སྟེ།
དེབ་ཐེར་དཀར་པོ་དག་ཚར་ཅིག་ཀློག་ཀྱིན་པས།
འཕྲུལ་གྱི་ལྷ་བཙན་པོའི་ཡང་སྲིད་དུ་བཞེངས་ཏེ་ཤོགས།

མ་ཎི་པདྨེ་ཧཱུྃ།
མཐོ་སྒང་གི་ལས་དབང་ལ་གཟིགས་དང༌།
ངས་བརྗེད་མི་སྲིད་པ་ནི་རྗེས་དྲན་ཡིན་ལ།
འཚམས་མི་འཆད་པ་ནི་ངུ་ངག་ཡིན།

༢༠༠༩། ༣། ༡༠། ཆོས་དགེ་ཨོ་རྒྱན་རིག་འཛིན་ནས།

2011/05/16

སྐྱ་མོ།

ངའི་ཆེས་ཐོག་མའི་་་་་་་་་
གདུང་ཤུགས་ཀྱི་འབོད་པ།
སེམས་ཁོང་ན་མེ་ཏོག་ལྟར་རྙིད་གྲབས་འདུག
ངས་་་་བུ་ཕྲུག་བཞིན་བསྐྱངས་པའི་་་་་་་་
རེ་འབྲས་ཀྱི་རྨི་ལམ་དྲོད་མོ།
ཀླད་རྒྱ་ལས་འཇའ་ཚོན་བཞིན་ཡལ་གྲབས་འདུག

འདིར་་་་་་་་་་་་་་་་་་་་་་་་།
ལང་ཚོས་འཁྱུད་པའི་ཉི་འོད་ཀྱི་བཀྲག་མདངས་དྭངས་མ།
དུ་རྡུལ་གྱིས་སྦག་དུས།
ངའི་མིག་ཟུང་གི་གཟི་འོད་འདི་ཡང་།
རབ་རིབ་ཀྱིས་སྒྲིབ་རྩིས་འདུག

ཧུའའའའའའའ་་་་་་་་་།
ཁོག་སྟོད་ན་འཚང་བའི་སྲོག་དབུགས་འདི།
ཤུགས་རིང་གིས་ཕྱུང་དུས།
ཚ་བས་བྲབས་པའི་ངོ་གདོང་འདི་ཡང་།
རྔུལ་ཆུས་ཡོངས་སུ་སྐྱོམ་བཞིན་མཆི།

ང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

2011/05/15

དེང་སང་གི་ལྟ་བ།

ཡིད་ཆེས་དང་ལྷག་བསམ་དགོས།
བག་ཡོད་དང་ཆོག་ཤེས་མཁོ།
འདི་དག་སྲོལ་རྒྱུན་གྱི་བསླབ་བྱ་ཞིག
འདིས་སེམས་ཁོང་གི་སྤྲོ་སྣང་བརྡོལ་བཅུག་རུང་།
བྱུས་ངན་གྱིས་དམྱལ་བར་འཁྲིད་སྲིད།
ཡིད་མ་ཆེས་རུང་མཐུན་ཐབས་ངེས་པར་དགོས།
འདི་དེང་རབས་ཀྱི་གཡོ་བྱུས་ཤིག
འདིས་གནས་སྐབས་ཀྱི་ཁེ་སྤོགས་ཐོབ་སྲིད་ལ།
མཐར་ཐུག་གི་འཚོ་གནས་ཡང་སྤྲད་སྲིད།