2012/02/28

ལྷ་བཤད་རིང་མོ། 3

རྟ་ཤོད་ཟལ་མོའི་རི་རྒྱུད། 
ངེད་རྟ་ཤོད་རྨེ་རུ་གཤོང་ཆེན་འདིའི། །
ཕྱི་སྣོད་ཀྱི་ཆགས་ཚུལ་གེ་སར་ཐུག །
དེའི་ལོ་རྒྱུས་ལེའུ་དང་པོར་གསལ། །
དེ་མིན་པའི་ལོ་རྒྱུས་འགའ་རེ་སྟེ། །
ལུང་ཤུར་གཉིས་རྟ་ཆེན་རྟ་ཆུང་ལ། །
སྔོ་ལྡེམ་ལྡེམ་ན་བ་རྟ་འདྲ་ཡོད། །

དེའི་སྟབས་ཀྱིས་ཡུལ་འདིར་རྟ་ཤོད་ཟེར། །
གཤམ་ལུང་པའི་འགབ་ལ་རྟ་མདའ་ཟེར། །
ཆུ་མར་བབས་རྟ་ཆུ་སྔོན་མོར་རེད། །
མདུན་བྲག་དཀར་ལྷ་ཡི་སོ་པ་འདྲ། །
བརྗིད་རྟ་ཤོད་ཟལ་མོ་རྒྱུད་རེད། །
«གླིང་སྒུང་»ལས། རྟ་ཤོད་ཟལ་མོ་རི་རྒྱུད་དེ། །རྟ་སྒ་མས་རྒབ་མ་ཁྲིད་འདྲ་ཡོད། སྒ་མས་ཕྱིར་ལྟས་ལྡོག་འདྲ་ཡོད། །
རྨེ་རུ་རྟ་མདའ། 
ཐོབ་གསེར་འཕྲུ་ཅན་གྱི་དགོན་བཅུ་གསུམ། །
ངས་ད་བར་ཡེ་ནས་གོ་མྱོང་མེད། །
སྡེ་རྨེ་རུ་ཤོག་ཁག་ཆེ་གསུམ་གྲགས། །
མདོར་བསྡུས་ན་ཡུལ་ཚོ་གསུམ་ལས་མེད། །
གོང་དཔོན་ལ་རྨེ་རུ་དཔོན་བཞི་གྲགས། །
སྟོད་ཐེའུ་རྫོང་དཔོན་དང་དཔོན་ཡོ་དཔོན། །
སྨན་དཔོན་ཆུང་དཔོན་དང་ཚ་ཤུ་དཔོན། །
མཐོ་སྤྱི་ཁྱབ་དཔོན་ཡོ་སྡེ་པ་རེད། །
དུས་བར་སྐབས་ཆབ་མདོའི་འབངས་སུ་གྱུར། །
[ཆབ་མདོའི་འཕཌ་ལྷར་སྡེ་པ་གཞུང་ནས་ཚོགས་རྩམ་གྱི་ཁྲལ་འགེལ་ས་སྟོན་ཐོག་ཡག་ས་ཞིག་གཟིགས་གསོལ་ཕུལ་ལ་རྨེ་རུ་ཡིན་རབས།]
ཁྲལ་འུ་ལག་མི་སྟོང་འཇལ་འཇལ་ཟེར། །
བཙན་ཨ་དྲུང་ཐོག་རྒོད་འབབ་འབབ་ཟེར། །
དམག་བུ་རྟ་ཡོད་པ་མ་ཤེས་ཀྱང་། །
ཁྲལ་བུ་ལོན་ཅན་གྱི་ཁྱིམ་ཚང་མང་། །
དཔའ་ཁས་ལེན་ཐོན་པ་མ་ཐོས་ཀྱང་། །
ནང་འཁྲ་འཁྲུག་ཆེ་མ་ཆུང་གསུམ་ཡོད། །
ཨ་ཁ་མཚར་མི་ཞུ་ཀུ་རེ་ཡིན། །
ལྷོ་རྟ་ཤོད་བུ་མོ་པད་མ་འཚོ། ། ལོ་རྒྱུས་འབྲི་བསམ་ཡོད་ཀྱང་རྒྱུ་ཆས་འདང་གི་མི་འདུག
མ་མཚོ་རྒྱལ་དཀར་མོའི་རྣམ་སྤྲུལ་རེད། །
དཔོན་ཐེའུ་རྫོང་ཚང་གི་སྲས་མོ་རེད། །
ལྷོ་ལྗང་ཤོད་འདྲེ་མོའི་ཁ་གནོན་རེད། །
བཙན་ཧོར་དམག་འགོག་པའི་ཆུ་རགས་རེད། །
སྟོབས་རྫུ་འཕྲུལ་ཅན་གྱི་མཁའ་འགྲོ་རེད། །
གཟུགས་ལང་ཚོ་ཅན་གྱི་མཛངས་མ་རེད། །
སྡེ་རྨེ་རུའི་མིག་གི་ཨ་འབྲས་རེད། །
ལྷོ་གྱང་དམར་ཚང་གི་མནའ་རེད། །
ནང་སྒྱུག་མོ་བསད་པའི་གཤེད་མ་རེད། །
ཁོག་གསང་ཆབ་གསེར་ཆུ་དྭངས་མ་རེད། ། [ཁམས་རི་བོ་ཆེའི་དགོན་པར་གསེར་གསོལ་འབུལ་ཆེད་བླ་མས་གསེར་ལེན་པར་གྲྭ་པ་ཞིག་པད་མ་མཚོའི་སར་མངགས། ཁོ་པད་མ་མཚོའི་ཁྱིམ་དུ་འབྱོར་སྐབས་དེར་པད་མ་མཚོས་ཆབ་སྣོད་འཕོ་བར་ཕེབས་དང་ཏག་ཏག་ཁེལ། འོང་དོན་ཞུས་པས་ལན་གཞན་མ་བྱིན་པར་ཆབ་སྣོད་གཅིན་གྱིས་གང་བ་དེ་སྟེར། གྲྭ་པ་ཞེ་མེར་དང་ཁོང་ཁྲོ་ལངས་ཏེ་མ་མཐོང་སར་ཆབ་ཕལ་ཆེར་སར་འཕོས་ཏེ་ཉུང་ཟད་གཅིག་དཔང་རྟགས་ཆེད་ཁྱེར་ཏེ་སོང་། དགོན་པར་འབྱོར་སྐབས་ཆབ་ལྷག་མ་དག་གསེར་གྱི་དངས་མ་ཉག་གཅིག་ཏུ་འདུག་སྐད།]
རོམ་ཐང་གནས་ཁྲ་མོ། 
ངེད་རོམ་ཐང་གནས་རི་ཁྲ་མོ་འདི། །
མགོན་སྤྱན་རས་གཟིགས་ཀྱི་གདན་ས་ཡིན། །
ལྷ་ཨོ་རྒྱན་པད་མའི་རིང་ལུགས་ཡིན། །
རྡོ་མ་ཎི་བཞད་པ་རི་བོའི་ལྟོས། །
བྱང་ཡུལ་ཤུལ་རྒྱ་ནག་མ་ཎི་དང་།
བར་ནང་ཆེན་རྒྱང་དམར་མ་ཎི་གཉིས། །
ལྷོ་ཁྱུང་པོའི་གནས་རི་ཁྲ་མོ་གསུམ། །
བོད་སྒང་པོ་རྡོ་འབུམ་ཆེ་གསུམ་ཡིན། །
ཚིག་ནོར་འཁྲུལ་བྱུང་ན་བཟོད་པར་གསོལ། །
རྒན་ཤེས་རབ་ཡིད་ན་དེ་ལྟར་ཞོག །
བཙན་དགེ་བསྙེན་འདྲེ་བཤད་རྗེས་ནས་ཞུ། །

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག