ཁོ་བོ་ཆུང་དུས་རྒན་རབས་པ་དག་གིས་“མི་རྒྱུས་ཡོད་དེ་སྡུག་ཟོག་རྒྱུས་ཡོད་དེ་བཟང་”ཟེར་བའི་གནའ་གཏམ་ཞིག་རྒྱུན་དུ་དྲངས་པ་ད་རུང་དྲན་སོས་ཀྱི་འདུག ངོ་མ་ཡིན་སྐད་ཆ་དེའི་ལྕི་ཚད་ལ་བཤད་ན་རྒྱ་མ་༡༠༠་ཐམ་པ་ཡོད་ཐག་ཆོད་རེད། གལ་ཏེ་མི་ལ་རྒྱུས་ཤོར་སོང་བ་ནི་རྒྱལ་མཚམས་ཀྱི་ས་ཐིག་འཆུགས་པ་ལྟར་ང་ཚོའི་གོམ་པ་གང་གི་རང་ས་ཤོར་ཚར་བ་སྟེ་གོམ་སྟབས་གཉིས་པར་“སྤྲང་པོས་ཁྱི་རྒྱུས་ལོན་ན་བེར་ག་ཀླད་ལ་འཕྱར་”ལུགས་འདི་ཕར་ཆེར་འབྱུང་གི་ཡོད་ཨང་།
དེས་ན་ང་ཚོས་རྒྱུན་དུ་སྦམ་རྫུ་དགོས་ལ་ཆེ་འགྱིང་དགོས། ཡོད་མདོག་གི་ལྷ་སྒྲུང་བཤད་དགོས་ལ། མེད་མདོག་གི་འདྲེ་སྒྲུང་ཀྱང་བཤད་དགོས་པ་རེད། གང་ཟག་ཁག་གཅིག་ལ་མཚོན་སོང་ན་གོམས་གཤིག་འདི་དག་རང་བཞིན་ལྷན་སྐྱེས་སུ་གྲུབ་ཅིང་བྱ་བྱེད་ལ་ངང་གིས་འཇུག་འགྲོ་མོད། ཁོ་བོར་ལས་ཀ་འདིའི་རིགས་འབག་མགོ་འཐུག་པོ་ཞིག་གྱོན་ནས་ཁྲོམ་སར་འགྲོ་དགོས་པ་དང་གཅིག་མཚུངས་ཡིན་སྟབས། བརྒྱ་ཡིས་མཐོང་ཆུང་བྱས་ཀྱང་རུང་ལ། སྟོང་གི་བརྙས་བཅོས་བྱས་ཀྱང་ཆོག ཁྲ་ཁྲ་ཟིང་ཟིང་གི་སྤྱི་ཚོགས་རྙོག་པོའི་གར་སྟེགས་ཐོག་ཡ་མ་ཟུང་གི་ཟློས་གར་འདི་དག་ངས་ཁྱོན་ནས་འཁྲབ་མི་ཤེས་ལ། བརྒྱ་ལ་འཁྲབ་འདོད་ཀྱང་འཇོན་ཐང་དེ་མེད་པར་རང་ཐག་རང་གིས་ཆོད་སོང་བས། རྒྱུན་དུ་རང་མདོག་སྐྱ་མོ་དེ་སྟོན་ཅིང་སྤྱི་ཚོགས་ཀྱི་འདམ་རྫབ་གཤོག་གིན་ཡོད་ལ། ངོ་ཤ་རྗེན་པ་འདི་བསྟན་ནས་སྤྱི་ཚོགས་ཀྱི་སྦྲང་ཚང་བསྔོགས་དགོས་སོང་།
ཆོས་ཕྱོགས་ནས་བཤད་ན་འཇིག་རྟེན་འདིའི་བདེ་སྡུག་ཐམས་ཅད་སྔར་བསགས་ལས་ལ་རག་ལུས་འདུག་པས་ད་ལྟའི་དཀའ་རྙོག་ག་ཚོད་ཡོད་ཀྱང་མ་མཐར། སྐྱེ་བ་སྔོན་མའི་ལེ་ལན་འཇལ་ཐུབ་སོང་བའི་ལས་འགན་གཅིག་འགྲུབས་སོང་བར་བརྩིས་ཏེ་“བསམ་བློའི་གུ་ཡང་”ཞིག་འཚོལ་ཐུབ་ཀྱི་ཡོད་ཚོད་འདུག་ཀྱང་། དྲང་མོར་བཤད་ན་ངས་དེ་ཡང་ཚུལ་བཞིན་དུ་བསྒྲུབ་དཀའ་འདུག
འོ་ན་ཁྱོད་ལ་ཐབས་ཤེས་ཤིག་མེད་དམ་ཟེར་ན་ང་ལ་གསེར་རྡོག་ལྟ་བུའི་འགངས་ཆེན་ཞིག་དང་། མེ་ཏོག་ལྟ་བའི་མཛེས་སྡུག་ཅིག་བསྟན་རྒྱུ་མེད་ཀྱང་། ངས་རྒྱུན་དུ་མི་དེ་ཚོའི་རིགས་ལ་གལ་ཏེ་ང་མིན་གཞན་ཞིག་དང་ཐུག་ན་“ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ཏེ། །རིལ་རིལ་དབུ་ལ་འོ་བརྒྱལ་ཉོ་མཁན་”གྱི་བྱབ་ཆུང་ཞིག་རེད་འདུག་ཨ་བསམ་ནས་བློ་ལྷོད་ལ་འབབ་ཐབས་བྱེད་ཀྱི་ཡོད།
དྲང་མོར་བཤད་ན་ཐབས་ལམ་འདི་ནི་རང་སེམས་གསོ་བྱེད་ཙམ་ལས་ཕ་རོལ་པོར་རྒོལ་ལན་སློག་པའི་ནུས་པ་མེད་ཅིང་ད་རུང་བག་འཁུམ་གྱི་རང་བཞིན་གང་ཆེ་ཡོད་མོད། མཁྲིས་པའི་ནད་ལ་དོམ་མཁྲིས་དང་། ཚ་བའི་ནད་ལ་བོང་ང་བྲིན་པ་བཞིན་ང་ལ་སྨན་པའི་བསམ་པའི་འཁྱེར་སོ་འདི་ཉིད་ལས་ལྷག་པ་མི་འདུག
No comments:
Post a Comment
གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག