2011/09/02

གནམ་རིག

སའི་གོ་ལ་ནི་ང་ཚོས་ཕ་ཁྱིམ་ངོ་མ་དེ་ཡིན་ལ་ཉི་མའི་ཁྱིམ་རྒྱུད་ཀྱི་སྒྱུ་སྐར་དག་ལས་ཉི་མ་དང་ཉེ་ཤོས་གསུམ་པ་ནི་སའི་གོ་ལ་འདི་ཡིན། ད་ཆ་ཤེས་རྟོགས་བྱུང་གསལ་ལྟར་ན་སའི་གོ་ལ་འདི་ནི་རླུང་ཁམས་ཆེན་པོའི་ནང་གི་རང་བྱུང་གི་སྲོག་རླུང་དང་གཤེར་གཟུགས་ཀྱི་མཚོ་ངོས་ཆེན་པོ་ཡོད་པ་ཁོ་ན་དེ་ཡིན་ཞིང་། དེའི་སྟབས་ཀྱིས་འགྲོ་བའི་ཚེ་སྲོག་གནས་ཐུབ་པ་ནི་བཤད་མི་དགོས་པ་ཞིག་རེད།
སའི་གོ་ལ་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་སྒྱུ་སྐར་དག་ལས་རླང་གཟུགས་ཀྱི་ངོ་བོར་གྱུར་པའི་གཟའ་ཆེན་ཕུར་བུ་ (Jupiter) དང་སྤེན་པ་ (Saturn) དེ་བཞིན་དུ་སྐར་མ་རྣམ་རྒྱལ་ (Uranus) སྐར་མ་མཚོ་རྒྱལ་ (Neptune) དག་ལས་ཆུང་ཞིང་མཁྲེག་གཟུགས་སམ་ས་རྡོའི་ངོ་བོར་གྲུབ་པའི་སྒྱུ་སྐར་ལྷག་པ་ (Mercury) དང་། མིག་དམར་ (Mars) པ་སངས་ (Venus) དག་ལས་ཆེ་བ་ཡོད། ད་རུང་སྐར་མ་གཤིན་རྒྱལ་ (pluto) སའི་གོ་ལའི་དཀྱིལ་ཐིག་ནས་རོབ་རྩིས་བྱས་ན་ལེ་དབར་༨༠༠༠ (13,000 kilometers) ཙམ་ཡོད་ཅིང་གོ་ལའི་འཐེན་ཤུགས་ཀྱི་ནུས་སྟོབས་རང་ཉིད་ལས་གོར་དབྱིབས་ཀྱི་རྣམ་པ་ཞིག་ཏུ་ཆགས་ཡོད་ཀྱང་རྦད་དེ་གོར་རྐྱང་རང་མ་ཡིན་པར་སྒོང་དབྱིབས་ལྟ་བུ་ཞིག་ཡིན། གོ་ལའི་ཕྱི་ངོས་བརྒྱ་ཆ་བདུན་ཅུ་ཙམ་རྒྱ་མཚོས་ཁྱབ་ནས་ཡོད་པ་དང་རྩི་ཤིང་རིགས་ཀྱིས་བར་སྣང་རླུང་ཁམས་ཀྱི་སྲོག་རླུང་བསྐྲུན་གྱི་ཡོད།

2011/08/16

བསིལ་ལྷམ།

ང་ནི་བསིལ་ལྷམ་གྱི་སོ་པ་ཞིག 
ང་ནི་བསིལ་ལྷམ་གྱི་རྫི་བོ་ཞིག 
མེ་ཏོག་ལས་མཛེས་པའི་བསིལ་ལྷམ་དམར་པོ། 
མུ་ཏིག་ལས་འཚེར་བའི་བསིམ་ལྷམ་སྔོན་པོ། 
གལ་ཏེ་བསུ་མ་དང་འདྲ་བའི་བསིལ་ལྷམ་ཆུང་ངུ་དག་གིས་འཛུམ་དམུལ་དམུལ་གྱིས་སྒོ་དྲུང་ནས་ང་བསྒུགས་མེད་ཚེ།
ངའི་སྙིང་གསེང་ནས་ཅི་ཞིག་འཐོར་ཏེ་བྱེ་ཐང་ནས་གང་ཞིག་འཚོལ་བ་དང་འདྲ་སོང་།
ངའི་གཅེས་པའི་བསིལ་ལྷམ་ཆུང་ངུ་ལགས།
ཞོགས་པ་ལྷ་གསོལ་གྱི་དུད་སྤྲིན་ཀློང་ནས་ཁྱེད་ཉིད་བཞད་སོང་ལ།
དགོང་མོའི་རྨི་ལམ་གྱི་ཞིང་ཁམས་ནས་ཁྱེད་རང་འཛུམ་སོང་།
རྒྱུན་དུ་་་་
ང་ཆེས་དགའ་སའི་ཇ་མངར་མོ་དང་སྔོ་མོ་མོའི་བྲོ་བའི་གཏིང་རུམ་ནས་གསེར་ཉ་བཞིན་དུ་འཁྱུགས་སོང་།
བསིལ་ལྷམ་ལགས།
ཚོན་མདོག་གིས་རྣམ་པར་བཀྲ་བའི་ཁྱེད་ཀྱི་སེན་མོ་དམར་པོ།
མཉེན་འཇམ་གྱིས་མཛེས་པའི་ཁྱེད་ཀྱི་རྐང་ཆུང་ལྡེམ་པོ།
ཁྱེད་ཉིད་ནི་རྐང་ཆུང་ལ་དག་ཅིང་ང་ནི་ཁྱེད་རང་ལ་དག
མ་གཞི་བསིལ་ལྷམ་ཆུང་ངུ་ལགས།
ཁྱོད་ཉིད་ངའི་རྐང་སྒོག་གི་ལོང་སྤྱོད་དུ་མི་འོས་པ་བདེན་སྲིད་ཀྱང་།
ངའི་མགོ་ཐོག་གི་གཙུག་རྒྱན་དང་། སྐེ་ཐོག་གི་སྲུང་བ།
ཐ་ན་གཡང་སྒམ་གྱི་བཅུད་དུ་བསྟིམས་ན་ཆོག་གམ།
བསིལ་ལྷམ་ལགས།

2011/08/08

བཀའ་ཁྲི་གསར་པ།




སྐུ་དྲག་དཔོན་རྒྱུད་མིང་སྐམ་མ་ཁྱེར་ཞིང་། །
རྒྱུ་དང་འབྱོར་བའི་ལྐོག་ནས་མ་སྐྱོར་པར། །
ངལ་བརྒྱས་བཀྲུན་བའི་ཤེས་རིག་འོད་སྣང་འདིས། །
ཆེས་མཐོའི་སྲིད་སྐྱོང་བཞུགས་ཁྲི་མཛེས་པར་བྱས། །

དེང་སྲོལ་མཁས་ཟེར་སྙན་པ་སྒྲོགས་ཀྱང་སྲིད། །
གནའ་སྲོལ་མི་མཁྱེན་སྨོད་པ་བྱེད་ཀྱང་སྲིད། །
བླ་མ་མིན་པས་ཡིད་ཆེས་མེད་ཀྱང་སྲིད། །
ཐམས་ཅད་མགུ་བ་འཇིག་རྟེན་འདི་ན་མེད། །

འཆི་མ་གསོད་དུ་ལུས་པའི་བོད་དོན་འདི། །
ཕྱག་སྟོང་སྤྱན་རས་གཟིགས་ཀྱིས་བསླུ་དཀའ་ན། །
ཕྱག་གཉིས་བློ་བཟང་སེང་གེས་བདེ་བླག་ཏུ། །
ལེན་པར་བསམ་ན་བྱིས་པའི་བློ་ལས་ཅི། །

དབུ་མ་རང་བཙན་ཆོས་བཤད་མ་བྱས་གོང་། །
སྟོང་ལ་ཉེ་བའི་གངས་རིའི་མི་འུ་དང་། །
ནུབ་ལ་ཉེ་བའི་བྷོ་ཊའི་ཕ་སྐད་གཉིས། །
འཕྲལ་དུ་བསྐྱབ་རྒྱུ་ཐོག་མའི་འོས་འགན་སྙམ། །

2011/08/05

སྤང་སྒང་རི་ཁྲོད་ཀྱི་ཁྲི་འདོན་མཛད་སྒོ།

དེ་རིང་ནི་བོད་ཟླ་དྲུག་པའི་ཚེས་ལྔ་དང་སྤྱི་ལོ་ ༢༠༡༡ ཟླ་ ༨ པའི་ཚེས་ ༤ ཉིན་མོ་འདིར་ས་གནས་ཀུ་ལུ་མ་ན་ལིའི་མངའ་ཁོངས་སུ་ཡོད་པའི་སྤང་སྒང་རི་ཁྲོད་དུ་ཡང་སྲིད་ཁྲི་འདོན་གྱི་མཛད་སྒོ་ཟབ་རྒྱས་ཤིག་འཚོགས་ཀྱིན་འདུག སྤྱིར་རི་ཁྲོད་འདི་ཉིད་སྔ་འགྱུར་རྙིང་མའི་ཆོས་རྒྱུད་འཛིན་པ་རྨེ་བ་མཁན་ཆེན་ཐུབ་བསྟན་འོད་ཟེར་དཔའ་བཟང་པོ་མཆོག་གིས་ཕྱག་བཏབ་ཅིང་སློབ་རྒྱུན་གཙོ་བོ་བཙུན་མ་དང་ཐོས་བསམ་སྒོམ་གསུམ་ལས་སྒོམ་པ་གཙོ་ཆེར་གནང་སའི་རི་ཁྲོད་མཐོང་ན་སྤྲོ་བ་ཞིག་རེད། 
བར་ལམ་ཕྱི་ལོ་ ༢༠༠༠ ཟླ་བ་༩ ཚེས་ ༢༠ ཉིན་མཁན་ཆེན་གང་ཉིད་དགོངས་པ་བཤེགས་ཏེ་ལོ་གཅིག་གི་རྗེས་སུ་འཁྲུངས་ཞིང་ཡབ་ཁུ་ནུ་བ་ཕུན་ཚོགས་སྟོབས་རྒྱལ་དང་ཡུམ་རྒྱ་གར་ཁམས་པ་ཚེ་རིང་སྒྲོལ་མའི་{སྲས་འཇིགས་མེད་བསྟན་འཛིན་འགྱུར་མེད་}ཡང་སྲིད་དུ་གཏན་ཁེལ་ཞིང་། དེ་རིང་ཨ་བྲ་ཆུང་ཡང་སུག་བཞི་ཚང་ཟེར་བ་ལྟར་འདུས་སྡེ་ཆུང་ངུ་ཞིག་གིས་ངོས་ནས་བཤད་ན་བྱ་དཀའ་བའི་ཁྲི་འདོན་གྱི་མཛད་སྒོ་ཆེན་པོ་ཞིག་དངོས་སུ་འདུ་བགྱིས་འདུག་སྙམ།

མཛད་སྒོའི་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་དང་། སྤྱི་འཐུས་ཚོགས་གཞོན། ས་གནས་རང་གཞུང་གི་གནད་ཡོད་མི་སྣ་ཁག རྙིང་མའི་མ་དགོན་ཆེན་པོ་དག་གི་སྐུ་ཚབ་ཀྱིས་མཚོན་པའི་སྐུ་དྲག་དག་ཀྱང་མི་ཉུང་བ་ཞིག་ཕྱག་ཕེབས་འདུག་ལ། མགོ་ལ་མེ་ཏོག་ཙམ་པ་ཀས་བརྒྱན་པའི་ཡབ་རྒྱུད་ཀྱི་གཉེན་ཉེ་ཡུལ་མི། ལུས་ལ་བོད་གོས་གྱོན་ཞིང་གདོང་ལ་མཚལ་ཐིག་བཏབ་པའི་ཡུམ་རྒྱུད་ཀྱི་ཉེ་བཞི་རྩ་ལག་ཕལ་ཆེར་མ་ཚང་བ་མེད་པར་འཛོམས་ཡོད་པར་སྣང་།
རྒྱུན་ལྡན་གྱི་གནས་སྟངས་དང་མཚུངས་པར་འདི་གར་ཧི་མ་ལའི་ཉིན་སྲིབ་ཀྱི་དད་ལྡན་པ་དད་པའི་གདན་གཏིང་ཞིང་དད་པའི་གོས་གྱོན་མཁན། དད་པ་དང་མ་ངོ་མཉམ་དུ་ཤེས་པའི་མི་ཚོགས་ཀྱི་འདུ་འཛོམས་ཧ་ཅང་ཆེ་ཡང་ཆར་པ་ཤུགས་ཀྱིས་བྱོ་སྟེ་རྒན་བྱིས་དག་ལ་བརྡབ་གསིག་མི་ཆུང་བ་ཞིག་ཀྱང་བྱུང་སོང་། །

2011/08/03

ཆོས་འཁོར།

འཇིག་རྟེན་མི་ཡི་དབང་པོར་མ་འབྱོར་ཞིང་། །
ལོ་དྲུག་དཀའ་ཐུབ་སྤྱད་ཀྱང་མ་བརྙེས་པའི། །
བརྗོད་འདས་དོན་གྱི་བདུད་རྩི་ཟབ་མོ་ཞིག །
བྱང་ཆུབ་ལྗོན་པའི་འོག་ནས་ངང་གིས་བརྡོལ། །

སུས་ཀྱང་མི་གོ་སྙམ་རྗེས་ལྔ་སྡེ་ལ། །
བསྟན་ན་གྲོལ་བར་འགྱུར་བ་གཟིགས་ཚུལ་འདིས། །
ཁྱེད་ཀྱི་རྣམས་པ་ཐམས་ཅད་མཁྱེན་དེ་ལ། །
ཐེག་པ་ཆེན་པོས་སྒྲོ་འདོགས་བྱས་མེད་དམ། །

རྫུལ་འཕྲུག་གཤོག་པ་བརྐྱངས་ཏེ་མ་ཕེབས་པར། །
ལྷུང་གཟེད་མཁར་བསིལ་བསྣམས་ནས་དལ་བུ་ཡིས། །
གྲོང་དང་གྲོང་ཁྱེར་བརྒྱུད་པའི་ཐ་མ་རུ། །
ཝཱ་རཱ་ཎ་སཱིར་ལྔ་སྡེ་བཟང་པོ་རྙེད། །

ལྷ་རྟེན་སྐུ་འབག་ཕུག་ཏུ་མ་བཤམས་ཤིང་། །
རྔ་ཆ་རོལ་མོའི་འུར་ཆེམ་མ་སྒྲོགས་པར། །
གང་གིས་བརྙེས་པའི་བདུད་རྩི་ཟབ་མོའི་ཆོས། །
གདུལ་བྱའི་སྙིང་གི་པད་མོར་ཡོངས་སུ་བསྟིམས། །

2011/07/20

གདོན་གཏམ།

Image result for evil

སྔོན་ཚེ་དྲང་སྲོང་བྲམ་ཟེའི་འཚོ་ཐབས་སུ། །
དངོས་བྱུང་བདེན་པའི་གར་སྟེགས་མཐོན་པོ་རུ། །
སྣ་ཚོགས་ལྷ་འདྲེ་འཁྲབ་པའི་གསོབ་གཟུཌ་དེར། །
འགྲེང་མིས་ངོ་མཚར་དད་པས་དགའ་བསུ་ཐོབ། །

སྒང་པ་འདི་ཡང་ལྷ་འདྲེའི་ཞིང་ཁམས་སྟེ། །
སྲིད་པ་ཆགས་པའི་ལྷ་དགུ་མན་ཆད་ནས། །
གླུད་ཡས་བསྔོ་སའི་གྲོང་སྲིན་འབྱུང་པོའི་བར། །
སྣོད་བཅུད་དབང་མཛད་ལྷ་འདྲེ་རྡུལ་ལས་མོད། །

མ་གཞི་ལྷ་འདྲེ་མཐོང་བའི་དུས་མེད་ཀྱང་། །
ལྷ་འདྲེ་འདོད་པའི་དུང་པ་མ་བཟོད་པར། །
སྐྱེས་པའི་གཟུགས་ལ་ལུས་ལྷ་ཞེ་དགུ་དང་། །
བུད་མེད་ཡོད་ཚད་འདྲེ་མོ་ཡིན་རབས་ཟེར། །

སྲོད་དུ་གྲོང་གསུམ་མདོ་དང་ལམ་མདོ་རུ། །
ཕྱག་མ་འཐག་ཁྲི་ཞོན་པའི་བུད་མེད་ཚོགས། །
འཛོམས་ཏེ་མི་ཤ་ཟ་བའི་གདོན་གཏམ་དག །
བུ་མེད་ཁོང་ཅག་གིས་ཀྱང་ཁས་ལེན་བྱེད། །

2011/07/15

འཛམ་གླིང་སྤྱི་བསང་།

ཡོངས་གྲགས་བཤད་སྲོལ། 

དང་པོ། སྤྱི་ལོའི་དུས་རབས་བརྒྱད་པར་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཏེ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་བཞེངས་སྐབས་“ཉིན་མོ་མིས་བརྩིགས་པ་ལས་མཚན་མོ་ལྷ་འདྲེས་བརྩིགས་པ་མཐོ་”ཟེར་བ་ལྟར། གཙུག་ལག་ཁང་རྟེན་དང་བརྟེན་པ་ཡོངས་སུ་གྲུབ་པའི་དགའ་སྟོན་དུ་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་བདག་རྣམས་ལ་“བསང་གསོལ་”གྱི་ལེགས་བསོའི་མཆོད་སྤྲིན་རྒྱ་ཆེན་ཞིག་སྤྲོས་པའི་རྒྱུན་སྲོལ་ལ“འཛམ་གླིང་སྤྱི་བསང་”ཞེས་ཐོགས་པར་གྱུར་ཞེས་གྲགས། 
འོན་ཀྱང་ ༢༠༡༦ ལོར་«ཀྲུང་གོ་བོད་ཀྱི་དྲ་བར་»པད་དཀར་འབངས་ཀྱིས་བརྩམས་པའི་«འཛམ་གླིང་སྤྱི་བསང་ཆེན་མོ་རགས་བཤད་»ལས། “པདྨ་བཀའ་ཐང་དང་། ལྡེའུའི་ཆོས་འབྱུང་། ཆོས་འབྱུང་མེ་ཏོག་སྙིང་བོ་སོགས་ན། ལྷ་ཁང་ལ་རབ་གནས་མཛད་ཚུལ་སོགས་ཀྱི་སྐབས་གང་ནའང་བསམ་ཡས་གྲུབ་རྗེས་ལྷ་ཀླུ་ལ་གཏང་རག་གི་བསང་མཆོད་ཕུལ་བ་ཟུར་ཙམ་མི་སྣང་ངོ་། །ཁོ་བོས་བསམ་ན་བསམ་ཡས་གཙུག་ལག་ཁང་རྩིག་པའི་ཆེད་དུ་སྔོན་དུ་རྒྱགས་བརྔན་བརྩམས་པར་མངོན་ཏེ། པདྨ་བཀའ་ཐང་ལེའུ་རེ་གཉིས་པ་ལས། དེ་ནས་ཧས་པོ་རི་ཡི་རྩེ་མོར་བྱོན། །སྐམ་ཆས་རློན་ཆས་རྫས་ལ་འདུ་རུ་བཙུག [...] ལྡེའུའི་ཆོས་འབྱུང་ལས་ཀྱང་། སློབ་དཔོན་གྱིས་ལྷ་སྲིན་སྡེ་བརྒྱད་ལ་ལས་མཁན་བཅོལ་བས། ཞེས་སོགས་ཆོས་འབྱུང་གཞན་ལྟར་གསུངས་འདུག་པས། བསམ་ཡས་གཙུག་ལག་ཁང་མ་གྲུབ་པའམ་ལེགས་པར་འགྲུབ་པའི་ཆེད་དུ་རྒྱགས་བརྔན་ལྷ་བསང་བརྩམས་ཏེ་ཧས་པོ་རིར་བསང་མཆོད་རྒྱ་ཆེན་བཏང་བ་ཡིན་ནམ་སྙམ་སྟེ་དཔྱད་པར་འཚལ།” ཞེས་དཔྱད་ཞིབ་གནང་འདུག་པས་དཔྱོད་པར་འཚལ་ལོ། །
གཉིས་པ། བཙན་པོ་མུ་ནེ་བཙན་པོས། ལྷ་ས། ཁྲ་འབྲུག བསམ་ཡས་ཏེ་ཆོས་འཁོར་གསུམ་ལ། སྡེ་སྣོད་གསུམ་གྱི་མཆོད་རྒྱུན་བཙུགས་པའི་ཡ་གྱལ། ལྷ་ས་འདུལ་བའི་མཆོད་པ་ཞེས་གཞུང་ཕྱོགས་ནས་ཀྱང་དབྱར་གསོལ་གཏོང་ཞེས་ད་ལྟའི་བར་ལམ་སྲོལ་འདི་བསྐྱངས་དང་སྐྱོང་བཞིན་ཡོད།
གསུམ་པ། གླིང་སྒྲུང་འཛམ་གླིང་སྤྱི་བསང་ལས། འཛམ་གླིང་གེ་སར་རྒྱལ་པོས་རྟ་རྒྱུགས་རྒྱལ་འཇོག་བྱས་ནས། གླིང་དཀར་སྟོད་ཀྱི་གསེར་ཁྲི་དང་། སྐྱ་ལོའི་རྒྱུ་བདག འབྲུག་མོའི་སྐྲ་བདག་བཅས་གྱུར་རྗེས། ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་རྨ་སྤོམ་རའི་ལ་བསྟོད་དུ་རྒྱལ་བློན་ཧྲག་བསྡུས་འཚོགས་ཏེ། འཛམ་གླིང་སྤྱི་བསང་ཞིག་བཏང་བའི་གླིང་སྒྲུང་ཡང་ཡོད། སྒྲུང་གཏམ་དེ་ནི་ཕྱིས་སུ་«རྒྱག་བརྔན་ལྷ་བསང་»དང་«འཛམ་གླིང་སྤྱི་བསང་»ལ་བརྟེན་ནས་བྱས་པར་སེམས།
གང་ལྟར་དུས་ཕྱིས་དགའ་ལྡན་ཕོ་བྲང་བས་གནས་ཆུང་དང་ལྷ་སའི་ཉེ་འཁྲིས་ལ་ཡོད་པའི་ཡུལ་ལྷ་གཞི་བདག་ཁག་གཅིག་ལ་དམིགས་བཀར་ཀྱིས་བསང་གསོལ་ཕུལ་ཅིང་རྒྱལ་ཁམས་བདེ་མིན་གྱི་ལུང་བརྟག་དང་སྐྱབས་འཇུག་ཞུ་སྲོལ་གྱི་མཛད་སྒོ་ཆེན་པོ་ཞིག་ཏུ་གྱུར་ཡོད།

ཁག་གཅིག་གི་འདོད་པ།

ཉེ་བའི་ཆར་མཁས་པ་ཁ་ཤས་ཀྱིས་རྒྱུན་དུ་བཤད་རྒྱུར། “འཛམ་གླིང་སྤྱི་བསང་ནི་རབ་བྱུང་དྲུག་པའི་ས་འབྲུག་སྤྱི་ལོ་ ༡༣༢༨ ལོར་ཀརྨ་པ་རང་བྱུང་རྡོ་རྗེས་བོད་ཀྱི་བྱང་ཕྱོགས་སོག་ཆུར་ཁར་ལྕགས་ཟམ་འཛུགས་སྐབས། འཛམ་བུ་གླིང་གི་གཞི་བདག་རྣམས་ལ་འཕྲིན་བཅོལ་གྱི་ཆེད་དུ་བརྩམས་པའི་བསང་དཔེ་ཞིག་གི་མིང་ཡིན། དེ་རྗེས་སུ་བོད་ཀྱི་ཡུལ་གྲུ་སོ་སོར་ཟླ་བ་ལྔ་པའི་ནང་ཡུལ་ལྷ་གསོལ་ཞིང་ལྷ་བསང་གཏོང་བའི་དུས་ཆེན་ཞིག་དར་བ་དང་།” ཞེས་དང་། “དེང་དུས་ཚིག་མཛོད་འགའ་ཞིག་དང་། བོད་དབྱིན་གྱི་དྲྭ་རྒྱ་ཁག་མང་པོ་ཞིག་ཏུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་གུ་རུ་པདྨ་འབྱུང་གནས་ཀྱིས་མཛད་པ་རེད་ཅེས་བྲིས་འདུག་པ་དེ་ནི་ལྷ་བསང་རྒྱག་བརྔན་དང་གཅིག་ཏུ་འཁྲུལ་ནས་ངོ་སྤྲོད་བྱས་པར་སེམས། ལྷ་བསང་རྒྱག་བརྔན་ནི་སློབ་དཔོན་པདྨས་མཛད་ཅིང་གཏེར་སྟོན་རིག་འཛིན་རྒོད་ལྡེམ་གྱིས་གཏེར་ནས་བཏོན་པ་ཞིག་ཡིན། དེ་དང་འཛམ་གླིང་སྤྱི་བསང་གཉིས་དོན་གཅིག་མིན་པར་ཤེས་པ་བྱའོ། །”ཞེས་སོགས་གསུངས།

དེ་ལ་བསམ་ཚུལ་ཞུ་བ།

མཁས་དབང་མཆོག་གིས་གསུང་པ་ལྟར་མིང་དང་ཐ་སྙད་ཇི་བཞིན་པའི་ཕྱོགས་ནས་དེ་ལྟར་བཤད་ཆོག་ཀྱང་། «འཛམ་གླིང་སྤྱི་བསང་»ཡིན་མིན་ནི་མིང་དེ་ལྟར་ཐོགས་མིན་ཙམ་མིན་པར། དོན་དུ་འཛམ་བུ་གླིང་གི་གཞི་བདག་ཡོད་ཚད་བསང་གིས་བརྔན་པའི་ཆོ་ག་ཞིག་སྤེལ་ཡོད་མེད་ལ་བལྟ་དགོས་པར་སེམས་ཤིང་དེ་ནི་«རྒྱག་བརྔན་ལྷ་བསང་»གི་བརྗོད་དོན་ལ་གཟིགས་ན་རྟོགས་པར་འགྱུར། དེས་ན་དུས་རབས་བརྒྱད་པར་གུ་རུས་«རྒྱག་བརྔན་ལྷ་བསང་»མཛད་མིན་གྱི་སྐད་ཆ་རེ་ཞིག་བསྐྱུར་ཏེ། འདོན་ཆོག་དེ་དུས་ཕྱིས་གཏེར་ནས་འདོན་མཁན་ཐོག་མ་དེ་གཏེར་སྟོན་རྒྱལ་སྲས་ལེགས་པ་ཡིན་ཞིང་། ཁོང་ནི་སྤྱི་ལོ་ ༡༢༩༡ ལ་འཁྲུངས་ནས་ ༡༣༦༥ ལོར་འདས་པར་གསལ། 
གང་ལྟར་དེ་ཉིད་ཀྱི་གཏེར་བྱོན་«རྒྱགས་བརྔན་ཆེན་མོའི་»❶མཇུག་བྱང་དུ། “དེ་ལྟར་སློབ་དཔོན་སངས་རྒྱས་གཉིས་པ་པདྨ་ཀ་རས་བསམ་ཡས་ས་འདུལ་གྱི་དོན་དུ་མཛད་པའི་རྒྱག་བརྔན་ཆེན་མོའི་ཕན་ཡོན་བསམ་ལས་འདས་པ་འདི་ཉིད་ཟུར་མཁར་རྡོའི་མཆོད་རྟེན་དུ་སྦ་བར་མཛད་པ། [དུས་ཕྱིས་]རྒྱལ་སྲས་ལེགས་པས་སྤྱན་དྲངས་པ་ཉིད་བར་སྐབས་སུ་དཔེ་མ་དག་པ་རྒྱུན་འབྱམས་པ་ལས། ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་བཟང་པོས་ཞུས་དག་པར་མཛད་ཅིང་། དེ་མཐུན་ལྷ་བསང་གི་ཆོ་ག་བདེ་ལེགས་ཀུན་འབྱུང་ཞེས་པ་མཛད་དེ་དཔེ་སོ་སོར་སྣང་བ་དང༌།” ཞེས་སོགས་གསལ། 
དེས་ན་རིག་འཛིན་རྒོད་ལྡེམ་ (༡༣༣༧ – ༡༤༠༩) གྱི་«རྒྱག་བརྔན་ལྷ་བསང་»ལས་ཀྱང་སྔ་བར་བསང་ཡིག་འདི་བྱུང་བར་ཉེ་ཞིང། གོང་གསལ་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་«འཛམ་གླིང་སྤྱི་བསང་»དང་། གཏེར་སྟོན་འདི་པས་གཏེར་ནས་བཞེས་པའི་«རྒྱག་བརྔན་ལྷ་བསང་»གཉིས་ཀྱི་མཛད་པ་པོ་མི་ཐོག་དུས་མཉམ་ཡང་། མཁའ་འགྲོ་སྙིང་ཐིག་གི་རྒྱུད་པའི་ཐད་ནས་ཀརྨ་པ་རང་བྱུང་རྡོ་རྗེས་ཁོང་བླ་མར་བསྟེན་མྱོང་བ་སྟེ། རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་«རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པ་བླ་མའི་གསོལ་འདེབས་ངེས་དོན་སྙིང་པོའི་བཅུད་ལེན་»  ལས། “གསང་གཏེར་སྙིང་ཐིག་སྒོ་འབྱེད་ལས་འབྲེལ་རྩལ། །བསྟན་པའི་སྒྲོན་མེ་རྒྱལ་སྲས་ལེགས་ལྡན་པ། །རྒྱལ་བ་གཉིས་པ་རང་བྱུང་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་རྩོལ། །”ཞེས་གསལ་བས། ང་ཚོས་ཁ་ཚོན་བཅད་དེ་བཤད་མི་ནུས་ཀྱང་བླ་མའི་ཤུགས་རྐྱེན་སློབ་མ་ལ་ཐེབས་ཡོད་སྲིད་པ་ཞིག་རེད།
མདོར་བསྡུས་ཏེ་བཤད་ན་«འཛམ་གླིང་སྤྱི་བསང་»གཏོང་བའི་ལམ་སྲོལ་ནི་དུས་རབས་བརྒྱད་པ་ཙམ་ནས་དར་ཞིང་«འཛམ་གླིང་སྤྱི་བསང་»ཞེས་པའི་མཚན་ཅན་གྱི་བསང་དཔེ་སྔ་ཤོས་ནི་ད་ལྟའི་ཆར་ང་ཚོས་ཤེས་རྟོགས་བྱུང་བ་སྔ་ཤོས་དེ་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་བསང་ཡིག་འདི་ཉིད་ཡིན་ཞེས་བཤད་ན་ལོ་རྒྱུས་དོན་དང་མཐུན་པར་སེམས།


❶ «རྒྱགས་བརྔན་ཆེན་མོའི་» (vol. 21, p.303, In «བཀའ་མ་རྒྱས་པ་» [BDRC: W19229].
❷ «མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པ་བླ་མའི་གསོལ་འདེབས་» (v. 2, pp. 423-432 In «གསུང་འབུམ་ཚེ་དབང་ནོར་བུ» [BDRC: W29688].
❷«མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པ་བླ་མའི་གསོལ་འདེབས་» (v. 2, pp. 423-432 In «གསུང་འབུམ་ཚེ་དབང་ནོར་བུ» [BDRC: W29688].