2011/06/14

ཕོ་མཆོག་མོ་དམན།

བོད་པའི་སྤྱི་ཚོགས་འདིར་སྤྱིར་བཏང་ནས་བུད་མེད་དག་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པའི་གོམས་སྲོལ་ངན་པ་ཞིག་རྒྱུན་འབྱམས་སུ་ཡོད་པ་དག་མདོར་དྲིལ་ཅུང་བཤད་ན།

དང་པོ་ལུས་རྟེན་དམན་པར་འདོད་པ།

༡། དེ་སྔོན་བསྐལ་པ་ཡར་ཐོག་གདོད་མའི་གནས་སྐབས་ནས་རང་བཞིན་གྱིས་བུད་མེད་དག་དམན་ས་འཛིན་དགོས་དོན་ནི་རི་དྭགས་རྔོན་རྒྱུ་དང་ཤིང་གཅོད་རྒྱུ་ལྟ་བུའི་ཤུགས་ལས་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་དགོས་སྟབས་ཆ་སྙོམས་སུ་བུ་ལས་བུད་མེད་དག་ལུས་སྟོབས་ཞན་པའི་གནས་སྟངས་འདིའི་འོག་ནས་ཕོ་མཆོག་མོ་དམན་གྱི་ལྟ་བའི་ས་བོན་ཙམ་བྱུང་ཡོད་པར་སྙམ།

༢། ཤུགས་ཆེ་བ་ནི་ཆོས་ལུགས་པ་ཚོས་ལྷན་སྐྱེས་ཀྱི་ལྕགས་སྒྲོག་ལ་ཀུན་གཏགས་ཀྱི་གཟེར་བུ་སྣ་ཚོགས་པ་ཞིག་བཏབ་ཡོད་པ་སྟེ་དཔེར་ན་སྐྱེ་རྒུའི་བདག་མོ་རབ་ཏུ་ཕྱུང་བའི་ཉེས་སྐྱོན་གྱིས་བསྟན་པའི་གནས་ཚད་འགྲིབས་སོང་ཚུལ་དང་། སྐྱེས་པར་འགོ་བའི་ལུས་ལྷ་ཡོད་ཀྱང་བུད་མེད་ལ་མེད་ཟེར་བ་དང་། སྤྱིར་བུད་མེད་མི་གཙང་ཡང་འཁྲིག་པ་སྤྱོད་སྐབས་གཙོག་པ་མིན་རབས་སོགས་དགོད་ཤོར་སྤྱད་རྐྱང་བཤད་འདུག་ལ། དམིགས་བསལ་དུ་ཞི་བ་ལྷས་བུད་མེད་ནི་རྫས་ངན་སོ་དྲུག་གིས་ཡོངས་སུ་ཁེང་བའི་མི་གཙང་བའི་ཕུང་པོ་རེད་ཟེར་བ་དང་། «སྤྱོད་འཇུག་
སྨོན་ལམ་»ནང་། “འཇིག་རྟེན་བུད་མེད་ཇི་སྙེད་པ། །དེ་དག་སྐྱེས་པ་ཉིད་གྱུར་ཅིག །” ཅེས་པ་ལྟ་བུའི་རང་ལྟ་མཆོག་འཛིན་གྱི་དྲི་ངན་ཐུལ་ལེ་བ་དག་བཤད་ནས་བུད་མེད་རྣམས་ནམ་ཡང་ཡར་ལྡང་ས་མེད་པའི་ཧོམ་ཁུང་གཏིང་རིང་ཞིག་གི་མཐིལ་ན་དམོད་ཚིག་རྒྱ་རིམ་པ་དགུ་ཡིས་བཏབ་ནས་མནན་བཞག་འདུག

༣། དེ་མིན་ནང་ཆོས་དང་འབྲེལ་ལ་མ་འབྲེལ་པའི་བོད་པའི་ཡུལ་སྲོལ་གོམས་གཤིས་ནང་“སྐྱེས་པ་བརྒྱ་ལས་འདྲེ་ཕོ་གཅིག་དང་། བུད་མེད་བརྒྱ་ལས་ལྷ་མོ་གཅིག་ལས་མེད་སྟབས་བུད་མེད་བརྒྱ་ཆའི་དགུ་བཅུ་གོ་དགུ་ནི་མི་ཤ་ཟ་མཁན་གྱི་འབྱུང་པོ་ཡིན་”ཚུལ་དག་བུད་མེད་ཁོ་རང་ཚོས་ཀྱང་བཤད་ཅིང་རང་ཉིད་མི་མ་ཡིན་པར་འདྲེ་ཡིན་པར་ཁས་ལེན་བྱེད་པས་མཚོན་ཡོད།

གཉིས་པ་བློ་རིག་དམན་པར་འདོད་པ།

བུད་མེད་བློ་མི་བརྟན་པའི་རང་གཞིན་ཡིན་པས་སྡོམ་པ་སྲུང་མི་ཐུབ་པར་བཤད་པ་དང་། “བུད་མེད་བློ་དང་ཆུ་བོ་གཉིས། །གྱེན་དུ་མི་འགྲོ་ཐུར་དུ་འགྲོ །” ཞེས་དང་། «གླིང་སྒྲུང་»ལས། “སྨན་བུ་མོའི་བློ་ལ་བློ་ཕུགས་མེད། །རྟ་རྒོད་མའི་འགྲོས་ལ་འགྲོས་ཕུགས་མེད་”ཅེས་དང་། “ཤིག་བུད་མེད་གཉིས་ལ་རུས་པ་མེད། །”ཟེར་བ་སོགས་ཚད་ལས་བརྒལ་བའི་སྨ་འབེབས་འདི་དང་འདི་བཞིན་བཤད་ན་མི་ཚར་བ་བྱས་ཡོད། གང་ལྟར་མགོ་བོ་རེ་དགྱེ་ན་ཐོ་བས་འབུར་འཇོམ་བྱེད་ལ་རྐང་པ་རེ་བརྐྱངས་ན་སྐམ་པས་ཤ་གཅུར་བྱེད་པའི་སྤྱི་ཚོགས་དོག་པོ་འདི་ལྟ་བུའི་ཁྲོད་དུ། ད་ལན་ ༢༠༡༡ ལོའི་བོད་ཀྱི་མཛེས་མ་ཁོང་ཚོས་སྤོབས་པས་མགོ་བོ་གྱེན་དུ་བཏེགས་པར་དགའ་བསུ་དང་མཛེས་སྡུག་གི་ལང་ཚོ་ཕྱི་རུ་ངོམ་པར་ཡི་རང་ཡོད།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག