2011/04/17

བཙན་པོ་སྐྱོ་གླུ།

ཀྱེ། རི་བོའི་ནི་ཕར་ནང་ན།།
ཡུལ་གྱི་ནི་མྱིང་བཏགས་པ།།
པུར་རྒྱལ་ནི་བོད་ཀྱི་ཡུལ།།
ཡར་བལྟས་ནི་ཡར་གྱི་ནི།།
གངས་རི་ནི་མཐོ་ཡེར་ཡེར།།
མར་བལྟས་ནི་མར་གྱི་ནི།།
གཙང་ཆབ་ནི་སྔོ་ལྡེམ་ལྡེམ།།
ཕར་བལྟས་ནི་ཕར་གྱི་ནི།།
འབྲོག་རུ་ནི་ཕྱུགས་ཀྱིས་གང་།།
བོད་མྱི་ནི་སྐྱིད་སྐྱིད་ན།།
དགྱ་མྱིས་ནི་བདེ་མ་སྟེར།།
ཡར་ཀི་ནི་གངས་དང་བྲག།
བྲུས་བྲུས་ནི་ཁོག་སྟོང་མཆིས།།
མར་ཀི་ནི་གཙང་ཆབ་ན།།
དུག་ཀྱིས་ནི་བཙོག་བཏབས་སོ།།
ཕར་ཀི་ནི་འབྲོང་དང་ཤྭ།།
བསད་བསད་ནི་ཁྲག་མི་འབོག།
ཡར་བཞེངས་ནི་མཁར་དང་རྫོངས།།
གཏོར་གཏོར་ནི་གྱང་ཧྲུལ་པོ།།
གོང་གི་ནི་རྗེ་དང་བླ།།
བཞུགས་སའི་ནི་མཁར་མི་དབང་།།
འོག་གི་ནི་འབངས་དང་ཁེང་།།
འཚོ་བའི་ནི་ཡུལ་མ་མཆིས།།

ཀྱེ་རི་བོ་ནི་ཚུར་ནང་ན།།
བོད་མྱིས་ནི་སྐྱབས་འཚོལ་ཡང་།།
སྐྱབས་མྱི་ནི་གཞར་མ་མཆིས།།
ཡར་བཙལ་ནི་ལྷ་ལ་བོས།།
ལྷ་ཆེན་ནི་སྙན་མི་གཡར།།
ཕར་བཙལ་ནི་མྱི་ལ་བོས།།
མྱི་ཡིས་ནི་ཁེ་མྱེད་ན།།
ར་མདའ་ནི་སྲོལ་མ་མཆིས།།
གདོང་ནག་ནི་གནས་ཚང་ན།།
བོད་མྱི་ནི་བསྒུགས་ནས་བགྲེས།།

ཀྱེ་རྒྱ་མཚོ་ནི་ཕ་རོལ་ན།།
ཨ་རིའི་ནི་རྒྱལ་ཁབ་མཆིས།།
ཨ་རིའི་ནི་རྒྱལ་ཁམས་ལ།།
བོད་མྱི་ནི་འགྱོ་བསམ་ནས།།
རེ་བ་ནི་མྱེ་འདྲ་མཆིས།།
རེ་བ་ནི་མྱེ་འདྲ་འདིས།།
མདུན་ལམ་ནི་བསྲེག་སྙམ་པོ།།
རང་རྒྱུད་ནི་གཅད་སྙམ་པོ།།
རང་སྐད་ནི་བརྗེད་སྙམ་པོ།།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག