དྲིན་ཅན་གྱི་བླ་མ་ལགས།
མི་ཚོས་བཤད་སྲོལ་ལྟར། ངས་ཉིན་མཚན་དབྱེར་མེད་ཀུན་ཏུ་མགོ་སྤྱི་གཙུག་ན་ཁྱེད་སྒོམ། ངག་གསོལ་འདེབས་ནས་ཁྱེད་འབོད། ཡིད་སྐྱོ་གདུང་གིས་ཁྱེད་མ་གཏོགས་དྲན་རྒྱུ་མི་འདུག་ཅེས་ངས་བཤད་གཏན་ནས་མི་ཕོད། གང་ཡིན་ཟེར་ན་དེ་ལྟ་བུའི་སྐལ་ལྡན་གྱི་སྐྱེས་བུ་ཞིག་ང་གཏན་ནས་མ་ཡིན་པས་རེད། འོན་ཀྱང་རིན་པོ་ལགས། ཁྱེད་ཀྱི་བཅོས་མིན་བཞིན་གྱི་འཛུམ་མདངས་དྭངས་མ་དེ་ངའི་ཡིད་ངོར་ཡང་སེ་འཆར་འོང་ཞིང་འཆར་རིམ་བཞིན་དུ་དྲན་གདུང་གི་སྐྱོ་སྣང་འགོག་མེད་རེ་སྐྱེ་འོང་བ་ཞིག་རེད། དེ་ནི་ཏན་ཏན་ཉིད་ཀྱིས་ངའི་ལྟོ་སྟོང་ཟས་ཀྱིས་བརྒྱངས་ཞིང་། ཀླད་སྟོང་ཤེས་ཡོན་ཀྱིས་བརྒྱངས་ཏེ་ད་ཆ་འཕྲིན་ཡིག་འབྲི་ཤེས་ཙམ་ཞིག་དང་རང་ཁ་སོས་ཙམ་ཞིག་བྱུང་བའི་བདག་རྐྱེན་དམ་པ་གང་ཉིད་ཁོ་ན་ལ་ཐུག་ཡོད་ཙང་ལོས་ཡིན། དྲན་གདུང་འདི་འདྲ་ཞིག་ནི་བདག་པོ་བོར་བའི་སྒོ་ཁྱི་ཞིག་ལའང་སྐྱེ་ངེས་པས་ངས་སྐྱབས་མ་དྲན་པའི་ཁ་ཕོ་རུ་ནམ་བཤད་མི་འོས་པས་མ་ཚད་ངོ་ཚ་དགོས་པ་ཞིག་རེད་ཨང་།
རིན་པོ་ཆེ་ལགས། ད་རུང་ངས་དྲན་ཆེ་ཤོས་གཅིག་ནི་ཁྱེད་ཀྱིས་རྒྱུན་པར་ཞབས་གཅོང་ཅན་དེ་འདྲུད་ཀྱིན་འདྲུད་ཀྱིན། སྐུ་ངལ་ལྕི་མོ་དེས་དབུགས་ཧལ་བཞིན་ཡོད་ཀྱང་ཁྲི་སྟེང་བུད་དེ་ཆོས་གསུང་རྒྱུ་དེ་གཅིག་རེད། སྐབས་དེར་ཁོ་བོ་ནི་་་སྟབས་ཉེས་དུས་ལུས་ཚོགས་གྲལ་ན་བཞག་སྟེ་སེམས་རྒྱལ་ཁམས་འགྲིམས་པ་དང་ཁ་ནས་གྲལ་རོགས་ཚོར་འཁྱལ་གཏམ་རེ་བཤད། སྟབས་ལེགས་དུས་བླ་མ་སངས་རྒྱས་དངོས་མཐོང་དང་གདམས་ངག་བདུད་རྩི་རུ་མ་གོ་ཡང་། ཁྱེད་ཀྱིས་བབ་ལྕི་བའི་སྐུ་ལུས་དེ་འདྲ་ཞིག་ཁུར་ཏེ་སྡུག་སྣ་མང་གི་བགྱི་བ་དེ་ཙམ་ཞིག་མཛད་པའི་དཀའ་ཐུབ་དམ་པ་དེར་བསམ་བཞིན་བསམ་བཞིན་སྐྱོ་གདུང་འདྲེས་མའི་འཆི་མའི་ཐིག་པ་རེ་ཟུང་ཟག་མྱོང་ཡོད།
རིན་པོ་ཆེ་ལགས། ཐེངས་དང་པོར་ཁྱེད་ལ་ཧིན་སྒོར་བཞི་བརྒྱའི་མ་དངུལ་དང་རྐང་འཁོར་བར་རྙིང་ཞིག་གི་མཐུན་རྐྱེན་ལས་མེད་སྐབས་ནས་སྔ་འགྱུར་བའི་རིང་ལུགས་བསྐྱང་སའི་དགོན་སྡེ་ཞིག་གཟུགས་རྒྱུའི་འཆར་གཞི་དངོས་སུ་བཏིང་ཐུབ་པའི་བློ་སྤོབས་དེར་ཁོ་བོ་ངོ་མཚར་ཞིང་། ད་ཆ་དད་ལྡན་ཆོས་ཀྱི་བསྟི་གནས་དང་། དད་མེད་སྤྲོ་སྐོར་ཡོང་ས། སྡང་ཅན་མིག་སེར་སྐྱེ་ཡུལ་གྱི་མེེ་སུར་རྣམ་གྲོལ་གླིང་ཞེས་གནམ་ས་གཉིས་ན་གྲགས་པའི་གདན་ས་ཞིག དམ་པ་གང་ཉིད་ཁོ་ནས་བགྱི་བ་ལྷུར་བླངས་སྟོབས་ཀྱིས་འཛུགས་སྐྲུན་ཡོངས་སུ་བགྱིས་གྲུབ་པ་དེར་དེ་བས་ཀྱང་ཡིད་སྤྲོ་བ་ཞིག་རེད་ལགས།
རིན་པོ་ཆེ་ལགས། ད་ཆ་གང་ཉིད་ཐག་ཉེ་རིང་གི་ཞིང་ཁམས་གང་ཞིག་ཏུ་བཞུགས་ཡོད་མེད་དང་དུས་ནམ་ཞིག་ལ་མི་ཡུལ་འདིར་ཕྱིར་ཕེབས་མིན་མི་ཤེས་མོད། བརྩེ་བའི་སྤྱན་ཟུང་དང་ཐུགས་རྗེའི་འཁོར་རྒྱ་ལས་ང་ཚོ་ནམ་ཡང་མི་འབོར་བ་ནི་ངའི་ཚོར་སྣང་ཡིན་ལ་ཡིད་ཆེས་ཀྱང་ཡིན་ལགས་རིན་པོ་ཆེ།
འོ་རེད་རིན་པོ་ཆེ། ཉིད་ཀྱིས་དགོངས་མངལ་ལྟར་སྟེང་ལྷ་ཡུལ་ནས་ཤེལ་སྦུབས་ལྟར་གཙང་བའི་སེམས་དཔའ་མི་ཉུང་བ་ཞིག བར་མི་ཡུལ་གྱི་མི་ལྤགས་མནབས་ཚར་རྗེས་མིའི་མནོལ་གྲིབ་ཕོག་སྟེ། དད་ལྡན་སྦྱིན་བདག་ལ་ཧབ་ཐོག་བཀྱེ། དད་རྫས་དཀོར་ནོར་ལ་དེ་བས་རྩོད་། གྲྭ་པ་ལོག་ཀྱང་གྲྭ་ཐོ་ནས་འགྲོ་ཕོད་པས་རྩོད། བཞུགས་ཁྲི་བརྩེགས་ཀྱང་གྲལ་རིམ་མཐོ་དམན་གྱིས་རྩོད། ཁྱིམ་བདག་ལག་ནས་ཆུང་མ་ཕྲོགས་ཏེ་རྩོད། ཁྱི་དང་རུས་པ་རྩོད། ཕྱི་ཡི་གྲུབ་མཐའ་རྩོད་ཅིང་ནང་གི་ཐོབ་ཐང་རྩོད། མདོར་ན་རྩོད་རྩོད་ཀྱིས་རྩོད་ལྡན་སྙིག་མའི་ནམ་ཟླ་ཡིད་སྐྱོ་བ་ཞིག་བསུ་བཞིན་འདུག་པ་འདི་ནི། ཐུབ་བསྟན་སྤྱི་དང་བྱེ་བྲག་ཀུན་ལ་གནོད་ཚབས་ཆེ་བར་དོགས་ཏེ་བདག་འདྲ་མདོ་མེད་ཞིག་ལའང་འཇིགས་སྣང་འགོག་མེད་དུ་སྐྱེ་འོང་བ་ཞིག་རེད།
རིན་པོ་ཆེ་ལགས། ད་རུང་གནས་ཚུལ་གཞན་ཞིག་སྟེ་ཁྱེད་ཀྱིས་ངལ་བ་བརྒྱ་ཕྲག་གིས་བསྐྲུན་པའི་གདན་ས་ཆེན་པོ་འདིའི་བདག་པོ་དང་། དམ་པའི་གདན་རབས་རིམ་བྱོན་གྱི་ཆོས་ཁྲི་མཐོན་པོ་འདིར། མི་ཡུལ་གྱི་མགོ་བདེ་དྲན་འཕྲུལ་ཅན་ག་ཚོད་གཅིག་གིས་མིག་ཅེར་བཞིན་མེད་དམ། ནམ་ཞིག་ན་རྒྱ་བོད་ཧོར་འབྲུག་གི་བུ་ཆུང་སྐྱག་ཤོར་ཞིག་ཁྲི་སྟེང་ན་འཇོག་མི་ཡོང་ངམ། དེ་ནར་སོན་རྗེས་ཁྱེད་ཀྱི་སྐུ་ཚེ་གང་པོ་ཙམ་མ་ཟད་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྗེས་དང་མིང་གྲགས་ཡོད་ཚད་ནག་སུབ་གཏོང་མི་ཡོང་ངམ་སྙམ་པའི་སྐྲག་སྣང་ཞིག་སྐྱེ་བཞིན་འདུག་ལགས་རིན་པོ་ཆེ། གཅིག་བྱས་འདི་ནི་"བསོད་ནམས་ཟད་ཁར་བསམ་ངན་འཁོར་"ཟེར་བ་ལྟར་ཁོ་བོ་རྒྱུད་མ་དག་པའི་རྟོག་འཆར་ལས་ངན་གསོག་སྤྱད་ཙམ་ཡིན་ཡང་སྲིད།
མཐའ་དོན་དེར་ངས་རྗེས་སོར་རིན་པོ་གང་ཉིད་དྲན་ཐེངས་རེར་བློང་བློང་པོའི་སྐྱོ་སེམས་ཀྱི་མཆོད་ཕྲེང་རེ་སྤྲོ་བ་ཙམ་ལས་འཆད་རྩོད་རྩོམ་པས་གཞན་དོན་རླབས་ཆེན་སྒྲུབ་པ་དང་། ཐོས་བསམ་སྒོམ་པས་བདག་རྒྱུད་གྲོལ་ཐུབ་པ་ཞིག་འོང་ཚོད་མི་འདུག་པས་དགོངས་འགལ་ཅིས་ཀྱང་མེད་པར་མཁྱེེན། འོན་ཀྱང་ངས་ཞུ་ནུས་པ་ཞིག་ནི་མི་ཡུལ་ན་འཁྲབ་རྒྱུའི་སྒྱུ་རྩལ་ཡེ་མེད་པའི་འཁོབ་རོ་བདག་ད་རུང་འདི་མུས་ངང་དུ་མི་ཚེའི་གཡར་ཁྲལ་འཇལ་བཞིན་ཚེ་མཇུག་བསྡུ་རྒྱུ་ཡིན་ལགས།
ཁྱེད་ཀྱིས་སློབ་མ་མདོ་མེད་ནས་ཕུལ།
No comments:
Post a Comment
གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག