2012/05/21

གནས་རོགས་མ།

གནས་རོགས་མ།
Hope Sosnovikova. Tibetan girl

སྔོན་བསགས་ལས་དབང་ཞིག་ཀྱང་མི་ཤེས་ཏེ། །
བྱ་རྡོ་ལམ་དུ་ཐུག་པའི་རྐྱེན་དབང་གིས། །
འབག་མོའི་དབུཌ་རྐྱལ་འཁུན་པའི་ལྷ་ཁང་ནས། །
ཁྱེད་དང་ང་གཉིས་གནས་ཆེན་སྐོར་གྲོགས་རེད། །

གཡུ་མགོའི་མེ་ཏོག་བཞད་པའི་ཨ་ཅེ་ཁྱེད། །
བུ་ཆུང་ངུ་སྐད་རྒོད་པའི་ཨ་མ་ཁྱོད། །
ཁྱོ་བོ་ར་བཟི་ཁྲིད་པའི་ལས་ངན་མ། །
དེ་རིང་གློ་བུར་དྲན་དོན་ཅི་ཡིན་ནམ། །



སྐམ་རིད་སྐུ་གཟུགས་མཐོ་བའི་བོང་རིང་མ། །
ཡིད་འོང་བཞིན་གྱི་རྣམ་པ་མི་འཆར་རུང་། །
སྐམ་གྲུག་མཆུ་ཡི་མདབ་མ་འཛུམ་སྲུབས་ནས། །
དུང་སོ་འོད་དུ་འཚེར་བ་བརྗེད་མི་འདུག །

ཚི་དྲེག་རྔམ་ཁ་འཐུག་པའི་སྐེ་ཁུག་ན། །
ཤོག་སྒོར་ཇི་ཙམ་དྲིལ་མིན་མ་ཤེས་ཀྱང་། །
མཐེ་བོང་ནན་གྱིས་བཙོངས་བའི་ཁྱོག་བོ་ལ། །
ཨ་རག་དཀར་པོ་ཉོས་པའི་ཆག་སྒོ་སྟེ། །

རས་གུར་དཀར་པོའི་འོག་གི་མ་བུ་གསུམ། །
མཚན་མོའི་ལྷིང་འཇག་དཀྲོཌ་པའི་ངུ་ཅོར་དང་། །
སྐྱ་རེངས་སྤྱན་མིག་བསྒྲད་དུས་ཨ་ཅེ་ཁྱེད། །
ཁ་མིག་ཁྲག་གིས་འབྱར་བའི་སྣང་བརྙན་དྲན། །

རྡུང་རྡེག་ངུ་འཚེར་རྣ་བས་མ་བཟོད་ཀྱང་། །
རྙོག་སྒྲའི་སྒམ་ཆུང་འབྱེད་པར་མ་ཕོད་དེ། །
གཉིད་རྫུའི་ཕག་ཏུ་སྐྱ་རེངས་བསྒུགས་པ་ཡི། །
ཐ་ཤལ་ཁོ་བོར་བསམ་བཞིན་ཞེ་རེ་ཁྲེལ། །

ཏི་སེ་གངས་ཀྱི་རི་ལ་དཔང་བཙུགས་ཏེ། །
ཁྱོ་བོས་ཁྱོད་རང་དོར་བའི་ཉིན་མོ་དེར། །
མགྲིན་པ་མཆི་མས་བརྣངས་བའི་ཨ་ཅེ་ཁྱོད། །
མིག་ཆུའི་ཟིལ་བ་འཐོར་བ་ད་རུང་དྲན། །

སྤྲིན་བར་ཉི་འོད་འཐོར་བའི་ཞོགས་པ་རུ། །
རླུང་བུས་ཞྭ་མོ་ཁྱེར་བའི་རི་སྒང་ན། །
དྲི་ཞིམ་གངས་སྤོས་འཐུ་རུ་སོང་ཉིན་མོ། །
ར་ཞོ་སྐྱུར་མོ་འཐུང་བ་བརྗེད་མི་འདུག །

མེ་ཏོག་རི་མོ་བཀྲ་བའི་གུར་ཆུང་ན། །
མ་བུ་གཉིད་ལ་ཡོར་བའི་དགོང་ཀ་དེར། །
བཙན་གྱི་ཕོ་ཉ་འདྲ་བའི་ཁྱོ་བོ་དེ། །
གློ་བུར་ཐོག་བཞིན་པ་བབས་སུ་ཡིས་འགོག །

2 comments:

  1. ཨ་རོག ཅི་འདྲའི་ཆ་མ་སྙོམས་པའི་འཇིག་རྟེན་ཞིག་རེད། རྩོམ་ཡིག་ཚར་གསུམ་བཀླགས་ཡོད། འོན་ཀྱང་ཚོར་བ་དེ་དང་དོན་རྐྱེན་དེའི་ཁྲོད་དུ་སེམས་པ་འདི་ཇེ་ཐིམ་རེད། ད་ནི་འདི་ནས་ཀློག་མཚམ་འཇོག་གི་ཡིན། རྒྱུ་མཚན་ནི་དོ་དགོང་ངས་མིག་ཆུ་གཏོང་མི་འདོད་དུ་ཡ།

    ReplyDelete
  2. འཆམ་ར་བ་ལགས།
    ཞིབ་ཕྲ་བཤད་ན་ད་རུང་དེ་ལས་ང་ཡ་བའི་གནས་ཚུལ་ཤ་གཅིག་རེད་མོད།
    ངས་ཀྱང་བཤད་མི་ཐུབ་མ་སོང་།

    ReplyDelete

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག