2012/03/19

ཆང་གི་ཆེད་དུ་ཐམས་ཅད་བློས་བཏང་བ།

བཙན་པོ་ཕེབས་པའི་ཞབས་རྗེས་ནང་དུ་བོད་མིང་ནག་ག་ནོག་གེ་ཡོད། །
བོད་པ་མེད་པའི་ཡུལ་ལུང་འདི་ན་བོད་འདྲ་ཐ་རེ་ཐོར་རེ་ཡོད། །
མུ་སྟེགས་བྱེད་ཀྱི་རྒྱལ་ཁམས་འདི་ན་ནང་པ་ཆ་འདྲ་ཡ་འདྲ་ཡོད། །
རྒྱ་གར་རྐྱང་པའི་རྒྱ་གྲོང་འདི་ན་བོད་པའི་ཟ་ཁང་རྐང་གཅིག་ཡོད། །

ཡིད་ཆེས་བརྟན་བའི་བོད་རྒན་ཨ་ཕ་ཁང་ཆུང་སྦུག་ན་བཞུགས་ལ་དགའ། །
རང་དབང་ཐོབ་པའི་རྒྱ་གར་གཡོག་པོ་ཟ་ཁང་ནང་གི་དངུལ་ལ་དགའ། །
ལས་ངན་ང་རང་བག་ཆགས་ཤིག་གིས་བྲོ་བ་མེད་ཀྱང་ཟས་འདིར་དགའ། །
རང་རང་དགའ་བའི་ལས་ལ་ཞུགས་འདི་ནོར་འཁྲུལ་རེད་ཟེར་བཤད་པར་དཀའ། །

ལག་འཕྲིན་ལྟོག་པས་ལས་མཚམས་འཇོག་དུས་ཟ་ཁང་འདི་ནས་བརྒྱུད་དེ་འགྲོ །
ཟ་འབྲུ་སྔོ་ཚོད་ཉོ་རུ་སོང་ཡང་ཟ་ཁང་འདི་ནས་བརྒལ་ཏེ་འགྲོ །
གྲོགས་པོ་ངོ་ཤེས་མཚམས་རེར་ཐུག་ཀྱང་ཟ་ཁང་འདི་ནས་འཛོམས་ཏེ་འགྲོ །
ཟ་ཁང་འདི་ན་འགྲོ་དོན་མེད་ཀྱང་བག་ཆགས་ཤིག་གིས་དྲུད་དེ་འགྲོ ། །

ཁ་སང་སྔར་བཞིན་ཁྲོམ་ལ་འགྲོ་ཞོར་ཟ་ཁ་འདི་ནང་འཛུལ་ཏེ་སོང་། །
སྔོ་ཚོད་མོ་མོ་སྡེར་གང་མངགས་ཏེ་ཕར་ཀའི་སྒེའུ་ཁུང་འཁྲིས་སུ་བསྡད། །
ཏག་ཏག་མདུན་གྱི་རྐུབ་སྟེགས་གང་དུ་བོད་པའི་སྤོ་བོ་འཛུམ་རིལ་ཞིག །
དིག་དིག་ངག་གིས་ལྡབ་སྐྱོར་ཁྲོད་ནས་ཁྱེད་རང་གང་ཡིན་གར་འགྲོ་ཟེར། །

འདར་ཕྲིལ་ཕྲིལ་གྱི་མཛུབ་མོའི་དབར་ནས་དུ་བའི་ལྷ་བསང་གཏོང་གིན་འདུག། །
ནག་རིད་རིད་ཀྱི་གཉེར་གདོང་ངོགས་སུ་སྤྲོ་བའི་འཛུམ་མདངས་འཕྲོ་བཞིན་འདུག །
ངས་ཀྱང་ཁོང་ལ་དགོད་ཙམ་བྱས་ཏེ་གཤམ་གྱི་སློབ་གྲྭའི་རྒན་ཡིན་ལབ། །
སེམས་སུ་བོད་པའི་ར་བཟི་འདི་ཉིད་གཞིས་གྲོང་གང་ནས་འཁྱར་རམ་སྙམ། །

ཨེ་མ་མངོན་མཁྱེན་ལྡན་པ་མིན་འགྲོ་སྤོ་བོས་མ་དྲིས་རང་འགུལ་གྱིས། །
ཀོ་ལེ་གྷལ་ནས་འདི་རུ་སླེབས་ཏེ་ལོ་གཅིག་ཟླ་དྲུག་འགོར་སོང་ཟེར། །
དགེ་རྒན་ལས་གནས་ཡག་པོ་ཡིན་ཀྱང་ཀོ་ལི་གྷལ་ན་མ་སྤོ་ཟེར། །
ཕར་ཀའི་སློབ་མས་མཚན་མོ་དུས་སུ་དགེ་རྒན་རྡོ་ཡིས་འཚོག་པས་ཟེར། །

མ་རབས་ཕ་མས་བུ་རྒྱབ་འཚོས་ཏེ་གཞུང་ལ་ཞུ་གཏུག་རྒྱག་པས་ཟེར། །
སྐུ་ངོ་འགན་འཛིན་མི་ངོར་བལྟས་ཏེ་དྲང་གཞག་ཐག་གཅོད་མེད་པས་ཟེར། །
ཁོ་དང་ཆུང་མ་དོན་དེའི་རྐྱེན་པས་བཟའ་ཚང་ཁ་འཐོར་ཕྱིན་ཟེར་ཡང་། །
ཨ་རག་ཞིམ་པོས་ཁ་བྲལ་བྱས་པ་དཔྲལ་བའི་སྟེང་ན་བྲིས་ནས་འདུག །

བདུད་རྩི་ལྷ་ཡི་མཆོད་ཆང་བཏུང་ན་སྐྱབས་གནས་དམ་པ་བརྗེད་པར་སྲིད། །
ཞིམ་པའི་ཨ་རག་ལྕེ་ལ་འབབ་དུས་ཕ་མའི་བཀའ་ཡང་གཅོག་པར་ཕོད། །
རོ་མངར་སྦུ་ཆང་མིད་པར་ཆུད་དུས་བཟའ་ཟླ་བུ་ཕྲུག་འདོར་བར་ནུས། ། (བུ་ཕྲུག་བཞི་ཡོད་རབས།)
རྒད་པོའི་སྲོག་ལ་བབས་པར་གྱུར་ཀྱང་ཨ་རག་ཡེ་ནས་མི་འདོར་ཟེར། །

ཡུལ་ལུང་འདི་བའི་ནང་པ་དག་ལ་ཅི་དང་གང་དགོས་ཁོས་ཤེས་ཟེར། །
ཉིན་སྲིབ་གང་སར་ཡོན་བདག་མང་བས་ཁོམ་པའི་དུས་ཤིག་མི་འདུག་ཟེར། །
གྲོང་སྟོད་ཨ་ཕ་ནད་ཀྱིས་སྙུང་ན་ཚེ་ཆོག་གཡང་སྒྲུབ་དགོས་འདུག་ཟེར། །
གྲོང་སྨན་ཨ་མ་གདོན་གྱིས་གཟིར་ན་བཀའ་བསྒོ་བགེཌ་སྐྲད་ཁོས་ཤེས་ཟེར། །

ཟླ་རེའི་ཡོང་འབབ་འགྲོ་གྲོན་ཕུད་ཀྱང་ཧིན་སྒོར་ཁྲི་ལས་མི་ཉུང་ཟེར། །
དགོང་མོ་ཆུ་ཚོད་བདུན་པའི་རྗེས་ནས་སྒོ་ལ་ཨ་ཤིང་མནན་པའི་རྗེས། །
མཆོད་ཆང་ལྷ་ཡི་དགའ་མར་རོལ་དུས་རྒད་པོ་ཁོ་ཡང་ལྷ་ཡིན་ཟེར། །
བདེ་སྐྱིད་ལོངས་སྤྱོད་འདི་ལ་བསམ་ན་ཁྱིམ་གཞི་སྡུག་གི་སྣོན་མ་ཟེར། །

འགྲོ་བའི་ཁམས་དབང་བསམ་པ་ཟེར་དུས་མགོ་མཇུག་མེད་པ་ཤ་སྟག་རེད །
ལྕག་ལྕིག་ཁྲོད་ན་ཕག་པ་སྐྱིད་ལ་བྱེ་ཐང་དཀྱིལ་ན་རྔ་མོ་སྤྲོ། །
ར་བཟི་རྒད་པོ་ཆང་ལ་དགའ་ཞིང་ཡུལ་འདིའི་ནང་པ་ཁོང་ལ་དགའ། །
གཞིས་ཀྱི་བུ་ཕྲུག་རྔན་པར་དགའ་ཞིང་ཁྱིམ་གྱི་ཨ་མ་གཡོག་པོར་དགའ། ། (བྷི་ཧར་རྒྱ་གར་བ།)

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག