2011/04/17

ང་དང་གཏམ་ཉོག་མའི་ལོ་རྒྱུས།

ཆེས་ཐོག་མར་ང་ཆུང་ཆུང་ལག་རྒྱབ་སག་རིའི་སྦལ་ཀོ་གྱོན་དུས་ནས།
འཆལ་གཏམ་མས་གཡོན་མའི་ཟུར་མིག་ཅིག་ཁྱེར་ཏེ་ང་རྩེ་རར་བྲིད་དེ།
ནོར་ལུག་རི་མགོར་ལུས་གྲངས་དང་ཨ་མས་བརྡུངས་གྲངས་ཉུང་ཉུང་ཁྱོན་ནས་མིན།
གང་ལྟར་ཀྱང་དུས་དེ་ནས་བཟུང་གཏམ་ཉོག་མས་ངའི་ནམ་ཟླ་བརྐུས།
ངའི་ལང་ཚོ་འཕྲོག ངའི་མདུན་ལམ་གཏོར།
ངའི་འཚོ་གནས་དཀྲུགས་སོང་ཡང་།
ལན་ཆགས་མ་བྱང་བའི་བཟའ་ཚང་དང་འདྲ་བར་ང་ནི་མོ་ལ་དུང་ཞིང་བརྩེ།
ཡར་བླ་མའི་དབང་གྲལ་དུ་སྡོད་དུས་ཆོས་གྲོགས་མོ་རང་ཡིན་ལ།
མར་འཛིན་གྲྭའི་སློབ་ཚན་ཉན་སྐབས་འཛིན་གྲོགས་ཀྱང་མོ་རང་ཁོ་ན་ཡིན།
མོ་ནི་ཟད་དུ་མེད་པ་གཏེར་དང་མཚུངས་ཤིང་།
རྒྱུན་ཆད་མེད་པའི་རྦ་རླབས།
འབད་མེད་དུ་གྲུབ་པའི་དག་ཞིང་གི་འདོད་ཡོན་ཡང་མོ་ལ་རྫོགས་ནས་འདུག
དྲང་མོར་ཞུས་ན་མོ་ནི་ཁ་ནམ་ཡང་འབྲལ་མི་ཤེས་པའི་ངའི་འཚོ་བའི་
ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཟིན་འདུག

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག