2011/02/20

འཕྲིན་ཡིག

༄༅། འཕྲིན་ཡིག་འདི་ནི་ཕྱི་ལོ་༡༩༩༥་བོད་ཆབ་མདོ་གྲོང་བརྡལ་དུ་ཞོར་ལས་གཉེར་བའི་ཁོ་བོའི་སྲིང་མོ་སྒྲོལ་མ་གར་སོང་ཆ་མེད་དུ་གྱུར་ཏེ་ད་བར་མ་རྙེད། འདི་ལོ་སྟེ་༢༠༡༠།ཟླ་བ་དང་པོའི་ནང་སྟབས་ལེགས་ལྟས་དབང་གིས་རྒྱ་ནག་ཁྲིན་ཏུ་གྲོང་གསེབ་གཅིག་གི་ནང་དུ་བཙོང་ཡོད་པ་ཤེས་རྟོགས་བྱུང་པར་འཕྲལ་དུ་བརྩད་བཅད་དེ་ནང་མི་ལྷན་འཛོམས་ཀྱི་སྐལ་བཟང་ཐོབ། སྐབས་དེར་ཕྲན་ལ་ཁ་པར་བརྒྱུད་དེ་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་ཡང་ཡིད་སྐྱོ་དགོས་པ་ཞིག་ལ་སྲིང་མོས་བོད་སྐད་ཡོངས་རྫོགས་བརྗེད་ཚར་ནས་གོ་བརྡ་ཁྱོན་ནས་མ་འཕྲོད་གཤིས། བཤད་འདོད་པའི་སྐད་ཆ་དག་ཡི་གེར་བྲིས་ནས་བསྐུར་བ་ཞིག་ཡིན།
ཨ་ཞེ་སྒྲོལ་མ་ལགས། (ཡུལ་སྐད་དུ་སྲིང་མོ་སྒྲོལ་མ་ཟེར)
དེ་རིང་གི་ཉི་མ་འདིར་སྲིང་མོ་ཁྱེད་ལ་བཤད་འདོད་པའི་སྐད་ཆ་ནི་ཡ་ཆུང་དུ་ཁྲོམ་ཚོགས་བཞིན་དུ་འཚང་ཀ་ཆེ་ལ་ཤྭ་འོད་བཞིན་དུ་ཤུགས་ཀྱིས་འཕྱུར་རུང་།
ཐོག་མར་ངས་་་། ཐོག་མར་ཨ་ཞེ་ཁྱོད་དགོངས་པ་མ་འཚོམས་རོགས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན།
ལྷག་བསམ་དང་། འགན་ཁུར། ལྟ་སྐྱོང་། འཇོན་ཐང་བཅས་མེད་པའི་གཅེན་པོ་ང་ལྟ་བུ་ཞིག་ཡོད་རྐྱེན།
ཁྱོད་ལ་ནམ་ཡང་བསབ་ཏུ་མེད་པའི་མི་ཚེའི་ཕམ་ཁ་འདི་མགོ་ཐོག་ཏུ་བབས་པ་རེད།ཨ་ཞེ་ལགས།
ང་རང་དངོས་གནས་ཐ་ཤལ་བ་ཞིག་ཡིན་པ་ཤེས་ཀྱི་འདུག་ལ།
ངས་་་རང་ཉིད་ལ་འཚིག་པ་ཟ། ངས་་་་ང་རང་ལ་འཁོན་སེམས་ཀྱང་སྐྱེས་སོང་།
ཡིན་ན་འང་གཅུང་མོ་ལགས།
མི་ལོ་བཅོ་བརྒྱད་ལ་ཉེ་བའི་ནམ་ཟླ་ལ་ཉིན་ཞག་ག་ཚོད་ཡོད་པ་ཤེས་ཀྱི་ཡོད་དམ།
ཁྱོད་ཀྱིས་འདི་ལྟར་ཆ་འཕྲིན་ཙམ་ཡང་མེད་པར་་་མཚོ་ནང་དུ་ལྷུང་བའི་རྡེའུ་ཞིག་གམ།
རྩ་གསེབ་ཏུ་ཡར་བའི་རྒྱ་ཁབ་ཅིག་དང་འདྲ་བར།
ང་ཚོའི་མཐོང་ལམ་དང་མ་མཐར་གོ་ཡུལ་ཙམ་དུ་ཡང་མ་བཞུགས་པ་དེ།
ཅི་འདྲའི་དུངས་སེམས་ཕྲ་བ་དང་། ཅི་འདྲའི་སྙིང་རྗེ་མེད་པ་རེད་ཨང་།
སྒྲོལ་མ་ལགས། ཁྱེད་ཀྱི་ལུས་སེམས།
ཁྱེད་ཀྱི་བླ་སྲོག་ཐམས་ཅད་ཕ་ལམ་གྱི་གོང་བུ་ཉག་གཅིག་ལས་གྲུབ་པ་རེད་དམ།
གཅུང་མོ་ལགས། ཁྱོད་ཀྱིས་ཤེས་སོང་ངམ།
ཨ་མ་དང་ང་ཚོའི་སྐྱོ་གདུང་གི་མིག་ཆུ།
རྟ་ཆུ་སྔོན་མོའི་རྦ་རླབས་ཀྱིས་ཁྱེར་བའི་ངུ་སྐད་མ་ཐོས་སམ།
ཨ་མ་དང་ང་ཚོའི་རེ་སྒུག་རི་རབ་ཏུ་བཞེངས་ཏེ།
ཁ་ཆར་བུ་ཡུག་གི་ཁྲོད་དུ་ནམ་ཡང་ཁྱེད་བསྒུགས་ནས་ཡོད་པ་མ་མཐོང་ངམ།
ཨ་མ་དང་ང་ཚོའི་བརྩེ་སེམས་རྫ་ཆུ་བཞིན་དུ་དྭངས་ལ་འབྲི་འོ་བཞིན་དུ་མངར། ད་དུང་རྒྱ་མཚོ་བཞིན་དུ་གཏིང་ཟབ་རུང་།
ཁྱོད་ཀྱིས་མ་རྟོགས་པ་གང་ཡིན་ན། ་་གང་ཡིན།
ཉིན་ཞག་ཁྲི་ཕྲག་ལ་ཉེ་བའི་མག་མོག་གི་ལོ་ཟླའི་ཁྲོད་དུ།
ཁྱོད་བོར་བའི་འཇིགས་སྣང་། ཁྱོད་དྲན་པའི་འཕྲེང་སེམས། ཁྱོད་རྙེད་རྒྱུའི་རེ་བ།
ཐ་ན་ཁྱོད་རང་ཤི་གསོན་གང་ཡིན་མི་ཤེས་པའི་ང་ཚོའི་དྲན་གདུང་དང་འཇིགས་སྐྲག་འདི་དག་གི་གུན་གསབ་སུབ་སྤྲོད་ཀྱི་རེད་དམ།
གཅུང་མོ་ལགས།
དེ་རིང་འཕྲིན་བཟང་གིས་དབྱུག་གུས་བསྣུན་པའི་སྤྲོ་དགའི་རྔ་སྒྲ་འུར་ཚུལ་དག་ཇི་མ་ཇི་བཞིན་གཅེན་པོ་ངས་འབྲི་མི་ཤེས་རུང་།
ངས་ང་རང་ལ་"ཨ་ཅེ་སྣང་ས་འདས་ལོག་བྱུང་བ་ལྷ་སྒྲུང་ཙམ་ཡང་།
ཨ་ཞེ་སྒྲོལ་མ་སླར་རྙེད་པ་དོན་དངོས་རེད"ཅེས་ཆིག་ལབ་དང་ཆབས་གཅིག
འཕགས་ཐེངས་ཅིག་གིས་ནམ་མཁའི་སྤྲིན་པ་དཀར་པོ་དེར་ཞོན་ཕ་ཡུལ་ན་སྐར་ཆ་གཅིག་གི་ནང་དུ་འཕུར་ཡོང་ན་འདོད་སོང་།
གཅུང་མོ་ལགས།
ད་ལྟ་ངས་ཡུས་པའི་མཆི་མ་གསེར་སྐྱེམས་སུ་བཏེགས་ཏེ།
སྙིང་འཕར་རྩ་རྔ་སྒྲ་རུ་རྡུང་གིན།
འདར་སིག་སིག་གི་ལག་ཟུང་གཉོམ་པོས་ཁ་པར་གཏོང་རྒྱུའི་ཆོ་གར་བརྩོན།
ངེད་མིང་སྲིང་གཉིས་པོས་སྐར་མ་བཅུ་ཕྲག་གི་ནང་དུ་བཤད་པའི་སྐད་ཆ་ནི།
ཨ་མྱེས་མ་ཎི་འདོན་པ་དང་འདྲ་བར་ཨ་ཕོ་རྨི་ལིད་དང་། ཨ་ཞེ་སྒྲོལ་མའི་མིང་གཉིས་པོ་
བསྐྱར་ནས་སྐྱར་དུ་ཟློས་པ་ཙམ་རེད།
འོན་ཀྱང་གཅུང་མོ་ལགས།
ཁྱེད་ཀྱི་རྒྱ་ཡུལ་དུ་ནུབ་ཟིན་པའི་ཕ་སྐད་ཀྱི་ལྷག་མ་སྟེ།
སྒྲ་དག་ལ་ཚིག་གསལ་བའི་"ཨ་ཕོ་རྨི་ལིད"ཀྱི་འབོད་སྐད་འདི་དག
ང་ལ་མཚོན་ན་ཅི་འདྲའི་རིན་ཐང་གིས་ཕྱུག་པའི་ཚིག་འབྲུ།
ཅི་འདྲའི་སྙན་འཇེབ་ཀྱི་རོལ་དབྱངས།
ཅི་འདྲའི་དྲན་གདུང་གི་འབོད་པ་ཞིག་སྟེ།
གཅེན་པོ་ངའི་འདས་སོང་སྐྱོ་གདུང་དང་མིག་ཆུ།
མ་འོངས་པའི་དགའ་སྤྲོ་དང་དགོད་སྒྲའི་སྒོ་མོ་འབྱེད་པའི་གསེར་གྱི་ལྡེའུ་མིག་ཉག་གཅིག་ཏུ་གྱུར་སོང་ཨང་སྒྲོལ་མ།
གཅུང་མོ་ལགས། ངས་ཤེས་སོང་།
ཁྱེད་ཀྱི་ངུ་སྐད་ཀློང་ནས་འབུས་པའི་"ཨ་ཕོ་རྨི་ལིད"ཀྱི་ཚིག་གི་ཚིག་གཅིག་པོ་འདིའི་ནང་ནས།
ཨ་ཞེའི་སྐྱོ་གར་གི་གངས་འཁྱག དྲན་གདུང་གི་མེ་ལྕེ།
སྨྲེང་སེམས་ཀྱི་སྨུག་སྤྲིན་དག་གསལ་ལྷང་ངེར་མཐོང་སོང་།
གཅུང་མོ་ལགས།
ད་དུང་ཁྱོད་ཀྱི་ཚིག་གཅིག་པོ་འདིའི་ནང་དུ་སྦས་ནས་ཡོད་པའི་གསང་བ་སྟེ།
ཨ་མ་དང་གཅེན་གཅུང་རྣམས་པ་ཚོ།
ང་བཟློག་ཏུ་མེད་པའི་གནས་སྟངས་ཤིག་གིས་ཁྱེད་ཚོ་དང་ཁ་བྲལ་དགོས་བྱུང་སོང་།
དགོངས་དག་ཞུ།
ངས་ཁྱེད་ཚོ་མ་དྲན་པ་ག་ལ་སྲིད་དེ།
ལོ་ཟླ་འདི་དག་གི་རིང་ལ་ངས་ཁྱེད་ཚོ་དྲན་པའི་ཉིན་ཞག་རེ་རེ་ལ་ཡང་དུས་རབས་རེ་རེ་སོང་བའི་མནར་གཅོད་བྱུང་།
གདུག་རྩུབ་ཆེ་བའི་བསྐོས་ཐང་འདིས་་་ང་་་་ང་དངོས་གནས་མ་ཤི་དམྱལ་ཁམས་སུ་འཕངས་སོང་།
འོན་ཀྱང་ང་ལ་ཡང་ཐབས་ཤེས་མ་བྱུང་།
འདི་དག་ཚང་མ་ལས་དབང་རེད།
དགོངས་པ་མ་འཚོམ་རོགས་ཞེས་བཤད་ཀྱིན་ཡོད་པ་གོ

གཅུང་མོ་ལགས།
ངས་ཁྱེད་ཀྱིས་གོ་ཐུབ་པའི་སྐད་ཆ་ནི་ཨ་ཞེ་སྒྲོལ་མ། ་་་་ཨ་ཞེ།
ཨ་ཞེ་སྒྲོལ་མ་་་་་་ཨ་ཞེ།
ཞེས་ངུ་ངག་གིས་བསྐྱར་ནས་བསྐྱར་དུ་བཟླས།
འདི་ངས་གཅུང་མོ་ལ་ལྟ་སྐྱོང་མ་ནུས་པའི་སྡིག་ཉེས་དང་།
དྲང་མོར་ཞུས་ན་སྔོན་ཆད"ཨ་ཞེ"ཐེངས་ཁ་ཤས་ལས་འབོད་མ་མྱོང་བའི་གཅེན་པོ་ཐ་ཤལ་ངས་སེམས་ཁོང་ནས་དགོངས་ཡངས་ཞུ་བའི་ངུ་ངག་ཡིན་ལ།
གཅུང་མོ་སླང་ཡང་འཇལ་བའི་དགའ་སྤྲོའི་བསུ་ཆང་མངར་མོ་ཞིག་ཀྱང་ཡིན།
གང་ལྟར་ངེད་གཉིས་པོའི་སྐད་ཆ་ཡོད་ཚད་ངུ་ངག་དང་མིག་ཆུ་རུ་བབས་པར།
ངས་མ་བཟོད་དེ་"ཨ་ཞེ་་་་མ་ངུ་ཨ། མ་ངུ་ཨ།"
ཞེས་བཤད་ཁུལ་བྱས་ཀྱང་།
ང་རང་ཉིད་ཀྱི་སྟངས་འཛིན་ཡོངས་སུ་ཤོར་སྟེ་ཕྲུ་གུ་ཆུང་ཆུང་ཞིང་དང་འདྲ་བར།
སྐད་ཤུགས་ཡོད་ཚད་ཀྱིས་ངུ་ཤོར་སོང་།
དགོངས་དག སྒྲོལ་མ་ལགས།
༢༠༡༠། ༢། ༧། གཅེན་ཨོ་རྒྱན་རིག་འཛིན་ནས།

6 comments:

  1. གཅེན་པོ།February 20, 2011

    སྙིང་ཉེ་བའི་སྲིང་མོ་དེ་མི་ལོ་བཅོ་བརྒྱད་ཀྱི་རྗེས་ནས་སླར་ཡང་རྙེད་པ་ངོ་མཚར་ཆེ།
    ངས་ཁྱེད་རང་གཅེན་གཅུང་གཉིས་མྱུར་དུ་ཐུགས་པའི་སྨོན་ལམ་ཡོད།
    ཁྱེད་རང་གིས་བྲིས་པའི་སྨྲེ་ངག་དེས་དངོས་གནས་སེམས་ནང་དུ་
    ན་ཟུགས་དང་བརྗོད་མི་ཤེས་པའི་ཚོར་བ་གསོན་པོ་ཞིག་སླེབས་བྱུང་།

    ReplyDelete
  2. ལགས་སོ་ཐུགས།

    ReplyDelete
  3. ཁྱེད་ཀྱི་དྲྭ་བ་གསར་པར་འཚམས་འདྲི་ཡོད། དེ་ནི་དང་པོའི་བྱ་བ་ཡིན། དེ་ནས་སྲིང་ཆུང་རྣེད་པར་འཚམས་འདྲི་ཡོད། ཁྱེད་ཀྱི་འཕྲིན་ཡིག་འདིས་སེམས་འགྱུར་ཚང་མ་རིག་སོང་ལ། དངོས་གནས་ཚོར་བ་ཟང་ཟིང་ཞིག་ཀྱང་བཟོས་སོང་། གང་ལྟར་མཐའ་མཇུག་ཏུ་རེ་སྨོན་ཞིག་ལྷག་བྱུང་བ་ནི། ཁྱེད་གཉིས་མྱུར་མཇལ་ཞིག་བྱུང་སོང་ན་ཅི་མ་རུང་ཨང་བསམ་པ་ཞིག་རེད། ཚེ་རིང་། འཆམ་ར་དྲི་མེད་རྒྱལ་མཚན་གྱིས།

    ReplyDelete
  4. འཆམ་ར་བ་ལགས་་་ངའི་དྲྭ་བར་གོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
    ཁྱེད་ཀྱིས་སྨོན་ལམ་བཟང་པོ་དེ་དངོས་སུ་འགྲུབ་པའི་རེ་བ་ཡོད།
    དྲྭ་བདག་གིས

    ReplyDelete
  5. དེ་དངོས་ཡོད་གནས་ཚུལ་ཞིག་ཡིན་ནམ་ཡང་ན་རྟོག་བཟོ་བྱས་པ་ཡིན། དངོས་ཡོད་ཡིན་དེ་འདྲའི་སེམས་ཚོར་དེ་ནི་དགའ་འོས་པ་ཞིག་དང་སྐྱོ་དགོས་པ་གཉིས་རེད་འདུག

    ReplyDelete
  6. དྲྭ་གྲོགས་ལགས།
    རྟོག་བཟོས་ཁྱོན་ནས་མ་རེད་དངོས་ཡོད་རེད།
    ད་ལྟ་ངའི་སྲིང་མོས་དཔྱིད་ཀར་འབུ་སྐོ་ཞིང་དབྱར་ཁར་ཞོར་ལས་ཙག་ཙིག་གཉེར་ནས་སྟེང་ཆེན་རྫོང་དུ་ཡོད།
    ཕྲུ་གུ་གཉིས་པོ་ཆབ་མདོར་སློབ་གྲྭར་འགྲོ་བཞིན་ཡོད།

    ReplyDelete

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག